—— ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཚེ་རིང་རྣམ་མགོན་ལ་བཅར་འདྲི་ཞུས་པ།
ཉེ་ཆར་ནག་ཆུ་གྲོང་ཁྱེར་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པའི་འབྲེལ་ཡོད་གནས་ཚུལ་ཐད་འདི་ག་ཚགས་པར་གྱི་གསར་འགོད་པས་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཚེ་རིང་རྣམ་མགོན་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།
ཚེ་རིང་རྣམ་མགོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ནག་ཆུ་གྲོང་ཁྱེར་གྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། གྲོང་ཨུད་ཀྱི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར། ཏང་ཡོངས་དང་རྒྱལ་ཡོངས། ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་ནག་ཆུའི་ནུས་པ་དང་ངེས་གནས་སྔར་བས་གསལ་པོ་བཟོས་ནས། ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་གྲོང་ཁྱེར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཁྱེར། མཐའ་སྟོབས་མཐའ་བརྟན་དམངས་ཕྱུག་གི་དཔེ་སྟོན་གྲོང་ཁྱེར་བཅས་ཀྱི་འཐབ་ཇུས་ལས་འགན་གཏན་འཁེལ་དང་། དམིགས་ཚད་ལས་འགན་གཏན་འཁེལ། གཙོ་གནད་ལས་དོན་ཁ་གསལ་བཟོས་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས། བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོམ་སྟབས་རྗེས་མའི་བྱེད་ཐབས་ཞིབ་ཕྲའི་སྐོར་ལ་ཚེ་རིང་རྣམ་མགོན་གྱིས་གཤམ་གསལ་གྱི་ནང་དོན་འགའ་གླེང་བ་སྟེ།
ནུས་ཤུགས་ཡོད་རྒུས་ཕན་ནུས་ལྡན་པའི་མ་དངུལ་འཇོག་ཁྱོན་ཆེ་རུ་གཏོང་དགོས། གོང་རིམ་ནས་བརྩོན་ལེན་བྱེད་པར་དམ་འཛིན་དང་། ནང་ངོས་སུ་སྐུལ་སྤེལ་གཏོང་བར་དམ་འཛིན། ཕྱི་ཕྱོགས་སུ་ཚོང་འགུགས་བྱེད་པར་དམ་འཛིན་བཅས་མཐའ་འཁྱོངས་བྱས་ནས། མ་དངུལ་འཇོག་པའི་གནད་འཁེལ་གྱི་རང་བཞིན་དང་ལས་ཆོད་ཆེ་བའི་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། གོང་རིམ་ནས་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ནས་རྣམ་གྲངས་གལ་ཆེན་གྱི་མཛོད་འཛུགས་པ། འདི་ལོའི་རྣམ་གྲངས་ཀྱི་མ་དངུལ་འཇོག་པའི་འཆར་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་བ། གཙོ་གནད་རྣམ་གྲངས་འཛུགས་པར་དམ་འཛིན་ནན་པོ་བྱེད་པ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་ངང་སྒྲུབ་པ། རྣམ་གྲངས་འཛུགས་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་དོན་འཁྱོལ་ཐུབ་ཚད་མཐོ་རུ་གཏོང་བ་དང་བསྐྲུན་ཟིན་པའི་རྣམ་གྲངས་ཀྱི་ཕན་འབྲས་འདོན་པར་དམ་འཛིན་ནན་པོ་བྱས་ནས། གནད་དོན་ཡོད་པའི་རྣམ་གྲངས་དག་ཐེར་བྱེད་པ་དང་ལེགས་སུ་གཏོང་བ་དང་། རང་འགུལ་ངང་ཚོང་འགུགས་མ་འདྲེན་ཡག་པོ་བྱས་ཡོད།
ནུས་ཤུགས་ཡོད་རྒུས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་དགོས། ནུས་རྒྱུ་གཙང་མའི་ཐོན་ལས་སྟོབས་ཆེར་བཏང་ནས་རང་སྐྱོང་ལྗོངས་ཀྱི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་གོ་སྐབས་གལ་ཆེན་ལ་དམ་འཛིན་བྱས་ཏེ། ནུས་རྒྱུ་གཙང་མ་དང་། “ཆུ་རླུང་གློག་གཞི་གཅིག་ཅན”གསབ་རེས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་སྟོབས་ཆེར་བཏང་ནས་ནུབ་རྒྱུད་དུ་ལུག་གཙོ་བོ་དང་ར་ཕལ་པར་བྱེད་པ་དང་། དབུས་རྒྱུད་དུ་འབྲི་གཡག་གཙོ་བོ་དང་ལུག་ཕལ་པར་བྱེད་པ། ཤར་རྒྱུད་དུ་འབྲི་གཡག་གཙོ་བོ་དང་ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་ཕལ་པར་བྱེད་པ་བཅས་ཀྱི་སྐྱེ་དངོས་ཐོན་ལས་མ་ལག་ཧུར་ཐག་སྐྲུན་པ། ས་མཐོའི་སྐྱེ་དངོས་སྲུང་སྐྱོབ་མཛོད་སྐྲུན་པ། རིག་གནས་ཡུལ་སྐོར་ཐོན་ལས་ཏན་ཏིག་གཉེར་ནས་ནག་ཆུའི་སྤུས་རྟགས་གཏོད་པ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དང་། འབྱུང་འཕྲོད་བཟོ་ལས། མཐོ་གསར་གྲངས་འཛིན། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་སོགས་ཀྱི་ཐོན་ལས་བརྟན་དུ་གཏོང་དགོས།
ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་གཏོང་བར་དམ་འཛིན་ཡག་པོ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། 《ནག་ཆུ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བ་འབྲེལ་མཐུད་ནུས་ལྡན་བྱེད་པའི་འཆར་འགོད》མགྱོགས་མྱུར་བཟོས་ནས། བར་བརྒལ་དུས་སྐབས་ཀྱི“མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་མི་ཐོན་པ་བརྟན་སྲུང་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་དམ་འཛིན་ཡག་པོ་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་དོ་སྙོམས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ནུས་ཤུགས་ཡོད་རྒུས་མཛེས་སྡུག་ལྡན་པའི་ནག་ཆུ་སྐྲུན་དགོས། སྐྱེ་ཁམས་ལམ་སྲོལ་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་བཏང་ནས། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་སྐྱེ་ཁམས་དམར་ཐིག་དང་མཐའ་ཚད་ནན་པོ་སྲུང་བ་དང་། ཆུའི་ཐོན་ཁུངས་ལ་དོ་དམ་དང་ཞིབ་དཔྱད་བྱེད་པའི་ལམ་ལུགས་ནན་ཤོས་ལག་ལེན་བསྟར་ནས་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ས་མཐོའི་སྐྱེ་དངོས་སྲུང་སྐྱོང་མཛོད་འཛུགས་པ། འདམ་ར་གལ་ཆེན་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ལ་བརྟེན་ནས་དམངས་ལ་ཕན་པ་འདོགས་པར་མུ་མཐུད་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་ཀྱིས་བྱང་ཐང་གི་རྒྱལ་ཁབ་ས་གཤིས་སྤྱི་གླིང་མགྱོགས་མྱུར་རེ་འདུན་ཞུ་བར་གཞོགས་འདེགས་ཧུར་ཐག་བྱེད་པ། ས་བབ་ཤིན་ཏུ་མཐོ་བའི་སྲིན་བུ་རིའི་དུས་ཐེངས་གཉིས་པའི་སྐྱེ་ཁམས་གནས་སྤོའི་ལས་དོན་ལེགས་སྒྲུབ་བྱེད་དགོས།
ནུས་ཤུགས་ཡོད་རྒུས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་བ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་ལས་གནས་བརྟན་པོ་ཡོང་བ་བཅས་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་10%ཡན་ཟིན་པ་དང་སྤྱི་ཡོངས་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་སྟེ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་གཏོང་བའི་ལས་དོན་སྤེལ་འགོ་ཚུགས་ནས། མཐོ་རིམ་སློབ་འབྲིང་གི་འགག་སྒྲོལ་གྲུབ་འབྲས་ཁྱབ་གདལ་མུ་མཐུད་བརྟན་པོ་གཏོང་བ། ལས་རིགས་སློབ་གསོའི་སྤུས་ཚད་ལེགས་གཏོང་འཆར་འགོད་ལ་སྐུལ་འདེད་བཏང་ནས་སློབ་མའི་རོགས་དངུལ་དང་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་མཐོ་རུ་གཏོང་བའི་ལས་དོན་བརྟན་དུ་གཏོང་བ། སྐྱོན་བྲལ་གྱི་ནག་ཆུ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། རྫོང་དང་ཤང་གི་སྨན་བཅོས་གཅིག་མཐུན་འདུས་གྲུབ་འཛུགས་པ་དང་། རིག་ལྡན་སྨན་བཅོས་སྐྲུན་པ། 120མྱུར་སྐྱོབ་ལྟེ་གནས་སྤྱོད་འགོ་ཚུགས་པ། བོད་ཀྱི་གསོ་བ་རིག་པའི་ལག་རྩལ་སྔོག་འདོན་དང་གོང་མཐོར་གཏོང་བ། རིམ་པ་མང་བའི་སྤྱི་ཚོགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་རྩལ་ལེ་ཚན་གསར་གཏོད་དང་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས། བདེ་འཇགས་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཧུར་ཐག་གཏོད་པ་དང་། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད”ཀྱི་དུས་མཚམས་ཀྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་ནས།“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་དུ་སྤེལ་བ། གནམ་གཤིས་དང་། ཆུ་དཔྱད། ས་ཡོམ་སོགས་གནོད་འཚེ་སྣ་ཚོགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དང“ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། དོན་རྐྱེན་ཤིན་ཏུ་ཚབས་ཆེན་མ་ཐོན་སྔོན་འགོག་དང་བཀག་སྡོམ་མཐའ་གཅིག་ཏུ་བྱེད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།