འཕོ་འགྱུར་བརྗོད་ཅིང་བདེ་སྐྱིད་གླེང་།
ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་གྱི་བོད་ལྗོངས་ཀྱི་འཐུས་མི་ཚོ་ནི་ལས་རིགས་ཁག་དང་འཐབ་ཕྱོགས་མི་འདྲ་བ་ནས་ཡོང་བ་ཤ་སྟག་ཡིན་ཞིང་། ཁོང་ཚོས་ཐེངས་འདིར་རང་ཉིད་ལ་དོན་སྙིང་ཆེན་པོ་ལྡན་པའི་རྒྱན་གོས་དག་གྱོན་ཡོད། རྒྱན་གོས་དེ་དག་ནི་ཁོང་ཚོའི་མི་ཚེའི་སྤོབས་སེམས་ཀྱི་འབྱུང་ཁུངས་ཡིན་ཞིང་། བོད་ལྗོངས་ཀྱི་ལས་རིགས་ཁག་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔེ་མཚོན་གསོན་པོའང་ཡིན།
ཚེ་རིང་ལྷ་མོ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་སློབ་སྤྱི་ཚེ་རིང་ལྷ་མོས་གསུངས་དོན།
ཞྭ་མོ་འདི་ནི་ང་ཚོ་ནག་ཆུ་ཨ་མདོའི་ཞྭ་མོ་རེད། ང་རང་སློབ་གྲྭ་ཐོན་མ་ཐག་ཨ་མདོར་ལས་བགོས་བརྒྱབ་བྱུང་། ཨ་མདོར་ས་བབ་མཐོ་ཚད་སྨི4500ཡོད་ལ་གྲང་ངར་ཧ་ཅང་ཆེན་པོ་ཡོད། ཞྭ་མོ་འདི་ངའི་སློབ་མ་ཁག་དང་པོ་དེ་སློབ་གྲྭ་ཐོན་ཁར་ང་ལ་ལག་རྟགས་སྤྲད་ནས་ད་བར་ལོ26སོང་འདུག
འདས་ཟིན་པའི་ལོ26ནང་། འཐུས་མི་ཚེ་རིང་ལྷ་མོས་ཚར་ཞྭ་འདི་ཉར་ཚགས་ལེགས་པར་བྱས་པས། ཁ་དོག་ལེགས་ལ་ཚ་རུ་དཀར་འཇམ་ལྡན་པས་ཕལ་ཆེར་ཁ་སང་བཟོས་པ་དང་གཉིས་སུ་མ་མཆིས། ཚར་ཞྭ་ཕུད་ད་དུང་སྒྲོག་རྩེའི་སྟེང་དུ་བཞག་པའི་ལག་འཚེམ་ལྟོ་ཕད་དེ་ཡང་ཁོང་ལ་སློབ་ཕྲུག་གིས་སྤྲད་པའི་ལག་རྟགས་ཤིག་ཡིན་པས། ཚར་ཞྭ་དང་འདྲ་བར་ཉར་ཚགས་ཞིབ་ཚགས་བྱེད་ཡོད།
ཁོང་གིས་ཚར་ཞྭ་དེའི་ཐོག་གི་ཁབ་དང་སྐུད་པ་རེ་རེ་ལས་ང་ཚོ་དགེ་སློབ་དབར་གྱི་བརྩེ་སེམས་མཚོན་གྱི་ཡོད་པས། དེ་ལས་ལུས་སེམས་སྐྱིད་པའི་སྣང་བ་ཞིག་སྦྱིན་གྱི་འདུག་ཅེས་གསུངས།
སློབ་གསོའི་བྱ་གཞག་དང་ལྷག་པར་དུ་དམིགས་བསལ་སློབ་གསོ་ནི་ཚེ་རིང་ལྷ་མོས་ལོ་ངོ་འདི་དག་ནང་དོ་ཁུར་ཆེ་ཤོས་བྱེད་ས་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་དང་། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནས། ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་བར། མ་གཞི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་ཞིག་ཡིན་རུང་། ནང་དགོས་སུ་དམིགས་བསལ་སློབ་གསོའི་བྱ་གཞག་གླེང་རྒྱུ་ཐེངས་གཅིག་ཀྱང་ལུས་མྱོང་མེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་དམིགས་བསལ་སློབ་གསོར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་པ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དམིགས་བསལ་སློབ་གསོ་ཡག་པོ་གཉེར་དགོས་ཞེས་བསྟན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དམིགས་བསལ་སློབ་གསོ་ཡོངས་ཁྱབ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་པའི་བར་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་དབང་སྐྱོན་ཕྲུ་གུ་ཚང་མ་དང་། དེ་བཞིན་དེའི་ཁྱིམ་ཚང་གི་རེ་ལྟོས་དང་ཕུགས་འདུན་ལ་ལན་བཏབ་པ་ཞིག་རེད།
རང་ཉིད་ཀྱི་རྒྱུས་མངའ་ཆེ་བའི་སློབ་གསོའི་ཁྱབ་ཁོངས་སྐོར་གླེང་སྐབས་དང་། སྙན་སྒྲོན་ནང་གི་ཡང་དག་པའི་སྲིད་ཇུས་དག་སེམས་ལ་དྲན་སྐབས། ཚེ་རིང་ལྷ་མོའི་མིག་ཟུང་ལས་འོད་མདངས་རབ་ཏུ་འཚེར་བཞིན་མཆིས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་མཇལ་ནས་ཉིན་གསུམ་འདས་ཟིན་རུང་། སྐབས་དེའི་རྣམ་པ་དག་ཡིད་ལ་ཡང་ཡང་དྲན་གྱི་འདུག་ཅེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་རར་ཕེབས་སྐབས། འཐུས་མི2000ལྷག་གི་སྤྲོ་སེམས་འཁོལ་ཞིང་གྲལ་འགྲིལ་པའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དེ་ལས་ཀུན་སེམས་གཅིག་སྒྲིལ་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་མོ་ཞིག་གྲུབ་ཡོད། ངས་དམིགས་བསལ་གྱིས་ཡིད་འཇོག་བྱས་པ་ཞིག་ལ། མི་དམངས་ཚོགས་ཁང་ཆེན་མོར་ཁྱོན་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐེངས20ལྷག་ཙམ་གྲགས་སོང་། ཐལ་མོའི་རྡེབ་སྒྲ་ལས་སེམས་སྒྲ་མཚོན་གྱི་ཡོད་ཅིང་། དེ་ནི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་ལུགས་མཚོན་པ་ཞིག་རེད་ལ། སེམས་གཏིང་ནས་བརྩི་བཀུར་ཞུས་པ་ཞིག་ཀྱང་རེད།
རྒྱན་གོས་མི་འདྲ་བ་ལས། མི་ཚེའི་སྤོབས་སེམས་མི་འདྲ་བ་མཚོན་ཞིང་། དེ་དག་གིས་ལོ་ཟླའི་ཁྲོད་ཀྱི་འཕེལ་རྒྱས་ཟིན་ཐོར་བཀོད་ཡོད་ལ། མ་འོངས་པར་བཅངས་པའི་རེ་ལྟོས་ཀྱང་མཚོན་པར་བྱས་ཡོད། དེ་དག་ལུས་ལ་གྱོན་སྐབས་སྤོབས་སེམས་དང་བཅས་བོད་ལྗོངས་མི་དམངས་ཀྱི་དུས་རབས་གསར་པའི་ཉམས་འགྱུར་ཡང་མངོན་བཞིན་མཆིས་སོ།།
རྩོམ་སྒྲིག་པ། སྣང་རྡོར།