ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

བོད་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འགོ་ཚུགས་པའི་གནས་ཚུལ་གཟབ་རྒྱས་ལ་གཅིག་སྡུད་གསན་གཟིགས་གནང་བ།

སྤེལ་དུས 2022-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱིས་དོ་ཁུར་དང་འཛམ་གླིང་གིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འགོ་ཚུགས་པའི་གནས་ཚུལ་གཟབ་རྒྱས་ལ་གསན་གཟིགས་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་གནང་བའི་སྙན་སྒྲོན་ནན་ཏན་ངང་གསན་པ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་སྒྲོག་པུའི་པུའུ་ཀྲང་ཝང་ཧའེ་ཀྲོའུ་ཡིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཟླ་བ་ཚེ་རིང་། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་དཔུང་སྡེ་སོགས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་གསན་གཟིགས་བྱེད་སྒོར་ཞུགས་པ་རེད།
          ཝང་ཧའེ་ཀྲོའུ་ཡིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སུ་ཚོགས་པའི་ཚོགས་ཆེན་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནི་སྤྱི་ཡོངས་ནས་གཅིག་འདོམས་དང་། མཐོ་གཟིགས་འོག་བསྐྱངས། དགོངས་པ་གཏིང་ཟབ། ནང་དོན་ཕུན་སུམ་ཚོགས་པ། ལྷག་བསམ་ཟོལ་མེད། མི་སེམས་འགུལ་བ་བཅས་ཀྱི་སྙན་སྒྲོན་ཞིག་རེད་འདུག་ཅེས་བསྟན་གནང་བ་རེད།
          ཝང་ཧའེ་ཀྲོའུ་ཡིས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དོན་ཆེན་ཨང་དང་པོར་བརྩི་དགོས་ཤིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཚོགས་པའི་དོན་སྙིང་གལ་ཆེན་དང་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པར་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ལྷག་པར་དུ་བློ་མཐུན་ཞི་ཅིན་ཕིང་གི་སྙན་སྒྲོན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་ལོན་ཐུབ་པའི་ཁྲིད་སྟོན་དང་། སློབ་སྦྱོང་གི་ཚ་རླབས་ཤིག་མྱུར་དུ་འཕྱུར་བ། གླེང་ཕྱོགས་ཀྱི་ཟིལ་ཤུགས་ཆེན་པོ་ཞིག་ཆགས་པ། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གསུམ་གྱི་ཕན་འབྲས་དངོས་དེ“གཏན་འཁེལ་གཉིས”ལ་བློ་རྩ་བརྟན་པོས་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་ཏན་ཏིག་བསྒྱུར་ནས། ཧུར་བརྩོན་ཆེན་པོས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
          ཚོགས་འདུའི་ཐོག་ད་དུང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། མིག་སྔའི་བདེ་འཇགས་འགན་ལེན་དང་། བརྟན་ལྷིང་སྲུང་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གཙོ་གནད་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་དགོས་པའི་ཐད་བཀོད་སྒྲིག་ཀྱང་བྱས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།