ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

བོད་ལྗོངས་ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་བཅུ།

སྤེལ་དུས 2022-10-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       ལོ་ངོ་བཅུའི་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཕྱོགས་བསྡུས་དངོས་ཤུགས་དང་། རྨང་གཞིའི་སྒྲིག་བཀོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད། ཐོན་ལས་མ་ལག མཐའ་མཚམས་འཕེལ་རྒྱས། འབྱུང་ཁམས་ཤེས་དཔལ། སྒྱུར་བཅོས་སྒོ་དབྱེ་སོགས་ལ་དགའ་འོས་པའི་གྲུབ་འབྲས་མང་དག་ཅིག་ཐོབ་ཡོད།
       གསར་འགོད་པར་སྤྱི་ཚེས་29ཉིན་སྐོང་འཚོགས་བྱས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2021ལོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཁྱོན་བསྡོམས་སྒོར་དུང་ཕྱུར་237.27ཟིན་པ་དེ་སྤྱི་ལོ་2012ལོ་དང་བསྡུར་ན་སྒོར་དུང་ཕྱུར་164.2འཕར་བ་དང་། དེ་ནི་སྤྱི་ལོ་2012ལོའི་ལྡབ་3.2ཡིན་པ་དང་ལོ་རེར་ཆ་སྙོམས་9.8%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཁག་སོ་སོ་སྒོར་དུང་ཕྱུར་8.99དང་།སྒོར་དུང་ཕྱུར་112.33 སྒོར་དུང་ཕྱུར་115.95ཟིན་པ་དེ་སྤྱི་ལོ་2012ལོའི་ལྡབ་1.9དང་། ལྡབ་3.3 ལྡབ་3.3བཅས་ཡིན་པ་རེད།
       ལོ་ངོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཆེན་པོ་བྱུང་ཞིང་། ཆུ་བེད་དང་། ལྕགས་ལམ། གཞུང་ལམ། གློག་དྲ། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་དྲ་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1800ལྷག་ཙམ་བཏང་བ་དང་། ཆུ་གློག་ལམ་གསུམ་དང་། གློག་འཕྲིན་དང་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་ཚང་དུ་བཏང་ཡོད། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཐོག་མའི་ཆ་ནས་གྲུབ་ཅིང་། ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་སྒུག་ཁང་T3པའི་བསྐྱར་སྐྲུན་ལས་གྲྭ་དང་། ལྷ་ཉིང་ལྕགས་ལམ། རྩེད་གོང་རིམ་མཐོའི་གཞུང་ལམ་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། ལྷུན་རྩེ་གནམ་ཐང་དུ་གནམ་གྲུ་ཚོད་ལྟའི་འཕུར་སྐྱོད་ལམ་ལྷོངས་བྱུང་ཡོད། ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཤང་དུ་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལོ་2012ལོའི་སྤྱི་ལེ་6421ནས་སྤྱི་ལོ་2021ལོའི་སྤྱི་ལེ་9442བར་མང་དུ་ཕྱིན་ཡོད་པ་རེད། ཆུ་བེད་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཡར་ཀླུང་ཆུ་མཛོད་དང་། གཙང་པོའི་བྱང་རྒྱུད་ཀྱི་ཞིང་ཆུ་འདྲེན་ཁུལ་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་བསྐྲུན་ཟིན་ནས་བེད་སྤྱོད་བྱས་པས་ཞིང་ཆུ་འདྲེན་གཏོང་ལ་འགན་ལེན་ཐུབ་ཚད་དང་དེ་བཞིན་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་ཁྱབ་ཚད་ཁག་སོ་སོ་85%དང་100%ཟིན་ཡོད། ཆ་འཕྲིན་འཕྲིན་གཏོང་གི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་སྲིད་འཛིན་གྲོང་ཚོ་ཁག་ལ་འཕྲིན་གཏོང་ཐུབ་ཚད་དང་། ཁ་པར་ཤར་གཏོང་ཐུབ་ཚད། འོད་སྐུད་དྲ་རྒྱའི་ཁེབས་ཚད། རྫོང་དང་ཆུས་ཀྱི་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་ཁྱབ་ཚད་བཅས་ཚང་མ་100%ཟིན་པ་དང་G4དྲ་རྒྱ་གྲོང་ཚོ་ཡོངས་སུ་ཁྱབ་ཡོད་པ་རེད།
       ལོ་ངོ་བཅུའི་རིང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་དེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོ་སྒོར་43100དང་སྒོར་18435ཟིན་པ་དང་། ལྷོ་ཁ་གྲོང་ཁྱེར་ཡོངས་སུ་བུ་བཅོལ་ཁང་302ཟིན་པ། སློབ་ལོ་མ་ལོན་གོང་གི་སློབ་ཞུགས་91.3%ཟིན་པ། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱལ་ཁབ་ཀྱི་དཔྱད་དཔོག་ཁས་ལེན་ཐོབ་པ། མཐོ་རྒྱུགས་ནང་ཞུགས་ཚད་93.3%ཟིན་ཡོད་པ་རེད།
       ལོ་ངོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་རི་བོ་སྔོ་ཞིང་ཆུ་མོ་དྭངས་གཙང་ཡོང་བ་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་རི་འཁྱག་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་མཛེས་སྡུག་ལྡན་པའི་ལྷོ་ཁ་འཛུགས་སྐྲུན་བྱ་རྒྱུར་རྒྱུན་བསྲིངས་ལྷོད་མེད་ངང་སྐུལ་འདེད་བཏང་ཡོད། ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་འབྱུང་ཁམས་བར་ཁྱམས་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལེ་དབར་བརྒྱའི་འབྱུང་ཁམས་བར་ཁྱམས་ཧུར་ཐག་བཏོད་པ། རྒྱལ་ཁབ་ཀྱི་ས་ཆ་ལྗང་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཙང་པོ་གཉིས་དང་ཆུ་བོ་བཞིའི་ནགས་བཟོ་དང་། འདམ་ར་སྲུང་སྐྱོང་ཉམས་གསོ། ས་ཞིང་ཞན་འགྱུར་དང་བྱེ་འགྱུར་སོགས་ཀྱི་སླར་གསོའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རོང་ཁུལ་དུ་གོང་དཀར་ནས་ཟངས་རི་བར་གྱི་ལམ་དུམ་བུར་རྒྱ་ཁྱོན་མུའུ་ཁྲི་50ཙམ་གྱི་ལྗང་མདོག་བར་ཁྱམས་བསྐྲུན་པས་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་དགུན་དཔྱིད་གཉིས་རིང་བྱེ་རླུང་ལྡང་བའི་གནམ་གཤིས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།