ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > ལོ་གསར་རིག་གནས།

དར་ཤིང་བཙུགས་ནས་ལོ་གསར་དགའ་གཏོང་བྱེད།

སྤེལ་དུས 2022-02-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           བོད་ཆུ་སྟག་ལོའི་ལོ་གསར་འཆར་ལ་ཉེ་བ་དང་བསྟུན་ནས་ལོ་གསར་གྱི་མཁོ་ཆས་ཁག་ཀྱང་བྲིན་ཁ་རྒྱུག་པོ་ཡོད་ཅིང་། གནའ་གྲོང་ལྷ་སའི་ཁྲོམ་གཞུང་ཁག་ཏུ་དར་ཤིང་ཚོང་མཁན་དང་ཉོ་མཁན་མང་པོ་ཡོད།

           ལོ་གསར་ནི་བོད་ལྗོངས་སུ་གཞི་རྒྱ་ཆེ་ཤོས་དང་གྲ་རྒྱས་ཤོས་ཀྱི་དུས་ཆེན་ཞིག་ཡིན་ཞིང་དགའ་ཉེ་སྤུན་མཆེད་རྣམས་མཉམ་འཛོམས་ཀྱིས་ལོ་རྙིང་འདས་པ་དང་ལོ་གསར་པར་བསུ་བ་ཞུ་བའི་དགའ་སྟོན་ལ་རོལ་གྱི་ཡོད། ལོ་གསར་གྱི་ཚེས་ཆ་བཟང་བ་ཞིག་ལ་དར་ཤིང་འཛུགས་རྒྱུ་ནི་ཁྱིམ་ཚང་ཚང་མའི་དོན་དག་གལ་ཆེན་ཞིག་ཡིན་པས། ལོ་གསར་ལ་དར་ཤིང་ཉོ་སྒྲུབ་བྱ་རྒྱུ་ཡང་ལོ་གསར་གོང་གི་གྲ་སྒྲིག་ལས་ཀ་གལ་ཆེན་ཞིག་ཏུ་གྱུར་ཡོད།

           དབང་འདུས་ནི་བོད་ལྗོངས་ལྷ་རྩེ་རྫོང་གི་མི་ཡིན་ཞིང་། ད་ལོ་ཁོང་གིས་ལྷ་སར་དར་ཤིང་འཚོང་བར་སླེབས་ཡོད། ཁོང་གིས། རྒྱུན་མཐོང་གི་དར་ནི་རས་སམ་ཡང་ན་སེང་རས་དང་དར་གོས་ཐོག རླུང་རྟ་པར་འདེབས་བྱས་ཏེ་དར་ཤིང་གི་རྩེ་མོར་འཚེམ་གྱི་ཡོད། དར་ཤིང་གཅིག་གི་ཐོག་ཚོན་མདོག་ལྔ་ལས་གྲུབ་པའི་རས་སམ་སེང་རས་མང་ཉུང་མེད་པར་འཚེམ་གྱི་ཡོད་པ་དེ་དག་ནི་སྔོན་པོ་དང་། དཀར་པོ། དམར་པོ། ལྗང་ཁུ། སེར་པོ་བཅས་རེད། རས་སྔོན་པོས་ནམ་མཁའ་མཚོན་པ་དང་། དཀར་པོས་སྤྲིན་པ་མཚོན་པ། དམར་པོས་མེ་མཚོན་པ། ལྗང་ཁུས་ཆུ་མཚོན་པ། སེར་པོས་ས་མཚོན་གྱི་ཡོད། དར་ཤིང་དེ་ཁང་སྟེང་དུ་བཙུགས་ནས་ལོ་གསར་པར་འབྲུ་རིགས་སྣ་ལྔ་ཡི་ལོ་ལེགས་ཡོང་བ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་མཚོན་གྱི་ཡོད་ཅེས་གསུངས་ཀྱི་འདུག
           དབང་འདུས་ཀྱིས་ལོ་གསར་གོང་དར་ཤིང་བྲིན་ཁ་རྒྱུག་པོ་ཡོད་པ་ཤེས་རྟོགས་བྱུང་བས་ད་ལོ་ཁོང་རང་ཉིད་ཀྱང་དར་ཤིང་འཚོང་བར་སླེབས་ཡོད། ཁོང་གི་ངོས་ནས་བརྗོད་ན་དེས་ཡོང་འབབ་གསོག་ཐུབ་པ་མ་ཟད། དམངས་སྲོལ་རིག་གནས་རྒྱུན་འཛིན་བྱས་པ་ཞིག་ཀྱང་ཡིན་པ་རེད།

           བོད་མི་རིགས་ཀྱིས་དར་ཤིང་འཛུགས་པའི་སྲོལ་ནི། བཙན་པོའི་དུས་ནས་དར་བ་ཞིག་ཡིན་ཞིང་། ད་བར་ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དུད་ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་བཙུགས་པ་དེ་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ཞིག་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སུ་ཆོས་ཀྱི་ལས་སུ་སོང་བ་ཡིན། དེའང་བོད་རིགས་མང་ཚོགས་ཀྱི་ཁྲོད་དུ་ནང་བསྟན་ཆོས་ལུགས་གཏིང་ཟབ་ཁྱབ་གདལ་བྱུང་བ་དང་ཆབས་ཅིག་སྔ་མོ་དམག་གི་རྟགས་སུ་མངོན་པའི་དར་མདུང་དེ་རིམ་བཞིན་ཆོས་ལུགས་ཀྱི་ནང་དོན་གཏིང་ཟབ་ལྡན་པའི་རླུང་རྟ་འཕེལ་བ་དང་། བགེགས་བར་བཟློག་པའི་སྲོལ་ཞིག་ཏུ་གྱུར་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།