ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

བོད་ཤོག་བཟོ་སྟངས་དང་དེའི་རྒྱུ་ཆ་སོགས་བཤད་པ།

སྤེལ་དུས 2018-03-08 ཡོང་ཁུངས། ངེད་དྲ་བ། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

          དེ་ཡང་བོད་ཀྱི་བཟོ་ཤེས་བོད་ཤོག་གླེང་བ་ལ་ཐོག་མར་བོད་ཤོག་ནི་དུས་ནམ་ཞིག་བྱུང་བ་དང་།  དེའི་རྒྱུ་ཆ་དང་བཟོ་ཁྱད།  ཤོག་བུ་སྦང་འདོན་བྱེད་ཐབས།  བོད་ཤོག་གི་དམིགས་བསལ་ཁྱད་ཆོས།  ཐོན་ཁུང་ས་གནས་སོགས་བཤད་པ་ལ།  དང་པོ་སྤྱིར་བཟོ་རྩལ་ནི་མིའི་རིགས་ཀྱི་གསར་གཏོད་བྱས་པའི་ཤེས་རིག་ལོ་རྒྱུས་ཐོག་གི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན།  མིའི་རིགས་ཀྱི་བྱ་དངོས་གང་དང་གང་ཡིན་རུང་དུས་ཡུན་རིང་པོའི་འཚོ་བའི་ཐོན་སྐྱེད་དང་ཉམས་མྱོང་ལས་བྱུང་བ་དང་།  ཤོག་བཟོའི་ལག་ཤེས་ཡང་དེ་ལས་མ་འདས་པར་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་དང་འཚོ་བའི་ཐོན་སྐྱེད་ལ་ནུས་པ་ཐོན་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད།  དེ་དག་ནི་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་གོང་མཐོར་ཕྱིན་པའི་ནང་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
          དགོས་སུ་བོད་ནི་ཤེས་རིག་དང་ལག་རྩལ་གང་གི་ཆ་ལ་ལོ་རྒྱུས་དུན་ཡུན་རིང་བ་རིག་གཞུང་འོད་སྟོང་འཕྲོ་བའི་མི་རིགས་ཤིག་ཡིན་པས།  ཤོག་བུ་བཟོ་བའི་ལག་རྩལ་དེ་ཡང་གནའ་དུས་ནས་ཤེས་རིག་དར་ཁྱབ་བྱུང་བ་ནས་རིམ་བཞིན་བྱུང་ཏེ།  འདི་ནས་ཡར་འདེད་པའི་ལོ ༡༨༠༣༣ སྤྱི་ལོ་སྔོན་གྱི་ལོ ༡༦༠༡༦ ལོར་ཞང་བོད་མཐོ་སྒང་འདིར་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྐབས་ནས་ཤོག་བཟོའི་ལག་ཤེས་ཡོད་པ་མ་ཟད།  སྟོན་པའི་བཀའ་རྟེན་གསུང་རབ་རྣམས་འབྲི་ཀློག་འདོན་གསུམ་གྱི་ལམ་ནས་འཛིན་སྐྱོང་བྱས་ཡོད་པ་སྟེ།  སྟོན་པ་ཉིད་ཀྱི་གསུང་བའི་བཀའ ༼  གསེར་འོད་ནོར་བུ་འོད་འབར  ༽  ལས་མཐིང་ཤོག་སྔོན་པོ་གཡུ་མདོག་དག་ལ་ནི།  སེར་འབར་རིན་ཆེན་གསེར་གྱི་བྲིས་ན་སུ།  ཞེས་དང་མཚར་ཤོག་དམར་པོ་བྱུ་རུའི་མདོག་འདྲ་ལ།  སྔོ་འབར་རིན་ཆེན་གཡུ་ཡི་བྲིས་ན་སུ།  ཞེས་དང་དཀར་གསལ་མདངས་ལྡན་དུང་ཤོག་དག་ལ་ནི།  མཚར་དཀར་དང་ནི་རྒྱ་སྣག་དག་ལ་ཡང་།  རིན་ཆེན་བཟང་དྲུག་སྨན་སྤོས་བྲིས་ན་སུ།  ཞེས་པ་སོགས་ལས་ཤོག་བུའི་རྒྱུ་ཆ་དང་ཁ་དོག་ཧ་ཅང་མང་པོ་ཡོད་པ་མཚོན་ཡོད།

          བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་གཤེན་ནམ་མཁའ་སྣང་བའི་འདོག་ཅན་ལ་སྤྱི་སྤུངས་གཡུང་དྲུང་བོན་སྐོར་ཞུས་ནས་སྤྱོད།  དེའི་སྲས་མུ་ཁྲིའི་སྤྱི་སྤུང་བོན་རྣམས་ཟབ་པར་དགོན་ནས་གླེགས་བམ་རྣམ་བསེའི་སྒྲོམ་བུར་སྦས་པ་སོགས་ལ་གཞིག་ནས།  བོད་རྒྱལ་གནམ་གྱི་ཁྲི་བདུན་ནས་གྲི་གུམ་གྱི་ཚེ་སྟོད་ཡན་ཆད་དུ་བོན་གྱི་གསུང་རབ་རྣམས་གླེགས་བམ་ཡི་གེའི་ལམ་ན་དྲངས་པ་ཤ་སྟག་ཡིན་པ་སོ།  བོད་རྒྱལ་བརྒྱད་པ་གྲི་གུམ་གྱི་དུས་སུ་བོན་རེ་ཞིག་སྣུབ་པས།  བོན་གྱི་གཤེན་པོ་རྣམས་ཀྱིས་གོང་གི་བོན་དཔེ་དང་གླེགས་བམ་རྣམས་ཤོག་བྲིལ་བྱས་ནས་གཏེར་དུ་སྦས་པ་དང་།  ཤོག་བྲིལ་རྣམ་ཀྱི་ཁ་དོག་དང་ཚད་གཞི་ཡིག་འཕྲིན་སོགས་གཏེར་སྦས་འགྲེལ་ཡིག་དང་གཏེར་རྟགས་རི་མོ་བཅས་ད་ལྟའི་དཔེ་རྙིང་རྣམས་སུ་གསལ་པོར་འཁོད་ཡོད་པ་སྟེ།  སྤ་གྲོའི་དུང་ཤོག་འབྲི་འཚམ་ཤོག་སེར་ཟང་ཟང་གི་མཚར་ཤོག་སོགས་ཡོད་སྟེ།  དཔེར་ན་ཞལ་བཟང་བྲག་ནས།  ཤོག་དྲིལ་དམར་སྐྱ་མདའ་ཚད་གཅིག་ལ།  ཞེང་ལ་སོར་བརྒྱད་ཡོད་པ་ལ།  སྔ་གཏོ་ལ་ཡིག་ཕྲེང་བཞི་བཅུ་ཞེ་གསུམ།  ཕྱི་ལྟོ་ལ་བརྒྱ་དང་སུམ་ཅུ་རྩ་གསུམ་ཡོད་པ་ལ།  ཞལ་བཤུས་པ་ལ་དག་པར་གཏུགས་སོ་ཞེས་པ་སོགས་ལས་གསལ།
          དེ་རྗེས་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཡང་ཤོག་བཟོའི་ལག་རྩལ་རྒྱུན་མཐུད་དང་ཡར་རྒྱས་ཕྱིན་ཡོད་པ་སྟེ།  རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙུང་ལ་རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་སྐབས་བཀའ་ཤོག་གི་ཡིག་གེ་རྒྱ་ཡིག་ཐོག་བྲིས་ནས་བསྐུར་ཡོད་པའི་གནས་ཚུལ།  བཀའ་ཆེམས་ཀ་ཁོལ་མ་ལས ༼བཀའ་ཤོག་གི་སྒྲོམ་བུ་གསུམ་བསགས་ནས༽ ཞེས་པ་དང་།  ཡང་ ༼རྒྱ་ནག་སྟོང་ཁུན་གྱི་སྐད་དང་ཡི་གེ་མཐིང་ཤོག་ལ་གསེར་གྱི་བྲིས་ནས་འདུག་པ༽ ཞེས་སོགས་འཁོད་ཡོད་པར་བརྟག་ནས་སྐབས་དེར་བོད་དུ་ཤོག་བུ་བཟོ་བའི་ལག་རྩལ་དར་ཟིན་པ་མཚོན་ཡོད།  ད་དུང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་ཤོག་བཟོའི་ལག་རྩལ་དར་ཁྱབ་ཆེན་པོ་ཕྱིན་ཡོད།

          སྤྱི་ལོའི་དུས་རབས་བརྒྱད་པ་ནས་བཟུང་རྒྱ་གར་ནས་བོད་དུ་བསྒྱུར་བའི་ཆོས་གཞུང་གི་གསུང་རབ་ཚང་མ་ཤོག་བྲིལ་བྱས་ནས་ཡིག་འབྲུ་དགུ་སྟོང་དྲུག་རྒྱ་ལ་བམ་པོ་གཅིག་དུ་བརྩི་བ་དང་།  ཡིག་འབྲུ་ཡང་ཆེན་པོ་མ་ཏོག་ཆུང་ཆུང་འབྲི་མི་ཆོག་པའི་བཀའ་སོགས་ཡོད་པ་མ་ཟད།  རྒྱལ་པོའི་ལས་དོན་གལ་ཆེའི་རིགས་བཀའ་གཙིགས་ཤོག་བུའི་ཐོག་བྲིས་ནས་བང་མཛོད་དུ་བཞག་པའི་ལོ་རྒྱུས་སོགས་ཡོད་པ་མ་ཟད།  བོད་དུ་རང་ཡུལ་གྱི་རྒྱུ་ཆ་བེད་སྤྱད་དེ་ཐུན་མོང་མ་ཡིན་པའི་བོད་ཤོག་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་།  བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ཤོག་ཐོན་སྐྱེད་ལ་རིམ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་ནས།  ཤེས་རིག་དང་ལོ་རྒྱུས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། གཉིས་པ་བོད་ཤོག་གི་རྒྱུ་ཆ་དང་བཟོ་ཁྱད།  ཤོག་བུ་བཟོ་བའི་རྒྱུ་ལ་རབ་འབྲིང་ཐ་གསུམ་ཡོད་པ་ལས་རབ་ནི་ཤོག་ལྡུམ་དུང་ལོ་མ་ཡིན་པ་དང་།  དེ་ལ་ཡང་རབ་འབྲིང་ཐ་གསུམ་ཡོད་པ་སྟེ།  རབ་ནི་ས་ནག་དང་ཤུག་ཁྲོད་སོགས་རྫ་དང་བྲག་མེད་པའི་སར་སྐྱེས་པ་དེ་ཡིན།  འབྲིང་ནི་བྱེ་མ་དང་ས་དམར་གཡམ་པའི་ནང་དུ་སྐྱེས་པ་ནི་རྒྱུ་སྲ་ཞིང་ཚོས་དཀའ་བ་ཁ་དོག་སེར་བ་ཡིན་པས་དེ་དང་།  ཐ་མ་ནི་ཤུན་པ་མཐུག་ཅིང་འབུ་ཡོད་པ་ཡིན་པར་བཤད་དོ།  ལྡུམ་བུ་ལེགས་པར་བཏུས་ནས་ས་རྡུལ་བཀྲུ་བཤལ་དང་ཕྱི་ཤུན་བྲད་བརྡར་བྱས་ཏེ་སྙིང་པོ་བླངས།  བྱ་རྡོ་བསྲེགས་པ་ཆུ་འཁྱག་ཏུ་འཕངས་ཏེ་དཀྲུགས་ལ་གར་སླ་དར་བ་ཙམ་བྱས་པ་དེ་ལྕེ་ཐོག་ཏུ་བླུགས་ན་རྒྱ་ཚྭ་ལྟར་འབིགས་པ་ནི་ལེགས་པའི་རྟགས་ཏེ།  ལམ་དུ་མ་སོང་ན་ངར་མི་འབྱུང་ངོ་།  དེ་ཉིད་གྲུངས་གཞུག་སྙིགས་མ་མེད་པའི་ཁུ་བའི་ནང་དུ་ཤོག་ལྡུམ་བཙོའོ།  དེ་ལྟར་མ་གྲུབ་ན་ཐལ་ཁུའི་ནང་དུ་བཙོས་ཀྱང་ཆོག་ལ།  ཚོས་ནས་རྡོ་གཏུན་དུ་བརྡུང་ནས་ཟན་ལྟར་གྱུར་མཐར་ཆུ་དང་བཅས་མདོང་མོའི་ནང་བསྲུབས་པས་སྐྱོམ་དེ་ཤོག་ཁ་རེའི་ཚད་ཆ་མཉམ་པར་བགོ  དེ་ནས་རྫིང་སོགས་ཆུ་འཁྱིལ་གཙང་མའི་ནང་དུ་ཤོག་བྲེ་ཞེས་ཤོག་ཁ་ཆེ་ཆུང་གང་འདོད་པའི་ཚད་ཅན་གྱི་ཤིང་སྒམ་གྱི་ཁེབས་གཅོད་མཐིལ་མེད་པ་ལྟ་བུ་གྲུ་བཞི་སྤྲས་པའི་ཕྱོགས་གཅིག་ཏུ་སང་རས་སམ་དར་སྲབ་ཞིང་འཇམ་པ་ཚགས་ལྟ་བུ་དེའི་ནང་དུ་བླུགས་ལ་མ་ཡོ་བ་རྫིང་ཆུའི་སྟེང་དུ་བཙག་དཀྲུགས་བྱས་ཟིན་པ་དང་བླངས་ཏེ།  སྐམ་དུ་བཅུག་ནས་གྲུབ་པའོ།  ཆུར་བཙག་དཀྲུག་བྱེད་པར་ཤོག་བྲེ་ཡོ་ན་ཤོག་བུར་སྲབ་མཐུག་འགྲོ་ཉེན་ཆེ་ཞིང་།  ཆ་སྙོམས་པར་དཀྲུགས་ཤིང་ཆུ་ལས་བླང་དུས་མ་གཟབ་ན་བུག་རྡོལ་འབྱུང་ཉེན་དང་།  ཤོག་ལྡུམ་མ་ཚོས་ན་དུལ་དཀའ་བ་དང་།  གཏུན་བརྡུང་གིས་མ་དུལ་ན་འཇམ་པོ་མི་འོང་བ་དང་།  རྡོ་གཏུན་སྲ་མཁྲེགས་དང་གཙང་མ་མིན་ན།  ཤོག་མདོག་མི་གཙང་བ་སོགས་འབྱུང་བས་འདི་དག་ལ་གཟབ་གལ་ཆེ་བར་བཤད།

          དུང་ལོ་མ་ནི་ཤོག་བུ་སྲབ་མཐུག་གང་འདོད་བྱེད་པའི་རྒྱུ་ལས་མཆོག་ཏུ་བཤད་དོ།  རྒྱུ་འབྲིང་པོ་ནི་ཨ་ག་རུའི་ཤུན་པ་སྟེ་སྔོ་བཤུས་བྱས་པའི་ཤུན་པའི་ནང་གི་བར་ཤུན་དེ་ཐོག་མར་ཡུད་ཙམ་བཙོས་ནས་ཁུ་བ་དབོ།  གཞན་གྱི་བཙོ་བརྡུང་དཀྲུགས་བླུགས་ཐམས་ཅད་གོང་ལྟར་བྱ་ལ།  འདིའི་ཁྱད་ཆོས་ནི་མཐུག་པོར་ལེགས་པས་གླེགས་བམ་འབྲི་གཞིར་མཆོག་ཏུ་བཤད་དོ། ཐ་མ་ནི་རེ་ལྕག་གི་རྩ་བ་སྟེ།  འདི་ལས་བཟང་བ་བྱེ་མ་ས་འབོལ་དང་ས་ནག་སོགས་སྙི་སར་སྐྱེས་པའི་རེ་ལྕག་གི་རྩ་བ་བརྐོས་ནས་སྐོགས་དང་ནང་སྙིང་གཉིས་དོར་བའི་བར་ཤུན་རྒྱུས་པ་ལྟ་བུ་དེ་ཐལ་ཁུའི་ནང་དུ་བཙོས་པས་བལ་ལྟར་ལྷོད་པར་འོང་།  དེ་ལ་དུག་ཡོད་པས་དུག་འདོན་ཨ་རུ་ར་ཐུམ་གཅིག་འདེབས།  བརྡུང་དཀྲུགས་བླུགས་ཐམས་ཅད་གོང་ལྟར་ལ་འདི་གོང་གཉིས་ལྟར་རྒྱུ་བཟང་པོ་མི་འོང་ཡང་།  དུག་ཡོད་པས་འབུ་སྲིན་གྱིས་གནོད་པ་མི་ཚུགས་པས་ཡུན་དུ་གནས་པར་མཆོག་ཏུ་བཤད་དོ།

          ཤོག་བུ་ལེགས་པའི་ཚད་ནི།  སྲབ་མཐུག་དང་བུག་རྡོལ་མེད་པ།  ནག་དྲེགས་དང་འཛར་འཛོར་མེད་པ།  དབུར་རྡོས་བརྡར་ན་ས་རྡོ་བའི་ར་རི་མེད་པ།  འབོལ་ཞིང་དཀར་ཞད་ཆེ་ལ་ཁམས་འཛིན་པ་དེའོ།  ཤོག་བུའི་ལག་ལེན་བྱེད་ཐབས་འདི་དག་གཙོ་བོ་སྔོན་གྱི་བོད་ཤོག་ས་མདོག་ཅན་དག་ཡིན་མོད།  དེ་དག་ལ་རྒྱུ་མཉེན་ཞིང་སྲོག་སྲ་བ་འབོལ་ལ་སྣག་ལེགས་པར་འཛིན་པ།  ཡུན་དུ་བལྟས་ཀྱང་མིག་ལ་གནོད་པ་མེད་པ།  འབུ་སྲིན་གྱིས་གནོད་པ་ཆུང་ཞིང་མཐུག་པ་སོགས་གླེགས་བམ་འབྲི་གཞིའི་ཁྱད་ཆོས་མང་ལ།  དེང་དུས་སུ་གོང་གི་ཤོག་བུའི་བཟོ་རྒྱུན་ཕལ་ཆེར་མེད་པ་དང་།  རྒྱ་ནག་དང་ཕྱི་རྒྱལ་ནས་འབྱུང་བའི་ཤོག་བུའི་རིགས་མང་བས་ལག་ལེན་ཀྱང་ཤོག་བུ་སོ་སོའི་རྒྱུ་དང་ཁྱད་ཆོས་ལ་གཞིགས་ནས་གང་ལ་གང་འཚམས་སུ་བྱ་དགོས་པས་དཔྱད་གཞི་ཙམ་མོ། གསེར་བྲིས་དངུལ་བྲིས་ཀྱི་གཞི་མཐིང་ཤོག་བྱ་ཐབས་ལ།  ནག་མཚུར་བགྲུངས་སུ་བཅུག་ནས་ས་རྡུལ་མ་སོང་བར་དྭངས་བསིང་བྱ།  ཐར་ནུའི་རླངས་པ་མིག་ཏུ་མ་སོང་བར་གདུས་པར་ཚ་ལ་བསྲེས་ཏེ་རས་ཚགས་ལ་བཙགས།  དེ་གྲོ་ཆང་སྐྱུར་མོ་དང་བསྲེས་ཏེ་སྐོལ་བར།  ཚ་ལ་དང་ནག་མཚུར་ཉུང་ཞིང་།  གྲོ་ཆང་དང་ཐར་ནུ་མང་དགོས་ཏེ་ཚོད་ཟིན་པར་བྱ།  ཤོག་སྐྱ་ལ་བྱུག་ནས་ཚོད་ལྟ་བྱེད་པར།  ཤོག་བུ་ནག་ལོག་གེར་སོང་ན་ཚོས་པའི་ཚད་ཡིན་པས་ཐབ་ལས་བླངས་ཏེ་ཅུང་ཞིག་གྲང་ནས་དྲོ་འཇམ་ཙམ་སོང་བའི་ནང་དུ།  དེང་གི་ཤོག་གུ་སྣ་ཐུང་རིགས་མ་ཡིན་པའི་བོད་ཤོག་སྤུས་ལེགས་པར་དྲངས་ཏེ་སྐམ་དུ་བཅུག  དེ་ནས་ཨ་རུ་ར་འགའ་ཞིག་བརྡུངས་ཏེ་བཙོས་ནས་ཁུ་བ་རས་ཚགས་ལ་བཙགས་པར་ཤོག་བུ་དྲངས་པས་མཐོང་ཤོག་གྲུབ་ཅིང་།  འདུལ་ཐབས་ཤོག་བུ་དཀྱུས་མའི་ལག་ལེན་ལྟར་བྱའོ།  ཡང་རྒྱ་ནག་གི་ལུགས་སུ།  མགྲོན་བུ་བསྲེགས་པ་ཞིབ་བཏགས་བྱས་པ་ལ།  གྲོ་ཆང་དང་ཛཱ་ཏི་བཏབས་ཏེ་གདུས་པའི་ཁུ་བར་ཤོག་བཟང་དྲངས་པས་མཐིང་ཤོག་འབྱུང་ཞིང་།  སྐམ་ནས་ཆགས་བྱས་ལ།  ཨ་རུ་རའི་ཆུ་གོང་ལྟར་ལས་བཏོན་པར་བྱའོ།  སོགས་མཐིང་ཤོག་བཟོ་བའི་ལག་ཤེས་མང་དུ་འབྱུང་ཡང་ལག་ལེན་སྟབས་བདེ་གཉིས་ཙམ་བྲིས་པའོ། གསུམ་པ་ཤོག་བུ་སྦང་འདོན་བྱེད་ཐབས་ནི།  བག་ཆུ་སླ་བཙོས་དྭངས་མ་བོང་ཆེ་བར་བྱ་དེ་ལ་དར་བ་མ་བཏགས་པ་བག་ཆུའི་བཞི་ཆ་ཙམ་བཏང༌།  སྤྱིན་ཆུའི་དྭངས་མ་ཅུང་ཟད་བཏང༌།  དེ་རྣམས་བསྲེས་ལ་དྲོ་འཇམ་ལ་བག་འདོན་བྱ་དགོས་ཏེ།  ཧ་ཅང་ཚ་ཆེས་ན་ཤོག་བུ་འཚིག  གྲང་ན་བག་ཆུ་མི་འགོ་བས་ཤོག་བུ་སྲ་འཐིང་མི་འོང༌།  དེ་བས་ཚ་དྲོད་རན་པར་བྱ།  རྫས་དེ་རྣམས་ཀྱི་ཡོན་ཏན་ནི།  དར་བས་དཀར་ལ་དང་བ་འབྱུང་ཞིང་བག་ཆུ་སྲ་ལ་འབོལ་བ་འབྱུང༌།  སྤྱིན་ཆུས་མཁྲེགས་ཤིང་མདངས་ལྡན་འོང་ཞིང་ཡི་གེ་མི་འབྱམས་པ་འོང༌། ཤིན་ཏུ་དཀར་པོར་འདོད་ན་ཀ་རག་བརྡར་བའི་ཁུ་བ་ཅུང་ཟད་བཏང་བས་ཤིན་ཏུ་ལེགས་པ་འབྱུང་སྟེ་མང་ན་ལྗིད་ཆེ་བར་འོང༌།  བག་ཆུ་མང་ཆེ་ན་ཤོག་བུ་འཚིག་ཅིང་ཐིག་མི་ལེན་པ་འོང༌།  སྤྱིན་ཆུ་གར་ཆེ་ན་ཤོག་བུ་གྱོང་ཞིང་སྣག་མི་ལེན་པ་འོང༌།  དེས་ན་གོང་ལྟར་ཚོད་ཟིན་པར་བྱའོ།  ཤོག་རྒྱུ་བཟང་ངན་དང་ཤོག་ལས་བཟང་ངན་གྱིས་ཤོག་བུ་སྣ་ཚོགས་འོང་སྟེ་དེ་ནི་ཤོག་བཟོའི་ཚུལ་ལས་ཤེས་སོ། དབུར་རྡོའི་ཁྱད་པར་ནི།  དང་གིས་དབུར་ན་འཇམ་པོར་འོང་སྟེ་ཤོག་བུ་ཅུང་ཟད་སྔོན་པོར་འགྲོ  རྡོ་ཡིས་དབུར་ན་ཤོག་བུ་འཚིག་ནས་འོང༌།  མཆོང་གིས་དབུར་ན་རི་མོ་དོད།  ལྕགས་སོགས་ཀྱིས་དབུར་ན་གཡའ་འོང༌།  དེས་ན་གཟི་སེར་ཁྲས་དབུར་ན་མདོག་ལེགས་ཤིང་འཇམ་ཤོག་བུ་འབོལ་བར་འོང་བས་དེ་བཟང་ཞེས་སྔར་གྱི་བྲིས་མཁན་དག་གི་ཉམས་མྱོང་དུ་བཤད།  དེ་ལྟར་མ་རྙེད་ན་རྭ་སོགས་ཀྱིས་རུང་ཙམ་དང༌།  མ་ན་ཧོ་སོགས་རིན་ཆེན་མཁྲེགས་འཇམ་རྣམས་བཟང་ངོ༌།  བརྡར་གདན་ཤིང་ལེབ་འཛེར་མ་དང་གས་ཆག་སོགས་མེད་པའི་སྲ་ཤིང་ལས་བྱས་པའི་ཤིང་ལེབ་རྒྱ་ཆེ་ཞིང་ངོས་འཇམ་པ།  བརྟན་ཅིང་དྲི་མ་དང་བྲལ་བ་དེ་ཡིན་ལ།  ཤོག་བུ་དབུར་བར་མཐའ་དབུས་ཐམས་ཅད་དུ་མ་ཁྱབ་པ་མེད་པར་ཤེད་རན་པར་ཕྱུང་ནས།  ཡུན་དུ་དབུར་ན་ལེགས་ལ།  དབུར་ངན་དབུར་དང་མཉེད་ངན་གྱི། །དཀྱིལ་ནས་འདུལ་བཞི་མཐའ་ནས་གྱོང་། ། ཟེར་བ་ཡོད་པས།  དེ་ལྟར་མ་ཤོར་བ་གལ་ཆེའོ། བཞི་པ་ས་གནས་མང་པོ་ནས་ཤོག་བཟོའི་ལག་རྒྱུན་དར།  ལོ་རྒྱུས་འཕེལ་རིམ་ཡུན་རིང་ནང་བོད་ཤོག་ལ་ཤར་གྱི་ཁམས་ཤོག་དང་།  སྐྱིམས་སྟོང་ཤོག་བུ།  ཀོང་པོའི་ཤོག་བུ།  སྤོ་སྟོད་ཤོག་བུ།  མོན་ཤོག  སྙེ་ཤོག  གཙང་ཤོག  མངའ་རིས་ཀྱི་ཤོག་བུ་སོགས་བྱེ་བྲག་དུ་མ་ཐོན་མྱོང་ཡོད་ལ།  ཐོན་ཡུལ་མི་འདྲ་བར་གཞིགས་ནས་སྤྱོད་སྒོ་ཡང་མི་འདྲ་བ་ཡོད།

          དེ་སྔའི་བོད་ཤོག་བཟོ་གྲྭར་གཞུང་སྒེར་གཉིས་ཡོད་པའི་སྐྱིམས་སྟོང་བོད་ཤོག་བཟོ་གྲྭ་ནི་གཞུང་གིས་གཉེར་བ་ཞིག་ཡིན་ལ།  དེ་ནས་ཐོན་པའི་ཤོག་བུ་རྩེ་གྲ་ཡིན་པས་ཆེད་དུ་དངུལ་ལོར་དང་།  སྦྲག་འཛིན་བཟོ་བྱེད་དམ་བོད་ས་གནས་སྲིད་གཞུང་གི་ཡིག་ཤོག་བྱེད་ཀྱི་ཡོད།  སྒེར་གཉེར་བཟོ་གྲྭ་ཕལ་ཆེར་དུད་ཚང་གཅིག་གམ་དུ་མ་མཉམ་འབྲེལ་གྱིས་བཙུགས་པ་ཞིག་རེད།  མཚོ་སྣའི་ཤོག་བུ་ནི་ས་གནས་སྲིད་གཞུང་གི་ཡིག་ཤོག་ཡིན་པ་དང་།  ཀོང་པོ་ཞོ་ཁ་ནས་ཐོན་པའི་ཤོག་བུ་ནི་འབྲི་ཤོག་དཀྱུས་མ་རེད།  དྭགས་པོའི་ཤོག་བུ་ནི་ས་གནས་སྲིད་གཞུང་གི་བརྡ་ཁྱབ་དང་།  ཁྲིམས་ཆོས།  བཀའ་རྒྱ་སོགས་གལ་ཆེའི་ཡིག་ཆ་འབྲི་ས་རེད།  གཙང་གི་ཤོག་བུ་ནི་གཙོ་བོ་བཀྲ་ཤིས་ལྷུན་པོ་དང་ས་སྐྱ་དགོན་པ་སོགས་ཀྱི་ཆོས་དཔེའི་དཔར་ཤོག་ལ་སྤྱོད་ཀྱི་ཡོད།  ལྷོ་ཁའི་ཤོག་བུ་ནི་མཐུག་ལ་སྤུས་ཀ་ཅུང་ཞན་རུང་།  སྣག་ཚ་ཐིམ་སླ་བས་བཀའ་བསྟན་འགྱུར་སོགས་ཆོས་དཔེའི་དཔར་ཤོག་དང་དགོན་སྡེ་ཁག་གི་ཐོ་ཡིག་འགོད་ས་སོགས་བྱེད་ཀྱི་ཡོད།

          བོད་ཤོག་གི་དམིགས་བསལ་ཁྱད་ཆོས།  བོད་ཤོག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་དམིགས་བསལ་ཐོན་ཟོག་ཅིག་ཡིན་ཞིང་།  དེའི་ཁྱད་ཆོས་གཙོ་བོ་ནི་མཁའ་རླུང་སྐམ་ཤས་ཆེ་ཞིང་གསོ་རླུང་དཀོན་པའི་ཡུལ་ནས་ཐོན་པས་སྤྱིར་ན་བརླན་གཤེར་འགོག་ཐུབ་པ་དང་།  ཤོག་བུའི་རྒྱུ་ཆར་དུག་གཡའ་ཡོད་པས་རུལ་དཀའ་ཞིང་འབུ་དང་བྱི་བ་སོགས་ཀྱིས་མི་ཟ་བ།  སྐྱུར་གྱི་རང་བཞིན་མི་ལྡན་ཞིང་སྲ་ལ་མཉེན་པ་དང་ལྟེབས་རྩེག་རྒྱག་པ་དང་རེག་བརྡར་བྱས་རུང་རལ་དཀའ་བས་ཡུན་རིང་ཉར་ཚགས་བྱེད་ཐུབ།  ཡི་གེ་གསལ་ལ་མི་རལ་བ།  སྤོ་བདེ་ལ་ཉར་ཚགས་བྱེད་བདེ་བ།  མཉེན་ལ་འཇམ་པ།  སྣག་རྫོབ་མི་ཐེབས་པ།  ཤོག་བུར་ཡུན་རིང་བལྟས་རུང་མིག་ལ་མི་གནོད་པ།  ལྟེབས་ཉེས་མི་ཤོར་བ་དང་ཚོས་མི་ལོག་པ་སོགས་ཀྱི་ཁྱད་ཆོས་ཡོད། །