ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

རྒྱལ་ཡོངས་ཀྱི་བརྗོད་གཙོའི་འགྲེམས་སྟོན་ཆེན་པོའི་བོད་ཀྱི་ཉམས་འགྱུར།

སྤེལ་དུས 2022-10-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ་བའི་མཚམས་སུ། ཉེ་ཆར། “དུས་རབས་གསར་པར་འབད་འཐབ་ཆེན་པོས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་པེ་ཅིང་འགྲེམས་སྟོན་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། བོད་ལྗོངས་འགྲེམས་ཁུལ་གྱིས་པར་རིས་དང་། བརྙན་ལམ། པར་རིས་རེའུ་མིག བྱེ་གཞོང་གི་འདྲ་དཔེ། དངོས་རྫས། རེག་ཤེལ། VRཉམས་ལེན། ཁྱད་ལྡན་འགྲེམས་ཚན་སོགས་འགྲེམས་རྫས་སྤུས་དག་རེ་རེ་བརྒྱུད། ཤོ་གཟུགས་ཅན་དང་། ཟུར་ཚད་མང་བ། ཡུལ་ལྗོངས་ཧྲིལ་པོའི་རྣམ་པ་བཅས་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་ཡར་བརྩོན། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བཅས་ཀྱིས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་རེད།

          བོད་ལྗོངས་འགྲེམས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་200ཡོད་པ་དང་། “དྲིན་ཚོར་ཡར་བརྩོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར”དང་། “ཞི་མཐུན་ལྡན་པའི་བོད་ལྗོངས། མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་ལེན” “བདེ་སྐྱིད་ལྡན་པའི་བོད་ལྗོངས། འཕེལ་རྒྱས་ཀྱི་ལམ་དུ་སྐྱོད” “མཛེས་སྡུག་ལྡན་པའི་བོད་ལྗོངས། སྐྱེ་ཁམས་ཤེས་དཔལ་གྱི་མེ་ཏོག་བཞད” “རྒྱལ་གཅེས་མཐའ་སྲུང་། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས”བཅས་ཚན་པ་ལྔ་དང་ཁྱད་ལྡན་འགྲེམས་རྫས་འགྲེམས་སྟོན་ཁུལ་ལས་གྲུབ་ཡོད། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་མཚོན་པའི་མཚོན་བྱེད་རང་བཞིན་གྱི་པར་རིས་65དང་། དངོས་རྫས་རིགས་24ལ་སྣ་ཁ(ཚོ་པ)38 བྱེ་གཞོང་གི་འདྲ་དཔེ་2 རེག་ཤེལ་སོགས་མཉམ་འགུལ་རྣམ་གྲངས་2ལེགས་འདེམས་བྱས་ཡོད། འགྲེམས་སྟོན་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་གཅིག་གྱུར་གྱི་བྱ་སྤྱོད་མཚོན་ཡོད།

          རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་བོད་ལྗོངས་འགྲེམས་ཁུལ་གྱི་འགན་འཁུར་བ་དང་འགྲེལ་བཤད་པ་བསོད་དབྱངས་ཀྱིས། བོད་ལྗོངས་འགྲེམས་ཁུལ་གྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི‘དོན་ཆེན་བཞིར’དམ་པོར་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་། རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་བརྩེ་སེམས་ཟབ་མོ། དུས་རབས་གསར་པའི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ། མི་དམངས་བདེ་སྐྱིད་ལྡན་པའི་རྣམ་པ་ཡག་པོ། མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་དོད་པའི་ལག་ལེན། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་རྣམ་པ་བཟང་པོ། རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བཅས་ཕྱོགས་ཡོངས་ནས་མངོན་གྱི་ཡོད་ཅེས་བཤད།
རྩོམ་སྒྲིག་པ།  རིག་གྲོལ།