ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་བཅས་ལ་མུ་མཐུད་གྲོས་བསྡུར་གནང་བ།

སྤེལ་དུས 2022-10-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་བཅས་ལ་སློབ་སྦྱོང་དང་གྲོས་བསྡུར་ནན་ཏན་གནང་བ་རེད། འཐུས་མི་རྣམ་པས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ལ་རྦད་དེ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་། བསམ་གཞིག ལག་ལེན། གོ་བ་ལེན་པ་བཅས་ཀྱི་ཁྲོད“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གཏིང་ཟབ་རྟོགས་པ་དང་། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཞི་རྩའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་མཛེས་སྡུག་ལྡན་པའི་ལེའུ་ཞིག་རྩོམ་དགོས།
  འཐུས་མི་ཞུས་ཁྲེང་ཚང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་གྱིས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་ལ་སྟངས་འཛིན་དང་། རིགས་པའི་གཞུང་ལུགས་གསར་གཏོད་མངོན་གསལ་དོད་པ། བརྗིད་ཆེའི་འཆར་གཞི་བཀོད་པ་བཅས་ལས། དཔའ་ངར་ཆེར་བསྐྱེད་ཀྱིས་འཐབ་འཛིང་དང་འགན་འཁྲི་འཁུར་ཕོད་པའི་བློ་སྟོབས་ཆེན་པོ་མཚོན་པས། སྙིང་སྟོབས་རབ་འཕེལ་དང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག དེར་བརྟེན། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱར་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་བསྐྲུན་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་གྱི་ཡིན།
  འཐུས་མི་ཚེ་རིང་དོན་གྲུབ་ཀྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནང“ཞིང་གསུམ”གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བཀོད་སྒྲིག་གལ་ཆེན་གནང་བ་དང་། ཞིང་ལས་སྟོབས་ཆེན་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་དགོས་ལུགས་བཏོན་གནང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་གཏན་འཁེལ་གསལ་པོ་གནང་ཡོད། ལོ་བཅུའི་རིང་པ་སྣམ་རྫོང་གིས་སྲོལ་རྒྱུན་གྱི་ཞིང་ལས་སྟོབས་ཆེན་རྫོང་ནས་དེང་རབས་ཀྱི་ཞིང་ལས་སྟོབས་ཆེན་རྫོང་དུ་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་ས་མཐོའི་དེང་རབས་ཀྱི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དྲིན་ཚོར་ཡར་བརྩོན་དང་འབད་འབུངས་ཆེར་སྐྱེད་ཀྱིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ཏེ། ཞིང་ལས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན་བཅས་ལ་སྐུལ་འདེད་ཤུགས་ཆེན་དང་། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་གི་ཡིན།
  འཐུས་མི་སྒྲོལ་དཀར་གྱིས་གསུངས་དོན། མེས་རྒྱལ་མཐའ་མཚམས་ཀྱི་ཞིང་འབྲོག་པའི་ཏང་ཡོན་གྱི་ངོས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཡུལ་སྨད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པས་གངས་ཆེན་པོ་བབས་ནས་ལམ་འགག་པར་སྐྲག་དགོས་མེད་པ་དང་། གྲོང་མི་ཚོས་གྲོང་ཁྱེར་བ་དང་འདྲ་བར་དྲ་ཐོག་ནས་དངོས་ཟོག་ཉོ་སྒྲུབ་བྱེད་ཐུབ་པ་དང་གྲོང་ཚོར་ཨང་རྟགས་བཤེར་ནས་དངུལ་སྤྲོད་ཆོག་པས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཚང་མར་དྲིལ་བསྒྲགས། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན། མང་ཚོགས་དེ་བས་མང་བས་མཐའ་མཚམས་ས་ཁུལ་དུ་བདེ་སྡོད་ལས་བརྩོན་དང་བྱས་རྗེས་འཇོག་པར་སྐུལ་ཁྲིད་བཅས་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡིན།
  འཐུས་མི་ཚོས་གསུངས་དོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། གཙོ་གནད་མངོན་གསལ་དོད་པ། བྱ་ཐབས་ཞིབ་ཚགས་པ་བཅས་ཡིན་པ་དེ་ནི་རླབས་ཆེན་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་། དུས་རབས་ཀྱི་སྙིང་སྟོབས་མཚོན་པ། ཏང་སེམས་དང་དམངས་འདོད་དང་མཐུན་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རུལ་རྒོལ་འཐབ་རྩོད་མཐར་ཕྱིན་པ་བྱ་རྒྱུའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་མཚོན་ཡོད། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་ཏང་ཡོངས་ཀྱི་འདོད་བློ་མཚོན་པ་དང་། དུས་རབས་ཀྱི་བླང་བྱ་དང་མཐུན་པ། ཏང་སེམས་དང་དམངས་འདོད་དང་མཐུན་པ། ཏང་ལ་དོ་དམ་དང་ཏང་ནན་སྐྱོང་གི་བླང་བྱ་གསར་པ་མཚོན་པ། གསར་འབྱེད་རང་བཞིན་དང་། གསར་གཏོད་རང་བཞིན། བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཀྱི་གཅིག་གྱུར་མཚོན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཁྲིད་སྟོན་བྱེད་པའི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ“ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་སྒྲིག་ཡིག་དེ་རང་རྟོགས་ངང་རང་བཤེར་རང་བརྟག་བྱེད་པའི་མེ་ལོང་དུ་བརྩིས་ནས། གནས་ཚུལ་གང་ཞིག་གི་འོག་ཏུའང་ཆབ་སྲིད་ཀྱི་དད་སེམས་ལ་འགྱུར་ལྡོག་མི་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བ། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བ། ཉེན་ཁར་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་བྱས་ནས་ཏང་གི་བྱ་གཞག་ཆེད་ནུས་ཤུགས་གང་ཡོད་འདོན་པ་དང་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན།
  རྩོམ་སྒྲིག་པ། སངས་སྐྱབས།