ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གནང་བ།

སྤེལ་དུས 2022-10-18 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཚེས་17ཉིན། བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གནང་བ་རེད། འཐུས་མི་ཝང་ཅུན་ཀྲེང་གིས་གཏམ་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

ཚོགས་ར།
           ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཉན་རྗེས། མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་སྟངས་འཛིན་ཐུབ་ཚད་སྔར་བས་ཟབ་ཏུ་སོང་ནས། མིག་སྔའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་ངོས་འཛིན་དེ་བས་གསལ་པོ་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཁོང་དུ་ཆུད་ཚད་སྔར་བས་ཟབ་ཏུ་སོང་སྟེ། ཏང་ཀྲུང་དབྱང་གི་འཐབ་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལ་དེ་བས་ཕྱོགས་ཡོངས་ནས་ངོས་འཛིན་ཐུབ་པ། ལས་དོན་ཡག་པོ་སྒྲུབ་པའི་གདེང་ཚོད་སྔར་བས་བརྟན་དུ་ཕྱིན་པས། ང་ཚོས་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ལས་དོན་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཚེ། འཐབ་ཇུས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ཡག་པོ་ཐུབ་ནས། ཉམས་ཉེན་བྱེད་རིང་གོ་སྐབས་སྐྲུན་པ་དང་འགྱུར་ལྡོག་འགྲོ་རིང་རྣམ་པ་གསར་པ་གཏོད་ཐུབ་ངེས་རེད། བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ནས། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ངོས་ནས་ངེས་པར་དུ་ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་དབྱེ་ཞིབ་དང་། ཞིབ་འཇུག སྟངས་འཛིན་བཅས་མཁས་པོ་བྱས་ཏེ། རང་འགན་ནན་སྒྲུབ་དང་ལས་ཀ་ཧུར་ཐག་བྱས་ནས། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་།

ཚོགས་ར། 
           ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། བོད་ལྗོངས་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་བ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་བོད་བརྟན་བོད་དར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས། བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་འཐོབ་པར་མཛུབ་ཁྲིད་གནང་ཡོད།
           ཝང་ཅུན་ཀྲེང་གིས་གསུངས་དོན། མི་རིགས་ཁག་གི་མང་ཚོགས་ཀྱིས་བོད་གསར་རྙིང་བསྡུར་བ་དྲག་པོ་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཆེན་པོ་ལས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་ཚེ། གཞི་ནས་བོད་ལ་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་མྱོང་ཚོར་ཟབ་མོ་བྱུང་ཡོད། དར་ཆས་ཁ་ཕྱོགས་ལ་སྣེ་ཁྲིད་དང་འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླངས་པོ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་ལམ་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ལྗོངས་ཀྱི་ལེགས་སྐྱེས་འབུལ་དགོས།
           ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཤེས་སྤྱོར་གཅིག་མཐུན་དང་དངོས་སྒྲུབ་མཐའ་འཁྱོངས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་པ་དང“འཛུགས་གཏོད་བཞི”གཅིག་སྡུད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། མཐའ་གསལ་མཐིལ་རྟོགས་བཅས་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས། ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟམ། རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དང“འཛུགས་གཏོད་བཞི”དམིགས་སར་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་བོད་དུ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པའི་འགན་ལེན་བྱེད་དགོས།
རྩོམ་སྒྲིག་པ།  རིག་གྲོལ།