ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > པར་རིས་གསར་འགྱུར།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་འཐུས་ཚབ་ཚོགས་པས“དུས་རབས་གསར་བར་འབད་པའི་བསྐྱོད”ཅེས་པའི་བརྗོད་གཞིའི་གྲུབ་འབྲས་འགྲེམས་སྟོན་ལ་བལྟས།

སྤེལ་དུས 2022-10-21 ཡོང་ཁུངས། ཀྲུང་གོ་བོད་ལྗོངས་ཀྱི་དྲ་བ། རྩོམ་པ་པོ།


            ཚེས17ཉིན་གྱི་དགོང་མོར། ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་འཐུས་ཚབ་ཚོགས་པས་པེ་ཅིན་འགྲེམས་སྟོན་ཁང་དུ“དུས་རབས་གསར་བར་འབད་པའི་བསྐྱོད”ཅེས་པའི་བརྗོད་གཞའི་གྲུབ་འབྲས་འགྲེམས་སྟོན་ལ་མཉམ་དུ་བལྟས་ནས། དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་ཇེ་བརྟན་དུ་ཕྱིན་ཡོད།

           འཐུས་མི་ཚོས་ལྟ་སྐོར་ལམ་ཐིག་བརྒྱུད་དེ་འགྲེམས་ཁུལ་རེ་རེར་སོང་ནས་ནན་ཏན་ངང་འགྲེལ་བཤད་ལ་ཉན་པ་དང་འགྲེམས་སྟོན་ལ་བལྟས་བས། རླབས་ཆེན་གྱི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་བ་དང་འབྲེལ་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་ཐུབ་ཡོད། འགྲེམས་སྟོན་དུ“དུས་རབས་གསར་བར་འབད་པའི་བསྐྱོད”ཅེས་པའི་བརྗོད་གཞིར་དམ་པོར་དམིགས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་གཙོ་ཐིག་ཏུ་བྱེད་པ་དང། དུས་རབས་གསར་པའི་ལོ་ངོ་བཅུའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དང་འཕོ་འགྱུར་རླབས་པོ་ཆེར་དམིགས་ནས། པར་རིས་དང་དངོས་པོ། འདྲ་དཔེ་སོགས་འགྲེམས་སྟོན་གྱི་འགྲེམས་རྫས6000ལྷག་ལ་བརྟེན་ནས། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ངོ་བཅུར་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད་ཅིང་། དུས་རབས་གསར་པའི་ཀྲུང་གོའི་ས་གཞི་ཆེན་མོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་མྱོང་ཚོར་གཏིང་ཟབ་བྱུང་དུ་བཅུག

           བོད་ལྗོངས་འགྲེམས་ཁུལ་དུ་འཐུས་མི་ཚོས་ལྟ་ཞིབ་ཡང་ཡང་བྱས་པ་མ་ཟད་འབྲེལ་ཡོད་གནས་ཚུལ་དྲིས་ནས་རང་ཉིད་ཀྱི་བྱ་བ་དང་འཚོ་བའི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་ལོངས་སྤྱོད་བྱས་པ་རེད། ཚང་མས་མགྲིན་གཅིག་ཏུ་དུས་རབས་གསར་པའི་ལོ་ངོ་བཅུའི་རིང་། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དུས་བཅད་ལྟར་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་དུས་བཅད་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པས། བྱ་གཞག་ཁག་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་རབ་དང་རིམ་པ་ཐོབ་པ་དང་། གངས་ལྗོངས་མཐོ་སྒང་དུ་མཛེས་སྡུག་ལྡན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་དྲག་ཏུ་ཕྱིན་པ་བསྟན་ཡོད།

           བོད་ལྗོངས་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གསལ་བཏོན་པའི་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཏོད་པར་ཤུགས་སྣོན། མཐོ་སྒང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་སྔོན་སྤེལ་ཁུལ་བཏོད་པར་ཤུགས་སྣོན། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་པར་ཤུགས་སྣོན། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཏོད་པར་ཤུགས་སྣོན། བོད་ལྗོངས་ཡུན་རིང་བདེ་བཀོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་དང་འབད་འབུངས་བྱེད་དགོས་ཞེས་གསུངས། །

རྩོམ་སྒྲིག་པ།  རིག་གྲོལ།