མཛེས་སྡུག་ལྡན་པའི་ཁྲུང་ཆིང་ཧོང་ཧྲུའེ་གྲོང་རྡལ་དུ་བོད་ལྗོངས་ཆབ་མདོ་ནས་ཡོང་བའི་ཁམས་པའི་བུ་མོ་ཚེ་དབང་ཆོས་མཚོས་རང་ཉིད་ཀྱི་འགྱུར་མེད་ལྷག་བསམ་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུས་ཏེ་མི་སེམས་འགུལ་བའི་ལང་ཚོའི་གླུ་དབྱངས་ཤིག་རྩོམ་བཞིན་ཡོད།
2022ལོའི་ཟླ་8པ། ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཧོང་ཧྲུའེ་གྲོང་རྡལ་གྱིས་ཧོང་ཧྲུའེ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་སྐྲུན་བཞིན་ཡོད་པ་དང་། ཉིན་གུང་གི་དུས་སུ། ཕྱོགས་བསྡུས་འཕྲལ་སྡོམ་གཞུང་དོན་ཁང་གི་ཀྲུའུ་རེན་རན་ཁྲུན་ཧའེ་ཡིས་ཚེ་དབང་ཆོས་མཚོ་ཁྲིད་དེ་པི་ཙི་ཁ་ལུའེ་ཀུང་ནགས་ཚལ་སྤྱི་གླིང་དུ་རྒྱུན་ལྡན་གྱི་སྐོར་ཞིབ་བྱེད་བཞིན་ཡོད།
ཚེ་དབང་ཆོས་མཚོ་འདི་ལོ་ལོ་25ལ་སླེབས་ཤིང་། ཁོང་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་ཁམས་པའི་བུ་མོ་ཞིག་ཡིན། 2021ལོར་ཁོང་ལ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་གོ་སྐབས་བཟང་པོ་ཐོབ་ནས་ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཧོང་ཧྲུའེ་གྲོང་རྡལ་མི་དམངས་སྲིད་གཞུང་འཕྲལ་སྡོམ་གཞུང་དོན་ཁང་གི་ལས་བྱེད་པ་ཞིག་ཏུ་གྱུར་བ་རེད། ཁོང་ཁ་གསང་བའི་སྒང་ལ་སེམས་རྩ་ཧ་ཅང་འཁོལ་པོ་ཡོད་པ་མ་ཟད། དེ་སྔ་ཧྲའོ་ཤིང་དང་པེ་ཅིང་དུ་ལོ་10རིང་སློབ་སྦྱོང་དང་འཚོ་བ་བསྐྱལ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། དེ་གར་ལས་ཀ་བྱས་ནས་ལོ་གཅིག་ལྷག་ཙམ་ལས་སོང་མེད་ནའང་། ཚང་མ་དང་གོམས་འདྲིས་སུ་གྱུར་ཞིང་ལས་ཀ་ཡང་ཤིན་ཏུ་འཇོན་པོ་ཡོད་པ་རེད། ཚེ་དབང་ཆོས་མཚོ་ཡི་དྲན་གདུང་སེལ་ཆེད། དུས་ཆེན་སོགས་ཀྱི་སྐབས་ལ་དེ་གའི་འགོ་ཁྲིད་དང་ལས་རོགས་ཚོས་ཁོང་དང་འདྲ་བའི་ས་ཆ་གཞན་ནས་ཧོང་ཧྲུའེ་རུ་ལས་ཀ་བྱེད་པར་སླེབས་པའི་ལས་བྱེད་པ་རྣམས་ཁྱིམ་དུ་འབོད་ནས་མཉམ་དུ་དུས་ཆེན་དགའ་གཏོང་བྱེད་ཀྱི་ཡོད།

ད་ཆ། ཚེ་དབང་ཆོས་མཚོས་འཕྲལ་སྡོམ་དོ་དམ་དང་། བདེ་འཇགས་ཐོན་སྐྱེད། གེགས་འགོག་གེགས་སེལ་བཅས་དང་དེ་བཞིན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་སྡེ་ཚོགས་སོགས་ཀྱི་ལས་དོན་མང་པོ་ཁོང་དུ་ཆུད་ཡོད། རྒྱུན་ལྡན་གྱི་ལས་ཀ་ཕུད། ཁོང་ནི་ད་དུང་སྤྱི་ཕན་དགེ་སྒྲུབ་ཀྱི་ལས་ལ་སྤྲོ་སེམས་ཆེ་བའི་བུ་མོ་སེམས་བཟང་ཅན་ཞིག་རེད། ཐེན་ཆན་ལིའུ་ནི་ཁོང་གིས་རོགས་རམ་བྱེད་སའི་ཐེམ་དུད་ཡིན། ཁྱིམ་ཚང་གི་གནས་ཚུལ་དམིགས་བསལ་ཡིན་པ་དང་། བུ་ཕྱིར་གླ་པ་རྒྱུག་གི་ཡོད། ཐེན་ཆན་ལིའུ་གཅིག་པུ་ཧོང་ཧྲུའེ་ནས་བར་ཐག་སྤྱི་ལེ་30ལྷག་ཙམ་ཡོད་པའི་གཡོད་ལའེ་གྲོང་རྡལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ཚེ་དབང་ཆོས་མཚོས་ལས་ཞོར་དུ་རྟག་པར་ཐེན་ཆན་ལིའུ་ལ་རོགས་པ་བྱེད་པར་འགྲོ་གི་ཡོད། ཚེ་དབང་ཆོས་མཚོས། ཧོང་ཧྲུའེ་གྲོང་རྡལ་གྱི་མང་ཚོགས་ཐུགས་རྒྱུད་བཟང་ཞིང་སེམས་རྩ་འཁོལ་པོ་ཡོད། ཨ་ཁུ་ཐེན་ལགས་ཀྱང་དེ་ལྟར་ཡིན། ངས་གང་ཐུབ་ཅི་ཐུབ་ཀྱིས་ཁོང་ལ་རོགས་པ་བྱེད་ཀྱི་ཡོད། འདི་ནི་གཞི་རིམ་ལས་བྱེད་པ་ཞིག་གིས་སྒྲུབ་འོས་པའི་བྱ་བ་ཞིག་རེད་ཅེས་གསུངས།
འདི་ལོའི་ཟླ་བ་བདུན་པར། འགོ་ཁྲིད་དང་ལས་རོགས་ཚོའི་མཚམས་སྦྱོར་འོག ཚེ་དབང་ཆོས་མཚོ《ཧྲི་ཀྲུའུ་ཡི་དྲོད་འཁོལ》ཞེས་པའི་དྲིལ་བསྒྲགས་བརྙན་པར་ཕབ་ལེན་གྱི་ལས་ཀའི་ནང་ཞུགས་ནས་ཧོང་ཧྲུའེ་གྲོང་རྡལ་གྱི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱེད་པའི་གཟུགས་བརྙན་འཐུས་ཚབ་ཏུ་གྱུར་ཡོད། རན་ཁྲུན་ཧའེ་ཡིས་ཚེ་དབང་ཆོས་མཚོ་ནི་བོད་རིགས་བུ་མོ་ཕུལ་བྱུང་ཞིག་རེད། ལམ་ཐག་རིང་པོར་མ་འཛེམས་པར་ང་ཚོ་ཧོང་ཧྲུའེ་གྲོང་རྡལ་དུ་ལས་ཀ་བྱེད་པར་ཕེབས་ཡོད། ཁོང་ནི་ཐུགས་རྒྱུད་བཟང་ལ་འཇོན་ཐང་ཆེ་བའི་བུ་མོ་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།
ད་ཆ། ལྗོངས་ཕྱིར་ལས་ཞུགས་བྱེད་པ་དེ་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་རྒྱལ་ཡོངས་སུ་སྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་ཚུད་པའི་བོད་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་མ་མཐའི་གླ་ཕོགས་ཀྱི་ཐོབ་ཐང་དང་། འགྲིམ་འགྲུལ་ཁ་གསབ་དང་། ལྗོངས་ཕྱིའི་ལས་ཞུགས་སྔོན་ཐོན་ཁྱིམ་ཚང་གི་བྱ་དགའ། སྡོད་ཁང་གི་ཁ་གསབ་མཐོ་རུ་གཏོང་རྒྱུ་སོགས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན་པ་དང་། ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་ཐོན་སློབ་མ་དེ་བས་མང་བ་ལྗོངས་ཕྱིར་ལས་ཞུགས་བྱས་ནས། རང་ཉིད་ལ་སྦྱོང་བརྡར་ཐེབས་པ་དང་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་གར་སྟེགས་དེ་བས་ཆེ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ལྕག་བྱས་ཡོད། ཚེ་དབང་ཆོས་མཚོ་ཡིས་ཁྲུང་ཆིང་གི་མི་ནི་བག་ཕེབས་སྤྲོ་སྣང་ལྡན་པ་དང་། ཁྲུང་ཆིང་གི་གྲོང་ཁྱེར་འདི་ཁོང་ཡངས་བརྩེ་བས་ཁེངས་པ་ཞིག་ཡིན་པས། ང་གནས་འདིར་ཧ་ཅང་དགའ་པོ་ཡོད། སླད་ཕྱིན་ངས་མུ་མཐུད་འབད་བརྩོན་ཆེན་པོས་ཡུལ་འདིའི་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ནས།འགོ་ཁྲིད་དང་ཁྱིམ་མིས་ང་ལ་བཅངས་པའི་རེ་བ་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།