ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

དགུ་ཐུག་འཐུང་བའི་མཚན་མོར་ཡུལ་སྐོར་བས་བོད་ཀྱི་ལོ་གསར་མྱོང་རོལ་བྱས་པ།

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟླ་3ཚེས་1ཉིན། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས“དགུ་ཐུག”འཐུང་བའི་མཚན་མོ་བསུས་ཤིང་། མུན་པ་རུབ་རྗེས་གནའ་གྲོང་ལྷ་སར་གློག་སྒྲོན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཁྱིམ་ཚང་ཚང་མས་མཛེས་རྒྱན་སྣ་ཚོགས་སྤྲས་ནས་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ལྷ་ས་ཁྲེང་ཀོན་ཆུས་ཀྱི་གཞོན་ནུ་འགྲུལ་ཁང་ཞིག་ཏུ་ས་གནས་ཁག་ནས་སླེབས་པའི་ཡུལ་སྐོར་བ་དང་འགྲུལ་ཁང་གི་བོད་རིགས་མང་ཚོགས་ཀྱིས་མཉམ་དུ“དགུ་ཐུག”གྲ་སྒྲིག་བྱེད་བཞིན་ཡོད།
          བོད་རིགས་བུ་མོ་དབྱངས་ཅན་གྱིས“དགུ་ཐུག”གི་རྒྱུ་ཆ་ཁྱེར་ཡོང་ནས་ཡུལ་སྐོར་བ་ཚོར་མཉམ་དུ་བཟོ་རུ་བཅུག་པས། ཚང་མས་ཕར་རོགས་ཚུར་རོགས་ཀྱིས་བག་ཚ་སྡེར་མ་ཆེ་ཆུང་མང་པོ་བཟོས་པ་རེད། དེ་རྗེས་གྲ་སྒྲིག་ཚར་བའི་ཊམ་ཀ་དང་གྲོ་རྡོག་སོགས་དམིགས་བསལ་གྱི་དོན་སྙིང་ལྡན་པའི“ནང་སྙིང”བག་ཐུག་གི་ཁོག་ཏུ་བསྒྲིལ་བ་རེད།
          ཡུད་ཙམ་སོང་རྗེས། དབྱངས་ཅན་གྱིས་ཚང་མར་ཚ་སོབ་སོབ་ཀྱི་དགུ་ཐུག་ཕོར་པ་གང་བཀྱག་ཅིང་། དེ་ནས་ཡུལ་སྐོར་བ་སྐུ་ཞབས་ཁྲེན་ལགས་ཀྱིས་ཐུག་པའི་ནང་ནས་སུར་པན་བསྒྲིལ་བའི་བག་ཚ་ཞིག་བཏོན། བག་ཚའི་ནང་གི་སུར་པན་དེས་ཁོང་ཁ་ཚ་ནས་གདོང་ཡང་དམར་པོར་གྱུར་སྟབས། ཉེ་འཁོར་གྱི་མི་ཚང་མ་རང་དབང་མེད་པར་གད་མོ་ཤོར།
          དབྱངས་ཅན་གྱིས་སུར་པན་རག་ན“མི་དེ་ཁ་ཚ་པོ་ཡོད་པ་མཚོན་གྱི་ཡོད”ཅེས་གསར་འགོད་པར་འགྲེལ་བཤད་བརྒྱབ། དེ་རྗེས་སྐུ་ཞབས་ཁྲེན་ལགས་ཀྱིས“ང་ནི་ཁ་ཚ་པོ་ཡོད་རུང་སེམས་ཆུང་ཆུང་ཡིན”ཞེས་བསྟན་བཤིག་བསླངས་བས་ཁོ་ཚོ་སླར་ཡང་དགོད་ཤོར།
          “ད་ཐེངས་བོད་དུ་ཡུལ་སྐོར་བྱེད་དུས། བོད་ཀྱི་ལོ་གསར་དང་ཏག་ཏག་འཁེལ་འདུག སྟབས་ལེགས་པ་ཞིག་ལ་འདི་གའི་ཡུལ་སྲོལ་རིག་གནས་མྱོང་ལེན་ཐུབ་སོང”ཞེས་ཁྲུང་ཆིང་ནས་བོད་དུ་ཡུལ་སྐོར་ལ་ཡོང་ཐེངས་དང་པོ་ཡིན་པའི་བུད་མེད་དབྱང་ལགས་ཀྱིས་བརྗོད་པ་དང་། བོད་ཀྱི་ལོ་གསར་མྱོང་ལེན་བྱེད་ཐེངས་དང་པོ་ཡིན་པའི་ཁོང་གིས་གསར་འགོད་པར“དགུ་ཐུག”བཏུངས་པ་ལས་བོད་ཀྱི་དམིགས་བསལ་གྱི་ལོ་གསར་མྱོང་ལེན་ཐུབ་སོང་ཞེས་བརྗོད།
          སྐབས་དེར་ཕྱི་ནས་ཤོག་སྦག་གི་སྒྲ་ཡང་ཡང་གྲགས་པ་དང་ཚོན་མདོག་རྣམ་པར་བཀྲ་བའི་ཤོག་སྦག་མཁའ་དབྱིངས་སུ་འབར་ནས། མུན་ནག་གི་མཚན་མོ་རབ་ཏུ་བརྒྱན་པས་དུས་ཆེན་གྱི་རྣམ་པ་དེ་བས་ཟབ་མོར་གྱུར།