ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ་བཅུའི་རིང་བོད་ལྗོངས་ཀྱི་མི་རེའི་ཡོང་འབབ་སྒོར16382འཕར་བ།

སྤེལ་དུས 2022-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཚེས11ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“བོད་ལྗོངས་ཀྱི་ལོ་བཅུ་པོ་འདི་དག”གི་བསྡོམས་རྩིས་ཅུས་ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།  ལྗོངས་བསྡོམས་རྩིས་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་བསོད་ནམས་བཀྲ་ཤིས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཧུར་ཐག་ཞུགས་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ། མཐུན་སྒྲིལ་དང་། འབྱོར་ཕྱུག  ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།2012ལོ་ནས2021ལོའི་བར།  ལྗོངས་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར8568ནས་སྒོར24950བར་མང་དུ་སོང་བ་དང་།  རིམ་རྩིས་བྱས་ན་སྒོར16382མང་དུ་སོང་ནས་ལོ་རེར་ཆ་སྙོམས12.6%འཕར་ཞིང་།  དུས་མཚུངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་གྲངས4.9ལས་མགྱོགས་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱིས་རྒྱལ་ཡོངས་ཀྱི་བསྡུར་ཚད་ཀྱི51.9%ནས71.0%བར་འཕར་ཡོད་པ་རེད།
         བསོད་ནམས་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན། ལོ་བཅུ་པོ་དེའི་རིང་། བོད་ལྗོངས་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྱུར་གསར་པ་བྱུང་ཡོད།  2021ལོར་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར164.12དང་།  ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར757.28དང་།   ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར1158.77བཅས་ཟིན་པ་དང་།  ཐོན་ལས་གསུམ་གྱིས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཁྲོད་བཟུང་བའི་བསྡུར་ཚད་དེ2012ལོའི10.6%དང་།  10.6:31.8:57.6བཅས་བར་ལེགས་སྒྲིག་བྱས་པ་དེ7.9:36.4:55.7བཅས་ལ་ལེགས་སྒྲིག་བྱས་པ་དང་། ཐོན་ལས་དང་པོས་བཟུང་བའི་བསྡུར་ཚད་དེ་བརྒྱ་ཆའི་གྲངས2.7ཆག་པ་དང་།  ཐོན་ལས་གཉིས་པས་བཟུང་བའི་བསྡུར་ཚད་དེ་བརྒྱ་ཆའི་གྲངས4.6འཕར་བ།  ཐོན་ལས་གསུམ་པས་བཟུང་བའི་བསྡུར་ཚད་དེ50%ཡན་རྒྱུན་འཁྱོངས་ཐུབ་པ།  དཔལ་འབྱོར་གྲུབ་ཆ་དེ་བས་ལུགས་མཐུན་དུ་གྱུར་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་བཅས་བྱུང་ཡོད།
         ལོ་བཅུའི་རིང་། གྲོང་མིའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། འཛད་སྤྱོད་ཀྱི་གཏོང་སྒོ་ནས་བལྟས་ན།2021ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་ཀྱི་གཏོང་སྒོ་སྒོར28159ཟིན་ནས་ལོ་རེར་ཆ་སྙོམས10.8%འཕར་བ་དང་། 2021ལོར་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཛད་སྤྱོད་ཀྱི་གཏོང་སྒོ་སྒོར10577ཟིན་ནས་ལོ་རེར་ཆ་སྙོམས15.2%འཕར་ཡོད། འཛད་སྤྱོད་ཀྱི་གྲུབ་ཆའི་ཐད་ནས་བལྟས་ན། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཟའ་བཅའ་དང་། ཐ་མག ཨ་རག གྱོན་ཆས་བཅས་ཀྱི་འཛད་སྤྱོད་ཀྱི་བསྡུར་ཚད་ཟམ་མི་ཆད་པར་ཆག་པ་དང་། སྡོད་གནས་དང་། འགྲིམ་འགྲུལ་འཕྲིན་གཏོང་། སློབ་གསོ་རིག་གནས་རོལ་རྩེད། སྨན་བཅོས་དང་ལུས་ཁམས་བདེ་སྲུང་གི་འཛད་སྤྱོད་བཅས་ཀྱི་འགྲོ་གྲོན་གྱིས་བཟུང་བའི་བསྡུར་ཚད་རྒྱུན་མཐུད་ངང་འཕར་ཡོད། འཚོ་བའི་སྤུས་ཚད་ཐོག་ནས་བལྟས་ན། 2021ལོར་བོད་ལྗོངས་ཀྱི་གྲོང་མི་ཡོངས་ལ་དུད་ཚང་བརྒྱ་རེར་ཁྱིམ་སྤྱོད་རླངས་འཁོར38.9དང་། གོས་འཁྲུད་འཕྲུལ་འཁོར92དང་། སྒུལ་བདེའི་ཁ་པར་གྲངས་འབོར200ལྷག་ཙམ་ཟིན་ཡོད། འགན་བཅོལ་ནང་ཞུགས་མཁན་མི་གྲངས་ལ་བལྟས་ན། 2021ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་གཞི་རྩའི་རྒན་གསོ་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི205.14དང་མི་ཁྲི346.02ཟིན་པ་དང་། ལས་རྨས་དང་། ལས་ཤོར། བུ་བཙའ་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི43.87དང་། མི་ཁྲི29.6དང་། མི་ཁྲི41.62བཅས་སོ་སོར་ཟིན་ཡོད།
         ལོ་བཅུའི་རིང་། བོད་ལྗོངས་ཀྱི་ལས་ཞུགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།2021ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ལས་ཞུགས་མི་གྲངས་ཁྲི196ཟིན་པ་དེ2012ལོ་ལས་མི་ཁྲི22མང་དུ་ཕྱིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་མི་གྲངས་དེ2012ལོའི་མི་ཁྲི45ནས2021ལོའི་མི་ཁྲི69.3བར་མང་དུ་སོང་ནས54%འཕར་ཡོད།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་ལོ་བཅུ་བསྟུད་མར་སྐབས་བསྟུན་གཙང་བཟོ་ཐུབ་པ་དང་།  རིམ་རྩིས་བྱས་ན་དུད་ཚང4000ཡན་གཙང་སེལ་བྱས་ཡོད།  ཉེ་བའི་ལོ་ལྔའི་རིང་།  ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད95%ཡན་རྒྱུན་འཁྱོངས་ཐུབ་པ་དང་ཁྲོམ་རར་ལས་ཞུགས་ཐུབ་ཚད70%ཡན་ཟིན་ཡོད། དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་ལས་ཞུགས་མི་གྲངས་ལོ་རེ་བཞིན་མང་དུ་འགྲོ་བའི་གནས་ཚུལ་འོག ཐོན་ལས་དང་པོའི་ལས་ཞུགས་མི་སྣའི་ལོ་མཇུག་གི་མི་གྲངས་ལོ་རེ་བཞིན་ཆག་པ་དང་།  ཐོན་ལས་གཉིས་པ་དང་གསུམ་པའི་ལས་ཞུགས་མི་སྣའི་བསྡུར་ཚད་བརྒྱ་ཆའི་གྲངས2.2དང8.2སོ་སོར་འཕར་ནས་གྲོང་མིའི་ལས་ཞུགས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།
         བསོད་ནམས་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་འབད་འབུངས་ཡར་བརྩོན་དང་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་བལྟས་ཚེ། འབད་འཐབ་དང་གྲུབ་འབྲས་བོད་ལྗོངས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པ་དང་།  གངས་ལྗོངས་ས་མཐོའི་ས་གཞི་གང་སར་ཁྱབ་ནས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་བརྟན་པོར་ངེས་ཡོད།  རྒྱང་ལམ་གསར་པའི་ཐོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་ཐུབ་པ།  བློ་གཅིག་སེམས་གཅིག་དང་།  དཀའ་སྤྱད་འབད་བརྩོན།  ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཚེ།  བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དེ་བས་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ངེས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་ངེས་རེད།
རྩོམ་སྒྲིག་པ། སྣང་རྡོར།