ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

བོད་ལྗོངས་ཀྱི་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་ལ་རེ་བས་ཁེངས་པ།

སྤེལ་དུས 2022-02-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་2ཚེས་5ཉིན་གྱི་ཞོགས་པ་སྔ་པོ་ནས་གནའ་གྲོང་ལྷ་སར་དཔྱིད་འགོ་ཚུགས་རྗེས་ཀྱི་གངས་ཐོག་མ་དེ་ལྷབ་ལྷུབ་ཏུ་བབས་ཤིང་། ལྷ་སའི་གྲོང་མི་རྣམས་ཁྱིམ་ནས་ཐོན་ཏེ་གངས་བབས་རྗེས་ཀྱི་སྤྲོ་བ་རབ་ཏུ་མྱོང་བཞིན་མཆིས།
         “ཨ་མ་ལགས། དེ་ལས་མགྱོགས་ཙམ་ཕེབས་དང”ཞེས་ལོ་5ལ་སླེབས་པའི་བུ་རྒྱ་མཚོ་གངས་འཁྱགས་སྟེང་དུ་བསྡད་དེ་ཨ་མ་རིག་འཛིན་དབང་མོས་ཐག་པ་ཞིག་ལ་བརྟེན་ནས་མདུན་ཕྱོགས་སུ་ཤུད་དེ་འགྲོ་སྐབས་བུས་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས་པ་དང་། འཁྲིས་སུ་ཡོད་པའི་ནང་མི་ཚོས་མགྱོགས་ནས་མྱུར་དུ་བརྙན་ཐུང་བཟོས་ནས་གྲོགས་ཚོགས་ནང་བསྐུར། “ཉིང་ཁྲིའི་གངས་ཤུད་ར་བ་སྔ་ཙམ་བསྐྲུན་ནས་གཉེར་སྐྱོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྐབས་དེ་དུས་བུ་ཁྲིད་དེ་གངས་ཤུད་གློད་པའི་སྤྲོ་སྣང་ཉམས་སུ་མྱོང་བར་འགྲོ་ཡི་ཡིན”ཞེས་རིག་འཛིན་དབང་མོས་བཤད།
         བོད་དུ་གངས་འཁྱགས་ལུས་རྩལ་སྤེལ་འགོ་ཚུགས་འགོར་ཙམ་ཡིན་པས་ད་བར་ཆེད་ལས་གངས་ཤུད་ར་བ་གཅིག་ཀྱང་མེད་མོད། འོན་ཀྱང་ས་གཤིས་ཁོར་ཡུག་དམིགས་བསལ་ཡིན་པའི་དབང་གིས་བོད་ཀྱི་མི་དམངས་དང་གངས་འཁྱགས་དབར་ལྷན་སྐྱེས་ཀྱི་བརྩེ་བ་ཟབ་མོ་ཞིག་ལྡན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བའི་ཤར་རླུང་ལ་བརྟེན་ནས་བོད་ཀྱི་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རེ་བས་ཁེངས་བཞིན་ཡོད།
         གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་ལོ་རེ་བཞིན་མང་དུ་འགྲོ་བ།
         ཟླ་2ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པར། ལྷ་སའི་གྲོང་མི་བཀྲ་ཤིས་དོན་གྲུབ་ཀྱིས་ལག་ཐོགས་ཁ་པར་གྱི་APPཁ་ཕྱེ་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བྱེས་བགྲོད་གངས་ཤུད་ཀྱི་སྐྱེས་པའི་མི་སྒེར་གྱི་ཐག་ཐུང(རང་མོས་ཤུད་རྩལ)ཐོབ་ཐང་འགྲན་བསྡུར་གྱི་ཐད་གཏོང་ལྟ་རྒྱུ་བསྒུགས་ནས་བསྡད། “ད་རེས་ཀྱི་འགྲན་བསྡུར་དེ་མ་བརྗེད་པ་བྱས་ནས་ལྟ་གི་ཡིན། གང་ལགས་ཤེ་ན། དེ་ནི་ང་ཚོ་བོད་ཀྱི་ལུས་རྩལ་པ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི‘འགྲན་བསྡུར་བྱེད་ཐེངས་དང་པོ’ཡིན་པས་རེད” ཅེས་བཤད།
         བཀྲ་ཤིས་དོན་གྲུབ་ཀྱིས་བཤད་པའི་ལུས་རྩལ་པ་དེ་ནི་ལོ་18ལ་སླེབས་པའི་བོད་ཀྱི་གངས་འཁྱགས་ལུས་རྩལ་པ་ཚེ་རིང་དགྲ་འདུལ་རེད། ཉེ་བའི་ལོ་ཤས་རིང་། བོད་དུ་གངས་འཁྱགས་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་ཤུགས་ཆེན་བྱུང་བ་དང་བསྟུན་ནས་མི་དེ་བས་མང་བས་གངས་འཁྱགས་ལུས་རྩལ་ཤེས་རྟོགས་དང་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་ཀྱི་ཡོད། བོད་ཀྱི་ལུས་རྩལ་པ་མི་ཉུང་བ་ཞིག་གིས་གངས་འཁྱགས་ལུས་རྩལ་རྣམ་གྲངས་ཁྲོད་འཇོན་ཐང་ཐོག་མར་ངོམ་འགོ་ཚུགས།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས། ཉེ་བའི་ལོ་ཤས་རིང་བོད་ཀྱིས་གངས་འཁྱགས་ལུས་རྩལ“ཤར་ལྷོ་ནུབ་གསུམ་དུ་རྒྱ་སྐྱེད་གཏོང་བའི”འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་དོན་དངོས་ལ་གཞི་ཚུགས་པ་དང་རྨང་གཞི་ནས་འགོ་བཙུགས་ཏེ་དགུན་དུས་ལུས་རྩལ་གསར་གཏོད་དང་འཕེལ་རྒྱས་བཏང་བར་ཕན་འབྲས་རགས་ཙམ་ཐོན་ཡོད། 2016ལོར་བོད་ལྗོངས་གངས་ཤུད་རུ་ཁག་བཙུགས་པ་ནས་བཟུང་། རི་ཀླུང་གངས་ཤུད་དང་གངས་ཤུད་རི་འཛེག་རྣམ་གྲངས་ལ་རྒྱལ་སྤྱི་རྒྱལ་ནང་གི་འགྲན་བསྡུར་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕུལ་བྱུང་གི་ན་གཞོན་ལུས་རྩལ་པ་ཁག་གཅིག་ཐོན་པ་དང་ལུས་རྩལ་པ་10རྒྱལ་ཁབ་རུ་ཁག་ནང་ཚུད་ཡོད་ཅེས་བཤད།
         “བོད་དུ་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་གཏོང་བའི་མདུན་ལམ་ཡག་ལ་གཏོང་རིན་ཡང་ཆེ་བས་འབྱུང་འགྱུར་རེ་བས་ཁེངས་ཡོད། སླད་ཕྱིན་བོད་ཀྱིས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱེད་པ། གངས་ཁྲོད་ལུས་རྩལ་རྣམ་གྲངས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་རྩལ་འགྲན་ལུས་རྩལ་གྱི་ལེགས་ཆ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་ཀྱི་ཡིན། བོད་ཀྱི་གངས་འཁྱགས་ལུས་རྩལ་པས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་ཨོ་རྩལ་འགྲན་ཚོགས་ཐོག་བྱ་དགའ་བརྩོན་ལེན་བྱེད་པའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཡོང་བར་བྱས་ཏེ་མེས་རྒྱལ་ལ་གཟི་བརྗིད་བརྩོན་ལེན་དང་བོད་ལ་བཀྲག་མདངས་བསྣན་རྒྱུའི་རེ་བ་ཡོད”ཅེས་ཉི་མ་ཚེ་རིང་གིས་བཤད།
         གངས་འཁྱགས་བྱེད་སྒོ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ།
         “ད་ཆ། གངས་འཁྱགས་ལུས་རྩལ་བོད་དུ་ཚད་གཞི་ངེས་ཅན་གྱི་ཐོག་ནས་ཁྱབ་གདལ་བྱུང་སྟེ་ཡོངས་ཁྱབ་ངང་དོ་ཁུར་དང་དེའི་ནང་ཞུགས་ཀྱི་ཡོད། ང་ཚོས་ཀྱང་བོད་ལ་དམིགས་སུ་ཡོད་པའི་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་ཐོན་ཁུངས་དང་མི་སྣའི་ལེགས་ཆར་ཧུར་ཐག་བརྟེན་ནས། རི་འཛེག་དང་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གངས་འཁྱགས་ལུས་རྩལ་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གསོ་སྦྱོང་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་བསྟན་དར་གྱིས་བཤད།
         2021ལོའི་ཟླ་10ཚེས་28ཉིན། གངས་འཁྱགས་ལུས་རྩལ་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་བཅས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་དེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ནོར་སྟོད་རི་བོར་སྤེལ་འགོ་ཚུགས་པ་དང་། ད་རེས་ཀྱི་བྱེད་སྒོར་ཞུགས་མཁན་རྡོ་རྗེར་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས། བྱེད་སྒོ་དེར་ཞུགས་པ་བརྒྱུད་རང་ཉིད་གངས་འཁྱགས་ལུས་རྩལ་ལ་དངོས་འབྲེལ་དགའ་པོ་བྱུང་ཞེས་བཤད། ཁོང་གིས“ནོར་སྟོད་རི་བོའི་གངས་འཁྱགས་ཉམས་ལེན་བྱེད་སྒོར་ཞུགས་རྒྱུ་བྱུང་བ་དེ་ནི་ངའི་ངོས་ནས་བརྗོད་ན་ཚེ་གང་བརྗེད་པར་དཀའ་བའི་མྱོང་བ་ཞིག་ཡིན། མ་གཞི་དཀའ་ལས་ཁག་ཙམ་འདུག འོན་ཀྱང་རང་ཉིད་འགྲན་བསྡུར་ལ་ཞུགས་པ་ལས་སེམས་པ་ཧ་ཅང་སྐྱིད་པོ་བྱུང་། བོད་དུ་གངས་འཁྱགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་སླད་ཕྱིན་ངས་ཀྱང་གངས་འཁྱགས་ལུས་རྩལ་ནང་དེ་བས་གང་མང་ཞུགས་ཀྱི་ཡིན”ཞེས་བཤད།
         ས་བབ་མཐོ་ཚད་སྨི་6010ཡོད་པའི་ནོར་སྟོད་རི་བོའི་གངས་ངོས་ཁོད་སྙོམས་པ་དང་། གྱེན་གཟར་པོ་མེད་པ། རི་འཛེག་གི་དཀའ་ཚད་ཅུང་ཆུང་བ་བཅས་ཡོད་པ་མ་ཟད། རླངས་འཁོར་ས་བབ་མཐོ་ཚད་སྨི་5300ཡི་སར་ཐད་ཀར་སྐྱོད་ཐུབ་ཀྱི་ཡོད་པས་གངས་འཁྱགས་ལུས་རྩལ་ལ་དགའ་པོ་ཡོད་མཁན་གྱི་ཉམས་ལེན་བྱེད་སྒོའི་དམིགས་སའི་གྲས་ཤིག་ཏུ་གྱུར་ཡོད་ཅེས་ཚེ་རིང་བསྟན་དར་གྱིས་ངོ་སྤྲོད་བྱས།
         མིག་སྔར་བོད་ཀྱི་གངས་ཤུད་ར་བ་དང་པོ་གྲབས་འཛུགས་བྱེད་བཞིན་ཡོད་པ་དེ་ཉིང་ཁྲི་གྲོང་ཁྱེར་དུ་གནས། “དེ་ནི་གྲོང་མི་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཞིག་གིས་གངས་འཁྱགས་ལུས་རྩལ་ལ་ཉམས་ལེན་དང་དེའི་ནང་ཞུགས་ཡུལ་ཡག་ཤོས་ཤིག་ཏུ་གྱུར་ནས། གངས་འཁྱགས་ལུས་རྩལ་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་རྒྱུར་རམ་འདེགས་ཐུབ་རྒྱུ་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ལུས་རྩལ་ཐོན་ལས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཝུའུ་ཕུའུ་པིན་གྱིས་བཤད།
         གངས་འཁྱགས་ཡུལ་སྐོར་གྱི་ཚ་རླབས་ཆེན་པོ་འཕྱུར་བ།
         པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་དང་བསྟུན་ནས་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། གངས་རི་དང་འཁྱགས་རོམ་སོགས་གངས་འཁྱགས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། བོད་འདི་ཉིད་ཡུལ་སྐོར་བའི་སེམས་ནང་གི་གངས་འཁྱགས་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ངེས་རེད།
         ཀོང་ཏུང་ནས་ཡིན་པའི་ཡུལ་སྐོར་བ་སི་དབྱིང་གིས་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་དེར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། “བོད་ཀྱིས་ངའི་ཡིད་དབང་འཕྲོག་ཤོས་ནི་བགྲང་གིས་མི་ལངས་པའི་གངས་རི་དང་འཁྱགས་རོམ་ཡིན། ད་ཐེངས་ཡུལ་སྐོར་ལ་ཡོང་ནས་ཁོག་ཆུང་གངས་རིའི་འཁྱགས་རོམ་ལ་བལྟས་པ་དང་ནོར་སྟོད་རི་བོ་འཛེགས་པས། ལྷོ་ཕྱོགས་ནས་ཡིན་པའི་རང་ཉིད་གངས་འཁྱགས་ལ་དེ་བས་དགའ་རུ་ཕྱིན་སོང”ཞེས་སི་དབྱིང་གིས་བཤད།
         “གྲང་འཁྱགས་ཐོན་ཁུངས”དེ“དར་རྒྱས་ཆེ་བའི་དཔལ་འབྱོར”ལ་འགྱུར་བ་དང་། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང“གསེར་རི་དངུལ་རི”རེད། ཁོག་ཆུང་གངས་རིའི་འཁྱགས་རོམ་དང་ནོར་སྟོད་རི་བོ་གནས་སའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱས་པ་བརྒྱུད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རིག་གནས་ཀྱི་ཕྱོགས་བསྡུས་ཞབས་ཞུ་རིམ་སྤོར་བྱས་ཏེ་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་ཆེད་མངགས་ས་གནས་དེ་གའི་རི་མཐོའི་ན་གཞོན་སྣེ་ཤན་པ་ཁག་གཅིག་གསོ་སྦྱོང་བྱས་ཡོད། རྒྱལ་མཚན་སྒྲོལ་མ་དེའི་གྲས་ཤིག་རེད།
         གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་པ་ཐོབ་མཁན་ཞིག་ཡིན་པའི་རྒྱལ་མཚན་སྒྲོལ་མས། རི་འཛེག་ཞབས་ཞུའི་ལས་དོན་ནང་ཞུགས་པས་ངའི་ཡོང་འབབ་དེ་བས་མང་དུ་ཕྱིན་པ་མ་ཟད། མཐོང་རྒྱ་ཡང་དེ་བས་ཡངས་སུ་ཕྱིན་སོང་། གངས་འཁྱགས་ཡུལ་སྐོར་ལས་རང་ཉིད་ཙམ་མ་ཟད་ངའི་ཕ་ཡུལ་ལའང་འགྱུར་ལྡོག་ཕྱིན་སོང་། མི་རབས་ནས་མི་རབས་བར་གངས་རིའི་འདབས་སུ་ངལ་རྩོལ་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་ཀྱང་གྲང་ཤུར་ཤུར་གྱི་གངས་རི་ལས་ང་ཚོར་ཡོང་འབབ་མང་པོ་དེ་འདྲ་བྱུང་ཡོང་བསམ་པ་གཏན་ནས་མ་བྱུང་། ང་ཚོས་ཕ་ཡུལ་གྱི་གངས་འཁྱགས་ཐོན་ཁུངས་ལ་སྔར་བས་གཅེས་སྤྲས་བྱེད་རྒྱུ་ཡིན་ལ། ཡུལ་སྐོར་བ་དེ་བས་མང་བ་བོད་དུ་འཁྱགས་རོམ་ལ་ལྟ་བ་དང་གངས་རི་འཛེག་པར་ཡོང་ནས་གངས་འཁྱགས་ལུས་རྩལ་གྱི་སྤྲོ་སྣང་ཉམས་སུ་མྱོང་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་བཤད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་དྲངས)
རྩོམ་སྒྲིག་པ། སངས་སྐྱབས།