ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > པར་རིས།

ནག་ཆུར་ལོ་གསར་ལ་བསུ་བ་ཞུ་བའི་རིག་རྩལ་བྱེད་སྒོ་སྣ་ཚོཊ་སྤེལ།

སྤེལ་དུས 2022-02-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་རིག་རྩལ་ཚོགས་པས་“ང་ཚོའི་ཀྲུང་གོའི་ཕུགས་འདུན་”—རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་བ་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་ལོ་གསར་གྱི་རིག་རྩལ་འཚམས་འདྲིའི་མུ་འབྲེལ་འཁྲབ་སྟོན་ལེགས་གྲུབ་ལྡན་པའི་ངང་བྱེད་མཇུག་འགྲིལ་བ་རེད།

       ད་ཐེངས་ཀྱི་མུ་འབྲེལ་འཁྲབ་སྟོན་སྐབས། འཁྲབ་སྟོན་པ་ཚོས་གྲང་ངར་ཁྱད་དུ་བསད་དེ་མི་དམངས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་ལ་བརྟེན་ནས་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱས་ཏེ། ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་གཞི་རིམ་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་ཡོད། དེ་ཡང་མཉམ་བྲོ་དང་། རྐྱང་གཞས། འཁྲབ་ཚན་ཐུང་གྲས་སོགས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་གྲང་ངར་ཆེ་བའི་དགུན་དུས་འདིར་མང་ཚོགས་རྣམས་ལ་དྲོ་སྐྱིད་སྦྱིན་པ་དང་། བརྩེ་བ་ཟབ་མོས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག དུས་རབས་གསར་པའི་ནག་ཆུའི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་བ་དང་སྦྲགས་རྒྱ་ཆེའི་མང་ཚོགས་རྣམས་ལ་ལོ་གསར་གྱི་སྨོན་འདུན་ཞུས་པས། རྒྱ་ཆེའི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། 


       སྤྱི་ཟླ་2ཚེས་12ཉིན་ནས་བཟུང་། ནག་ཆུ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པས་རང་འགུལ་ངང་ལས་འགན་སྒྲུབ་པ་དང་། ཆེད་ལས་ཚོགས་པའི་བཟང་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་དཔལ་མགོན་རྫོང་དང་། ཤན་རྩ་རྫོང་། དེ་བཞིན་གང་དེའི་ཁོངས་གཏོགས་ཀྱི་ཤང་གྲོང་8དུ་བསྐྱོད་ནས་འཁྲབ་སྟོན་ཐེངས་12བྱས་པ་དང་། དེ་དག་གྲོང་ཚོ་ཨུ་ལྷན་60ལྷག་ཙམ་ལ་ཁྱབ་པ་མ་ཟད། གཟིགས་མོ་བའི་མི་གྲངས་ཀྱང་4510ཟིན་ཡོད། གཞན་ད་དུང་རྫོང་རིམ་པའི་རིག་རྩལ་ཚོགས་པ་དང་སྤེལ་རེས་འཁྲབ་སྟོན་ཐེངས་8བྱས་པ་དང་། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་ལས་སྒོའི་མཛུབ་ཁྲིད་ཐེངས་1བཅས་བྱས་ཡོད་པ་རེད།

       ད་ཐེངས་ཀྱི་མུ་འབྲེལ་འཁྲབ་སྟོན་བྱས་པ་བརྒྱུད། འཁྲབ་སྟོན་པ་ཚོས་རང་ངོས་ཀྱི་བྱ་སྤྱོད་ཐོག་ནས་“ངས་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་”ཅེས་པའི་ལག་ལེན་བྱེད་སྒོ་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་བསྐང་བ། གྲོང་ཁྱེར་སྒྱུ་རྩལ་ཚོགས་པ་དང་རྫོང་ཁག་དབར་གྱི་རིག་རྩལ་རིག་གནས་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་བཅས་ཀྱིས། རིག་རྩལ་གྱི་ལས་ཀ་བྱེད་མཁན་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སོགས་ལ་སློབ་སྦྱོང་དང་ལག་བསྟར་སྔར་བས་ལེགས་པར་བྱ་རྒྱུར་ནུས་པ་གང་ལེགས་ཐོན་པ་དང་སྦྲགས། རིག་གནས་ལ་བརྟེན་ནས་དམངས་ལ་ཕན་ཁེ་བསྐྲུན་པ་དང་། རིག་གནས་ལ་བརྟེན་ནས་དམངས་ལ་སློབ་གསོ་རྒྱག་པ། རིག་གནས་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་ཚོར་དང་། བློ་ཡིད་ཚིམས་ཚད། བདེ་སྐྱིད་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོན།