ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

ལས་ཞུགས་ཐུབ་པས་འཚོ་བར་བདེ་སྐྱིད་མེ་ཏོག་བཞད།

སྤེལ་དུས 2022-02-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་གིས་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་གཏོང་བ་ཐོག་མཐའ་བར་གསུམ་དུ་དམངས་ཕྱུག་གི་ལས་འགན་ཨང་དང་པོ་དང“འགོ་གཙོ་དང་པོའི”འདུ་འགོད་ལ་བརྩིས་པ་དང་། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་ལྟེ་བའི་དམིགས་ཚད་ལ་མཐའ་འཁྱོངས་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། བྱེད་སྒོའི་གཞི་རྟེན་གསར་གཏོད། རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད། 2021ལོ་ཚུན་དུ། ལྷ་རྩེ་རྫོང་གི་ཞིང་འབྲོག་པ་མི་ཐེངས་24935ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཕྱིར་གཏོང་ཡོང་འབབ་སྒོར་དུང་ཕྱུར་3.8357བྱུང་ནས། ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་དངོས་འབྲེལ་བཏོད་ཡོད།
        ལས་ཞུགས་ཐབས་ལམ་སྔར་ལས་ཡངས་ཤིང་རྒྱ་ཆེ་བ། 
        ལྷ་རྩེ་རྫོང་གཞིས་ཆེན་ཤང་སྐྱིད་སྦུག་གྲོང་ཚོའི་མང་ཚོགས་ངག་དབང་བསྟན་འཛིན་ནི་གྲོང་ཚོའི་འཇོན་ཐང་ཅན་ཞིག་རེད། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོའི་མི་ཕྱིར་གླ་པར་བསྐྱོད་ནས་ལོ་ལྟར་ཡོང་འབབ་མི་ཉུང་བ་ཞིག་རག་གི་ཡོད། 2019ལོར། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྒྲིག་འཛུགས་འོག་སྐྱིད་སྦུག་གྲོང་ཚོར་སྐྱིད་སྦུག་ངལ་ནུས་ཕྱིར་གཏོང་གི་ཞིང་པའི་མཉམ་ལས་ཁང་བཙུགས་ཏེ། གཞི་ཁྱོན་ལྡན་པའི་སྒོ་ནས་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱས་ནས་གྲོང་ཚོ་དེ་རང་དང་ཉེ་འཁོར་གྲོང་ཚོའི་མང་ཚོགས་180མངའ་རིས་སུ་ལས་ཀ་བྱེད་པར་ཁྲིད་པས། ངལ་ནུས་ཡོང་འབབ་སྒོར་ཁྲི་465རག་ཡོད།
        2019ལོའི་ཟླ་བདུན་པར། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྒྲིག་འཛུགས་འོག་ལྷ་རྩེ་རྫོང་རྟ་ལུང་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ལོ་གཉིས་རིང་ཐོག་མའི་ཁོངས་མི་5ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེ་ནས་མི་རེ་མ་རྐང་ལ་ཞུགས་པའི་བར་མང་དུ་ཕྱིན་པ་མ་ཟད། ད་དུང་ཙུའུ་ཀྲང་8བསྐོས་པ་རེད། 2021ལོར་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་གིས་མི་240ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱེད་པར་སྐུལ་ཁྲིད་བྱས་པ་རེད།
        2021ལོ་ཚུན། ལྷ་རྩེ་རྫོང་གིས་སྲིད་གཞུང་ནས་མ་དངུལ་སྒོར་ཁྲི་400མན་བཏང་བའི་རྣམ་གྲངས་41ས་གནས་དེ་གའི་འོས་ཐོབ་ལྡན་པའི་ཕུལ་བྱུང་གི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ལ་སྐྲུན་འགན་འཁུར་དུ་བཅུག་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི“ལས་གནས་མང་གཏོང”གི་བླང་བྱ་ནན་པོ་གཞིར་བཟུང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་མི་སྤྱོད་ཚད་60%དང་80%ཟིན་པར་དམ་འཛིན་ནན་པོ་བྱས་ནས། མང་ཚོགས་ས་ཆ་དེ་རང་དང་ཐག་ཉེ་སར་སྟབས་བདེའི་ངང་ལས་ཞུགས་ཐུབ་པར་བྱས་པ་རེད།
        ད་ཆ་ལྷ་རྩེ་རྫོང་དུ་ངལ་ནུས་མངགས་གཏོང་ཀུང་སི་ཞིག་ཡོད་པ་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་7ཡོད་པ། རྫོང་ཡོངས་ཀྱི་ཞིང་འབྲོག་པས་ལས་ཞུགས་ལས་སྟེགས་ལ་བརྟེན་ནས་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་ཀྱི་ཡོད་པ་རེད།
        ལས་ཞུགས་ཀྱི་རྣམ་པ་དེ་བས་ཟབ་པ།
        2021ལོ་ཚུན། ལྷ་རྩེ་རྫོང་གིས“ངལ་ནུས་མངགས་གཏོང་ཀུང་སི་+ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་+གྲོང་སྡོད་ངལ་ནུས་བར་ཁེ་བ”ཡི་ནུས་པ་བཏོན་ནས། ངལ་ནུས་ཕྱིར་གཏོང་ནང་འདྲེན་གྱི་ཕྱོགས་གཉིས་འབྲེལ་མཐུད་ཀྱི་ལས་སྟེགས་རྒྱ་ཆེར་དང་ལེགས་སུ་བཏང་བ་དང་། ཟླ་གསུམ་པར་གཞིས་རྩེ་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ“གཅིག་གཏད་གཅིག”གི་གཅིག་འཐུས་རྣམ་པའི་ཕྱིར་གཏོང་ཞབས་འདེགས་སྔོན་ལ་ཞུས་པས། ཁག་9ཡི་ཞིང་འབྲོག་པ་410གྲོང་ཁྱེར་བསྒྲལ་ནས་ལས་ཞུགས་ཐུབ་ཡོད་པ་རེད།
        “ལག་རྩལ་སྣ་གཅིག”ཤེས་པ་ནི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ལྟ་བུ་རེད་ལ། ཕྱིར་ལས་ཞུགས་ཐུབ་པར་དེ་བས་གདེང་ཚོད་ཡོད་པའི་འཇོན་ཐང་ཞིག་ཀྱང་རེད།
        2021ལོའི་ཟླ་4པར། ལྷ་རྩེ་རྫོང་གིས་མངའ་རིས་ས་ཁུལ་སྒར་རྫོང་དུ་ཐེམ་ཁུངས་ལྷ་རྩེ་ནས་ཡིན་པའི་ཞིང་འབྲོག་པ་ས་ཆ་གཞན་དུ“ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”ལས་དོན་སྤེལ་ནས། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག རྩལ་ནུས་ཤེས་ནས་ཕྱུག་འགྱུར་གྱི་གཏིང་ཤུགས་ཆེ་རུ་བཏང་བ་རེད། 
        ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ལྷ་རྩེ་རྫོང་གིས“མངགས་ཐོའི་ཁ་ཕྱོགས་གཏན་འཁེལ”དང་གཤམ་སྐྱོད་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། མི་སྤྱོད་ཚན་པའི་ལས་གནས་དགོས་མཁོ་དང་རྩལ་ནུས་ཀྱི་དགོས་མཁོར་གཞིགས་ནས“མངགས་ཐོའི་ལས་གནས་གཏན་འཁེལ”གྱི་རྩལ་ནུས་གསོ་སྦྱོང་ཐེངས་18དང་མི་761ལ་གསོ་སྦྱོང་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་གྱི“ལམ་བུ”བཏོད་པ་རེད།
        ལས་ཞུགས་འགན་སྲུང་སྔར་བས་འཐུས་སྒོ་ཚང་དུ་བཏང་བ།
        2016ལོ་ཚུན། ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་དམངས་ཕན་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས། སྔ་རྗེས་སུ་གསོ་སྦྱོང་ཐེངས་10ལྷག་ཙམ་སྒྲིག་འཛུགས་བྱས་ནས་མི་600ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ། རྫོང་ཡོངས་ཀྱི་གསོ་སྦྱོང་བྱས་པའི་མི་139ལས་ཞུགས་ཐུབ་པ་རེད། མིག་སྔར་མཉམ་ལས་ཁང་ལ་ལས་མི་139ཡོད་པ་དང་རིམ་རྩིས་བྱས་ན་གླ་ཕོགས་སྒོར་ཁྲི་78.2ལྷག་ཙམ་སྤྲད་པ་རེད།
        2021ལོ་ཚུན། ལྷ་རྩེ་རྫོང་གིས་ཤང་སྲིད་གཞུང་དང་། ཨར་སྐྲུན་ཚན་པ། ངལ་ནུས་མངགས་གཏོང་ཀུང་སི། ངལ་ནུས་མཉམ་ལས་ཁང་། ངལ་ནུས་བར་ཁེ་བ། ངལ་རྩོལ་ནུས་ཤུགས་བཅས་ཀྱི་བར“གནས་དྲུག་གཞི་གཅིག”གི་ངལ་ནུས་ཕྱིར་གཏོང་བྱེད་སྟངས་བཏོད་ནས། ཞིང་འབྲོག་པར་ལས་ཞུགས་འོས་སྦྱོར་དང་། ལས་རིགས་ངོ་སྤྲོད། ངལ་རྩོལ་ཁེ་དབང་སྲུང་སྐྱོང་སོགས་ཁྱོན་ཡོངས་ཀྱི་ཞབས་འདེགས་ཞུས་ཏེ་ལས་ཞུགས་འབབ་འཕར་འགན་ལེན་ཏན་ཏིག་བྱས་ཡོད། མིག་སྔའི་བར་མི་རེའི་ཆ་སྙོམས་ངལ་ནུས་ཡོང་འབབ་སྒོར་ཁྲི་1.85ཟིན་ཡོད་པ་རེད།
        གཞན་ཡང་ལྷ་རྩེ་རྫོང་གིས《ལྷ་རྩེ་རྫོང་གི་2021ལོའི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་ལག་བསྟར་ཇུས་གཞི》དང《ལྷ་རྩེ་རྫོང་གི་2021ལོའི་ལས་ཞུགས་གཞན་སྒྱུར་རྩལ་ནུས་གསོ་སྦྱོང་ཇུས་གཞི》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་དུས་ཐོག་ཏུ་བཟོས་ནས། གཟའ་འཁོར་རེར་བརྡ་ཁྱབ་གཏོང་བ་དང་། ཟླ་རེར་སྤེལ་རེས་བྱེད་པ། འགོ་ཁྲིད་གཙོ་བོས་དུས་ཚིགས་རེར་སྙན་སེང་ཉན་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།