ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > ལོ་གསར་རིག་གནས།

ལོ་གསར་གྱི་རྩེ་སྒྲོ།

སྤེལ་དུས 2022-02-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
རབ་མཉེན་སོར་བཅུའི་འདབ་མ་འཁྱུག་པའི་བགྲོད།
དོན་བཟང་བཀྲ་ཤིས་རྒྱ་མཚོའི་སྙིང་པོས་ཕྱུག
གྲང་རེག་བཟོད་དཀའི་དགུན་གྱི་ནམ་ཟླར་ཡང་།
རྟགས་བརྒྱད་མེ་ཏོག་རབ་བཞད་ཀྱེ་མ་མཚར།

          བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། རྩེ་སྒྲོ་ནི་བོད་རིགས་མང་ཚོགས་ཀྱིས་གྲོ་སོ་ཕྱེ་མར་ལ་མཛེས་རྒྱན་སྤྲས་པར་ཤིན་ཏུ་མཁོ་གལ་ཆེ་བའི་དངོས་རྫས་ཤིག་ཡིན་ལ། བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཁྲོད་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུ་ཞིག་ཀྱང་རེད། སྲོལ་རྒྱུན་གྱི་རྩེ་སྒྲོ་བཞེངས་པའི་རྒྱུ་ཆ་གཙོ་བོ་ནི་དགུན་དུས་ཀྱི་འབྲི་མར་དཀར་པོ་ལོ་མ་ལོན་པའི་ནང་རྡོ་མཚོན་དམར་པོ་དང་། གསེར་པོ། སྔོན་པོ། ལྗང་ཁུ། ལི་ཁྲི་སོགས་གང་མཁོའི་ཚོན་སྣ་མང་པོ་བསྲེས་ནས་བཞེངས་དགོས། དེ་ཡང་གནའ་བོའི་སྟབས་བདེའི་ལག་ཆ་དང་ལག་པ་ཟུང་ལ་བརྟེན་ནས་ཆེས་གསོན་ཉམས་ལྡན་པའི་བཀྲིས་རྟགས་བརྒྱད་དང་། བཀྲིས་རྫས་བརྒྱད། ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི། རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། སྟག་སེང་འཁྱུང་འབྲུག་སོགས་ལྷ་སྐུ་དང་། མི་སྣ། རྩྭ་ཐང་། ནོར་ལུགས། ལྗོན་ཤིང་། བྱ་བྱེའུ། རི་བྲག གཅན་གཟན། ལྡིང་ཁང་། མེ་ཏོག་སོགས་ཀྱི་རི་མོ་སྣ་ཚོགས་ཀུ་ཤའི་རྩེ་མོ་ལྟར་ཕན་ཚུན་མ་འདྲེས་པར་རང་རང་གི་མཛེས་ཉམས་ཤིག་མངོན་ཡོད་པས་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཞིག་རེད་ཅེས་བརྗོད་ཆོག

     རྩེ་སྒྲོ་འམ་མར་བཟོའི་སྒྱུ་རྩལ་འདི་ནི། ཚོན་བཟོ་དང་འཇིམ་བཟོ་ལྟར་ཚ་ཐབ་དྲོན་མོའི་སྟེང་དང་ཉི་མ་དྲོ་སར་བསྡད་ན་བཞེངས་ཐུབ་པ་ཞིག་གཏན་ནས་མ་ཡིན་པར། མར་གྱི་སྲ་མཁྲེགས་སྲུང་འཛིན་བྱ་ཐུབ་ཆེད་གྲང་རེག་བཟོད་དཀའ་བའི་དགུན་ཁར་ཁང་པའི་ནང་དུ་མེ་སོགས་དྲོད་སྲུང་མེད་པར། ཆུ་འཁྱགས་ནང་དུ་ལག་པའི་དྲོད་ཡལ་དུ་འཇུག་བཞིན་བཞེངས་དགོས། དེས་ན་གནའ་རབས་ནས་བཟུང་ཆེ་བ་དགོན་པ་དང་ཆུང་བ་ཁྱིམ་ཚང་ཡོངས་ཀྱི་གནམ་ལོ་གསར་ཚེས་དང་དུས་ཆེན་ཁྱད་པར་ཅན་སོགས་ཀྱི་སྐབས་སུ་བཞེངས་པའི་རྩེ་སྒྲོ་ནི་ལག་ཟུང་ཁོ་ནར་བརྟེན་ནས་དུས་ཡུན་རིང་པོའི་བརྒྱུད་རིམ་ཁྲོད་འཕེལ་རྒྱས་བྱུང་བའི་སྒྱུ་རྩལ་བླ་མེད་ཅིག་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།