ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱི་སྐྱེས་ཁམས་ཁོར་ཡུག་བཟང་པོ་བྱུང་།
སྤེལ་དུས 2022-10-18
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
2022ལོའི་ཟླ10པའི་ཚེས10ཉིན། བོད་རང་སྐྱོང་ལྗོངས་ཀྱིས“བོད་ལྗོངས་ཀྱི་ལོ་བཅུ་པོ་འདི་དག”ཞེས་པའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་གསར་འགྱུར་མགྲིན་ཚབ་པ་དང་། ཏང་ཙུའུ་ཡི་ཁོངས་མི། ཐིང་ཀྲང་གཞོན་པ་བཅས་ཡིན་པའི་ཧྲུའེ་ཡན་ཕིང་གིས་ངོ་སྤྲོད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར127བཏང་ནས《བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་བསྟར་གཏིང་ཟབ་བྱས་ཡོད། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ཤིང་འཛུགས་ནགས་བཟོའི་འདུ་འགོད་ལག་ལེན་བསྟར་ནས“ལྗོན་ཤིང་མེད་པའི་གྲོང་ཚོ”དང“ལྗོན་ཤིང་མེད་པའི་དུད་ཚང”མེད་པ་བཟོས་པ་དང་། ནགས་ཚལ་ཁྱབ་ཚད12.31%བར་མཐོ་རུ་ཕྱིན་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད47.14%ཟིན་པ་བཅས་རེད། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས81ལེགས་སྒྲིག་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་ཐུབ་ནས་མང་དུ་ཕྱིན་ཡོད། ཁྲུང་ཁྲུང་མཇིང་ནག་ཁྲི1ལྷག་ཙམ་མང་དུ་ཕྱིན་པ་དང་། གཙོད་ཁྲི30ལྷག་ཙམ་མང་དུ་ཕྱིན་པ། སྤྲེའུ་གདོང་དཀར་སོགས་སྐྱེ་དངོས་རིགས་གསར་པ5དང་བྱིའུ་ཏུང་ཀེ་ལིན་དབྱིང་སོགས་སྲོག་ཆགས་ཀྱི་ཟིན་ཐོ་གསར་པ5བཀོད་ཡོད།
ལོ་བཅུའི་རིང་བོད་ལྗོངས་ཀྱིས་སྐྱེ་ཁམས་དམངས་ཕྱུག་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ནས་ནགས་ཚལ་དང་། རྩྭ་ཐང་། འདམ་ར། གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་བཅས་ཀྱི་སྐྱེ་ཁམས་ཁ་གསབ་དོན་འཁྱོལ་བྱས་ཏེ། རྫོང5རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་ནང་བཅུག་པ་དང་སྲིད་ཇུས་དང་མཐུན་པའི་སྤྱི་ཕན་ནགས་ཚལ་གསར་པ་རྒྱལ་ཁབ་ཀྱི་ཁ་གསབ་ཁྱབ་ཁོངས་ནང་འཇུག་རྒྱུར་སྐུལ་འདེད་བཏང་ཡོད། བོད་ལྗོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན50%ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཁྱབ་ཁོངས་སུ་བཅུག་ཡོད།
བརྒྱུད་རིམ་ལྡན་པའི་ངང་འབག་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བའི་ཐད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མཁའ་རླུང་ཁོར་ཡུག་སྤུས་ཚད་ཀྱི་ཆ་སྙོམས་ཕུལ་བྱུང་ཉིན་གྲངས99%ཡན་རྒྱུན་འཁྱོངས་ཐུབ་པ་དང་། གཙང་པོ་དང་། མཚོ། མཚེའུ་བཅས་གཙོ་བོའི་ཆུའི་སྤུས་ཚད་རིགས་གསུམ་གྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་ཅིང་། ས་ཁུལ་དང་གྲོང་ཁྱེར7གྱི་སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང)གནས་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད100%ཟིན་པ་དང་། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་པོ་བཅས་བྱུང་ཡོད།
རྩོམ་སྒྲིག་པ། སྣང་རྡོར།