གནད་བཏུས། འདིར་བོད་ཀྱི་རབ་བྱུང་རྩི་ཚུལ་དང་སྤྱི་ལོའི་ལོ་ཚིགས་གཉིས་བར་དུ་ཕན་ཚུན་རྩིས་རིག་གི་ལམ་ནས་བརྩི་བའི་སྤྱི་འགྲོས་ཏེ། རབ་བྱུང་ལ་བརྟེན་ནས་སྤྱི་ལོ་རྩི་ཚུལ་དང་། སྤྱི་ལོ་ལ་བརྟེན་ནས་རབ་བྱུང་རྩི་ཚུལ། རབ་བྱུང་གི་བགྲང་བྱ་ངེས་ཅན་ལ་བརྟེན་ནས་སྤྱི་ལོའི་ལོ་ཚིགས་རྩི་ཚུལ། རབ་བྱུང་གི་འབྱུང་བ་དང་ལོ་རེས་ལ་བརྟེན་ནས་སྤྱི་ལོའི་ལོ་ཚིགས་རྩི་ཚུལ་བཅས་སྤྱི་འགྲོས་བཞི་དཔེ་དང་བཅས་བསྟན་ཡོད།
གནད་ཚིག རབ་བྱུང་། སྤྱི་ལོ། བགྲང་བྱ། འབྱུང་བ། ལོ་རེས།
སྤྱི་འགྲོས་དང་པོ།
རབ་བྱུང་ལ་བརྟེན་ནས་སྤྱི་ལོ་རྩི་ཚུལ།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967
སྤྱི་འགྲོས་གཉིས་པ།
སྤྱི་ལོ་ལ་བརྟེན་ནས་རབ་བྱུང་རྩི་ཚུལ།
རབ་བྱུང་གི་གྲངས=(སྤྱི་ལོ-967)÷60
སྤྱི་འགྲོས་གསུམ་པ།
རབ་བྱུང་དང་བགྲང་བྱ་ངེས་ཅན་ལ་བརྟེན་ནས་ལོ་ཚིགས་རྩི་ཚུལ།
སྤྱི་ལོ={(60×རབ་བྱུང་གི་གྲངས)+967}+{བགྲང་བྱའི་གྲངས-1}
སྤྱི་འགྲོས་བཞི་བ།
རབ་བྱུང་དང་འབྱུང་བ་ལོ་རེས་ལ་བརྟེན་ནས་ལོ་ཚིགས་རྩི་ཚུལ།
འབྱུང་བའི་ལོ་སྐོར(ཀ)དང་ལོ་རེས་ཀྱི་ལོ་སྐོར(ཁ)གཉིས་གཅིག་ཏུ་ཁེལ་བའི་ལོ་དེ་ཡིན།
ཀ={(60×རབ་བྱུང་གི་གྲངས)+967}+(འབྱུང་བའི་གོ་རིམ-1)10n(n=0,1,2,3,4,5)
ཁ།={(60×རབ་བྱུང་གི་གྲངས)+967}+(ལོ་རེས་ཀྱི་གོ་རིམ-1)+12n(n=0,1,2,3,4)
(མཆན། འབྱུང་བའི་གོ་རིམ།1.མེ་མོ།2.ས་ཕོ།3.ས་མོ།4.ལྕགས་ཕོ།5.ལྕགས་མོ།6.ཆུ་ཕོ།7.ཆུ་མོ།8.ཤིང་ཕོ།9.ཤིང་མོ།10.མེ་ཕོ།
ལོ་རེས་ཀྱི་གོ་རིམ།1.ཡོས།2.འབྲུག3.སྦྲུལ།4.རྟ།5.ལུག6.སྤྲེལ།7.བྱ།8.ཁྱི།9.ཕག10.བྱི་བ།11.གླང།12.སྟག)
རབ་བྱུང་ནི་གྱི་ཇོ་ལོ་ཙཱ་པ་ཟླ་བའི་འོད་ཟེར་གྱིས་རྩིས་སྲོལ་བཏོད་ཅིང་མེ་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ1027ལོར་དབུ་ཚུགས་པ་དང་བོད་ཀྱི་ལོ་ཚིགས་ཀྱི་རྩི་སྟངས་ཤིན་ཏུ་གལ་ཆེན་པོ་ཞིག་རེད། ཡིན་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་སོགས་ལ་ཞིབ་འཇུག་བྱེད་སྐབས་རབ་བྱུང་དེ་ཉིད་དེ་མ་ཐག་ཏུ་སྤྱི་ལོའི་ལོ་ཚིགས་སུ་བསྒྱུར་རྒྱུ་ནི་ཤིན་ཏུ་དཀའ་མོ་ཞིག་རེད། དེ་བས་འདིར་རྩིས་རིག་སྤྱི་འགྲོས་ཀྱི་བྱེད་ཐབས་སྤྱད་ནས་རབ་བྱུང་དང་སྤྱི་ལོའི་ལོ་ཚིགས་གཉིས་ཕན་ཚུན་རྩི་ཚུལ་ཕབ་ཡོད་ལ། རྩིས་རིག་གི་ཤེས་བྱ་འདི་ནི་དམའ་འབྲིང་རྩིས་རིག་གི་ཤེས་བྱ་ཡོད་པ་ཞིག་གིས་བརྩི་ཐུབ་པ་ཡིན།
དང་པོ། རབ་བྱུང་དང་སྤྱི་ལོ་ཕན་ཚུན་རྩི་ཚུལ།
གཅིག རབ་བྱུང་གི་གྲངས་ལ་བརྟེན་ནས་སྤྱི་ལོ་རྩི་ཚུལ།
དེ་ལྟར་ན་རབ་བྱུང་ཤེས་པའི་སྟེང་དུ་ལོ་བརྩིས་ན་སྤྱི་འགྲོས་འདི་ཡིན་ཏེ།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967
སྤྱི་འགྲོས་དེ་ཇི་ལྟར་བྱུང་བའི་ཚུལ་ནི། སྤྱི་ལོ1027ལོར་རབ་བྱུང་དང་པོའི་མགོ་ཚུགས་ཤིང་དེ་ནས་ལོ་རྒན་དྲུག་ཅུ་རེ་ན་རབ་བྱུང་རེ་བརྗེ་བ་ཡིན། དེ་ལྟར་ན་རབ་བྱུང་གཉིས་པ་ནི་སྤྱི་ལོ1027ནས་ལོ་དྲུག་ཅུ་འགོར་བའི་སྤྱི་ལོ1087ལོར་ཁེལ་ཡོད་པ་རེད། སྤྱི་ལོ1027ནས་ལོ་རྒན་དྲུག་ཅུ་རེ་ན་རབ་བྱུང་རེ་བརྗེ་བས་རབ་བྱུང་གང་ཡིན་ཡང་མགོོ་ཚུགས་པའི་ལོ་ནི་གྲངས7གྱི་སྟེང་དུ་ཁེལ་ཡོད། དེ་བས་སྤྱི་ལོ1027གྱི་ལོ་དེ་ནི་རབ་བྱུང་དང་པོ་དང་སྤྱི་ལོ967གྱི་སྟེང་དུ་ལོ་རྒན་དྲུག་ཅུ་གཅིག་བསྣན་ནས་ཐོབ་པ་རེད།
1×60+967=1027
དེ་བཞིན་རབ་བྱུང་གཉིས་པ་ནི་སྤྱི་ལོ967སྟེང་ལོ་རྒན་དྲུག་ཅུ་གཉིས་བསྣན་ནས་ཐོབ་པ་རེད།
2×60+967=1087
དེ་བས་རབ་བྱུང་གི་གྲངས་ལ་བརྟེན་ནས་རབ་བྱུང་དེ་ཉིད་མགོ་ཚུགས་པའི་སྤྱི་ལོ་བརྩི་བའི་སྤྱི་འགྲོས་ནི།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967ལྟར་རེད།
དཔེར་ན། རབ་བྱུང་བཅོ་ལྔ་བ་སྤྱི་ལོ་གང་ནས་མགོ་ཚུགས་པར་བརྩི་ན།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967
=(60×15)+967
=900+967
=1867ཞེས་པར་ལྟར་རབ་བྱུང་བཅོ་ལྔ་བ་ ནི་སྤྱི་ལོ1867ལ་མགོ་ཚུགས་པ་རེད། དཔེ་དེ་བཞིན་རབ་བྱུང་བཅུ་བདུན་པ་ནི།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967
=(60×17)+967
=1020+967
=1987ལོར་ཁེལ་ཡོད་པ་རེད།
གཉིས། སྤྱི་ལོ་ལ་བརྟེན་ནས་རབ་བྱུང་རྩི་ཚུལ།
རབ་བྱུང་གི་གྲངས་ལ་བརྟེན་ནས་སྤྱི་ལོ་རྩི་ཚུལ་ནི་གོང་དུ་བརྗོད་པའི་སྤྱི་འགྲོས་དེ་ཡིན། དེ་ལས་གལ་ཏེ་སྤྱི་ལོ་གསལ་ཞིང་རབ་བྱུང་མི་ཤེས་པའི་དབང་དུ་བཏང་ནའང་སྤྱི་འགྲོས་འདི་ཡིས་བརྩི་ཐུབ་སྟེ། སྤྱི་འགྲོས་འདི་ཉིད་ལས་རབ་བྱུང་གི་གྲངས་ལྐོག་གྱུར་པ་ཡིན་ན།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967
(60×རབ་བྱུང་གི་གྲངས)=སྤྱི་ལོ-967
རབ་བྱུང་གི་གྲངས=(སྤྱི་ལོ-967)÷60ཞེས་པ་ལྟར་སྤྱི་ལོ་ལ་བརྟེན་ནས་རབ་བྱུང་བརྩིས་ན་སྤྱི་འགྲོས།
རབ་བྱུང་གི་གྲངས=(སྤྱི་ལོ-967)÷60འདིའི་ནང་དུ་འཇུག་དགོས། དཔེར་ན་སྤྱི་ལོ1880ལྟ་བུར་མཚོན་ན་རབ་བྱུང་དུ་བ་ཡིན་པར་བརྩིས་ན།
རབ་བྱུང་གི་གྲངས=(སྤྱི་ལོ-967)÷60
=(1880-967)÷60
=913÷60
=15.2166667ཞེས་པ་ལྟར་རབ་བྱུང་བཅོ་ལྔ་ལ་ཁེལ་ཡོད་པ་རེད། ཡང་དཔེར་ན་སྤྱི་ལོ2000ལོ་རབ་བྱུང་དུ་བ་ཡིན་པར་བརྩིས་ན།
རབ་བྱུང་གི་གྲངས=(སྤྱི་ལོ-967)÷60
=(2000-967)÷60
=1033÷60
=17.2166667ཞེས་རབ་བྱུང་བཅུ་བདུན་ལ་ཁེལ་ཡོད་པ་རེད།
གཉིས་པ། རབ་བྱུང་གི་བགྲང་བྱའི་ལོ་ཚིགས་རྩི་ཚུལ།
ཡང་རབ་བྱུང་ག་གེ་མོའི་བགྲང་བྱ་ག་གེ་མོ་ཞེས་པའི་སྐབས་སུ་སྤྱི་འགྲོས་འདི་ལྟར་ཡིན།
སྤྱི་ལོ={(60×རབ་བྱུང་གི་གྲངས)+967}+{བགྲང་བྱའི་གྲངས-1}
སྤྱི་འགྲོས་དེ་ཉིད་ཇི་ལྟར་བྱུང་ཚུལ་ནི་རབ་བྱུང་གི་གྲངས་གསལ་ཤིང་སྤྱི་ལོ་མི་གསལ་བའི་སྐབས་ཀྱི་སྤྱི་འགྲོས་ནི་གོང་དུ་བརྗོད་པ་ལྟར། སྤྱི་ལོ=(60×རབ་བྱུང་གི་གྲངས)+967ཞེས་པ་འདི་ཡིན། སྤྱི་འགྲོས་འདི་ནི་རབ་བྱུང་གི་གྲངས་ལ་བརྟེན་ནས་སྤྱི་ལོ་རྩི་ཚུལ་ཡིན། ཡིན་ཡང་སྤྱི་འགྲོས་འདིས་བརྩིས་པའི་ལོ་ནི་རབ་བྱུང་རེའི་མགོ་ཚུགས་པའི་ལོ་ཡིན། དཔེར་ན།1027 1087 1147 1207ལྟ་བུའི་སྟེང་དུ་ཁེལ་ཡོད། སྐབས་ལ་ལར་ལོ་རྒྱུས་དེབ་ཐེར་སོགས་སུ་རབ་བྱུང་ག་གེ་མོའི་བགྲང་བྱ་ག་གེ་མོ་ཞེས་བཀོད་ཡོད། དེའི་སྐབས་སུ་རབ་བྱུང་གི་གྲངས་ལ་བརྟེན་ནས་རབ་བྱུང་མགོ་ཚུགས་པའི་སྤྱི་ལོ་དེ་བརྩི་ཐུབ་པ་མ་ཟད། རབ་བྱུང་དེའི་བགྲང་བྱ་ག་གེ་མོ་དེ་ལ་བརྟེན་ནས་དེ་དང་འཚམས་པའི་སྤྱི་ལོའི་ལོ་ཚིགས་ཀྱང་བརྩི་ཐུབ་པ་རེད། དཔེར་ན་རབ་བྱུང་དང་པོའི་བགྲང་བྱ་ལྔ་བ་ཞེས་པ་ལྟ་བུར་མཚོན་ན། རབ་བྱུང་དང་པོ་ནི་སྤྱི་ལོ1027ལོར་མགོ་ཚུགས་པ་དང་། དེ་ནས་བརྩིས་པའི་བགྲང་བྱ་ལྔ་བ་ནི1031ཡིན་པ་རེད། འདི་ནས་མཉམ་འཇོག་བྱེད་རྒྱུ་ཞིག་ལ་རབ་བྱུང་དང་པོའི་བགྲང་བྱ་ལྔ་བ་ཟེར་སྐབས། རབ་བྱུང་དང་པོ་ནི་སྤྱི་ལོ1027ཡིན་པ་དང་། དེ་ལས་བརྩིས་པའི་བགྲང་བྱ་ལྔ་བ་ནི་དེའི་སྟེང་དུ་བགྲང་བྱ་ལྔ་སྣོན་དགོས་པ་མ་ཡིན་པར་སྤྱི་ལོ1027དེ་ཉིད་ནང་དུ་འདུས་པའི་བགྲང་བྱ་ལྔ་བ་ལ་ཟེར་བ་ཡིན། གལ་ཏེ་སྤྱི་ལོ1027སྟེང་དུ་བགྲང་བྱ་ལྔ་བསྣན་ན་སྤྱི་ལོ1032སུ་འགྱུར་བ་དང་། སྤྱི་ལོ1027ནང་དུ་འདུས་ཏེ་དེ་ནས་བགྲང་བྱ་ལྔ་བརྩིས་ན་སྤྱི་ལོ1031ལ་ཁེལ་བ་རེད། དེ་བས་གོང་གི་སྤྱི་འགྲོས།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967འདིའི་སྟེང་དུ་བགྲང་བྱའི་གྲངས་ལས་གཅིག་འཕྲི་ནས་སྣོན་དགོས། དེ་ལྟར་ན་སྤྱི་འགྲོས་དེ་ཉིད།
སྤྱི་ལོ={(60×རབ་བྱུང་གི་གྲངས)+967}+ {བགྲང་བྱའི་གྲངས-1}ཏུ་འགྱུར་བ་རེད། དཔེར་ན། རབ་བྱུང་གཉིས་པའི་བགྲང་བྱ་ཉེར་ལྔ་བ་ལྟ་བུར་མཚོན་ན།
སྤྱི་ལོ={(60×རབ་བྱུང་གི་གྲངས)+967} +{བགྲང་བྱའི་གྲངས-1}
སྤྱི་ལོ={ (60×2)+967}+{25-1}
={ 120+967}+{24}
=1087+24
=1111ཞེས་རབ་བྱུང་གཉིས་པའི་བགྲང་བྱ་ཉེར་ལྔ་པ་ནི་སྤྱི་ལོ1111ལ་ཁེལ་ཡོད་པ་རེད། དེ་བཞིན་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བཅུ་བདུན་པའི་ལོ་ཚིགས་བརྩིས་ན།
སྤྱི་ལོ={(60×རབ་བྱུང་གི་གྲངས)+967}+{བགྲང་བྱའི་གྲངས-1}
སྤྱི་ལོ={(60×17)+967}+{17-1}
={1020+967}+{16}
=1987+16
=2003ཞེས་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བཅུ་བདུན་པ་ནི་སྤྱི་ལོ2003ལ་ཁེལ་ཡོད་པ་རེད།
གསུམ་པ། རབ་བྱུང་དང་འབྱུང་བ་ལོ་རེས་ལ་བརྟེན་ནས་ལོ་ཚིགས་རྩི་ཚུལ།
ཡང་སྐབས་འགར་རབ་བྱུང་ག་གེ་མོའི་འབྱུང་བ་ག་གེ་མོའི་ལོ་རེས་ག་གེ་མོ་ཞེས་བཀོད་འདུག དེའི་སྐབས་སུ་རབ་བྱུང་ལ་བརྟེན་ནས་སྤྱི་ལོ་རྩི་ཚུལ་ནི་གོང་དུ་བརྗོད་པ་བཞིན་སྤྱི་འགྲོས།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967འདི་རྨང་གཞི་བྱས་ཏེ་དེའི་སྟེང་དུ་འབྱུང་བ་དང་ལོ་རེས་ཀྱི་རྩི་སྟངས་སྣོན་དགོས།
འབྱུང་བ་ལ་ཤིང་མེ་ས་ལྕགས་ཆུ་བཅས་ལྔ་ཕོ་རེ་མོ་རེ་བྱས་ནས་འཁོར་བས་ལོ་བཅུའི་མཚམས་ནས་ཐེངས་རེ་འཁོར་བ་ཡིན། དེ་ལས་རབ་བྱུང་དང་པོའི་ལོ་དང་པོའི་འབྱུང་བ་ནི་མེ་མོ་ཡིན་པས་དེའི་རྗེས་ཀྱི་རབ་བྱུང་གང་ཡིན་ཡང་མགོ་ཚུགས་པའི་འབྱུང་བ་ནི་མེ་མོ་ཡིན་པ་རེད། དེས་ན་རབ་བྱུང་དང་པོའི་ལོ་དང་པོ་ནི་སྤྱི་ལོ1027ལ་ཁེལ་ཡོད་པས་འབྱུང་བ་མེ་ཕོ་དང་མེ་མོ་གཉིས་སྤྱི་ལོ1026དང1027གྱི་ལོ་གཉིས་ལ་ཁེལ་ཡོད་པ་རེད། དེ་བས་དེའི་རྗེས་ཀྱི་རབ་བྱུང་དང་བགྲང་བྱ་གང་ཡིན་ཡང་། འབྱུང་བ་མེ་ནི་གྲངས6དང7གཉིས་ལ་ཁེལ་ཡོད་པ་རེད། དཔེར་ན1026 1027 1036 1037 …… 1236……1287……1656……1747……1896……1997……2006 2007……2016སོགས་ད་ལྟའི་བར་གྱི་ལོ་གྲངས6དང7གྱི་སྟེང་དུ་ཁེལ་ཡོད་ལ། དེ་ལས་གྲངས6ནི་མེ་ཕོ་དང་གྲངས7ནི་མེ་མོ་ཡིན་པ་རེད། རབ་བྱུང་དང་པོ་ལྟར་ན་མེ་མོ་དེ་ནི་རབ་བྱུང་དང་པོའི་ཉིན་དང་པོ་ཡིན་པས་མེ་ཕོ་ནི་རབ་བྱུང་ཞིག་མཇུག་རྫོགས་ལ་ཉེ་བའི་མཐའ་མཇུག་གི་ལོ་དེ་ལའང་ཁེལ་ཡོད་པ་རེད། དེ་བཞིན་དུ་འབྱུང་བ་གཞན་པ་དག་ཀྱང་། ས་ནི8དང9ལྕགས་ནི0དང1ཆུ་ནི2དང3ཤིང་ནི4དང5བཅས་ལ་ཁེལ་ཡོད། རེའུ་མིག་ལྟར་གསལ་བར་བྱས་ན།
ལྟར་ཡིན་པ་རེད། དཔེར་ན་རབ་བྱུང་དང་པོའི་ཤིང་ལོ་ཞེས་པ་ན། རབ་བྱུང་དང་པོའི་ལོ་དང་པོ་ནི་སྤྱི་ལོ1027དང་། འབྱུང་བ་ཤིང་ལ་ཁེལ་བའི་ལོ་ནི4དང5ཡིན་པས། རབ་བྱུང་དང་པོའི་ཤིང་ལོ་ནི་སྤྱི་ལོ1034 1035 1044 1045 1054 1055 1064 1065 1074 1075 1084 1085བཅས་ཡིན་པ་རེད། དེ་ལྟར་ན་རབ་བྱུང་གཅིག་གི་ནང་དུ་འབྱུང་བ་གཅིག་ཐེངས་བཅུ་གཉིས་ལ་འཁོར་ཡོད་པ་རེད། འབྱུང་བ་ཤིང་ལ་དཔེ་བཞག་ན་རབ་བྱུང་གཅིག་གི་ནང་དུ་ཤིང་ལོ་བཅུ་གཉིས་ཡོད་པ་དང་། ཤིང་ཕོ་དྲུག་དང་ཤིང་མོ་དྲུག་ཡོད། འབྱུང་བ་གཞན་དག་ཀྱང་དེ་ཡི་རང་བཞིན་ནོ།། ཡིན་ཡང་འབྱུང་བ་ཤིང་ཡིན་པ་ཤེས་པ་ཙམ་གྱིས་ལོ་ཚིགས་གཏན་འཁེལ་བྱེད་མི་ཐུབ་སྟེ། དཔེར་ན་གོང་གི་རབ་བྱུང་དང་པོའི་ཤིང་ལོ་ལྟ་བུར་མཚོན་ན་འབྱུང་བ་ཤིང་ཡིན་པ་ལོ་ཚིགས་བཅུ་གཉིས་ཡོད་པ་རེད། དེ་བས་ལོ་ཚིགས་ཏག་ཏག་གཏན་འཁེལ་བྱེད་ན་འབྱུང་བའི་རྗེས་ཀྱི་ལོ་རེས་ལའང་བསྟུན་དགོས་པ་རེད། དེ་ཡང་མེ་མོ་ཡོས་ནི་རབ་བྱུང་མགོ་ཚུགས་པའི་ལོ་ལྟར་དུ་དེ་ནས་འབྱུང་བ་རྣམས་གོ་རིམ་ལྟར་བསྒྲིགས་ན་འབྱུང་བའི་གོ་རིམ་ནི་གཤམ་ལྟར་རེད།
ལོ་རེས་ལ་བཅུ་གཉིས་ཡོད་དེ། སྟག་ཡོས་འབྲུག་སྦྲུལ་རྟ་ལུག་སྤྲེལ་བྱ་ཁྱི་ཕག་བྱི་གླང་བཅས་སོ།། རབ་བྱུང་ལྟར་ན་ཡོས་དེ་རབ་བྱུང་དང་པོའི་ལོ་དང་པོའི་སྟེང་དུ་ཁེལ་ཡོད། དེ་བས་དེའི་རྗེས་ཀྱི་རབ་བྱུང་ཡོད་ཚད་ཀྱང་ཡོས་ནི་ཐོག་མའི་ལོ་ཡིན། ལོ་རེས་ལ་བཅུ་གཉིས་ཡོད་པས་ལོ་བཅུ་གཉིས་མཚམས་ནས་རེ་རེ་འཁོར་བ་ཡིན། དཔེར་ན་རབ་བྱུང་དང་པོའི་མེ་མོ་ཡོས་ཀྱི་ལོ་ནི་སྤྱི་ལོ1027ཡིན་པ་ན། དེ་ནས་ལོ་བཅུ་གཉིས་རེའི་མཚམས་ཏེ་སྤྱི་ལོ1039 1051 1063 1075སོགས་ཀྱང་ཡོས་ཀྱི་ལོ་ཡིན། ལོ་རེས་གཞན་དག་ཀྱང་དེ་ལྟར་རོ།།
དེ་ལྟར་ན་རབ་བྱུང་གཅིག་ནི་ནང་དུ་ལོ་རེས་རེ་ཐེངས་ལྔ་ལ་འཁོར་བ་དང་། དེའི་ལོ་ཚིགས་ནི་ལོ་སྐོར་དང་པོའི་གྲངས་དེ་ནས་བརྩིས་པའི་ལོ་བཅུ་གཉིས་རེའི་མཚམས་ན་ཡོད་པ་རེད། དཔེར་ན། རབ་བྱུང་དང་པོའི་བྱ་ལོ་ལྟ་བུར་མཚོན་ན། ལོ་སྐོར་དང་པོའི་སྐབས་སུ་བྱ་ལོ་ནི་སྤྱི་ལོ1033ཡིན་ལ། དེ་ནས་ལོ་བཅུ་གཉིས་བཅུ་གཉིས་བརྩིས་པའི་མཚམས་ཏེ་སྤྱི་ལོ1045 1057 1069 1081སོགས་ཀྱང་བྱ་ལོ་ཡིན་པ་རེད། དེ་བས་རབ་བྱུང་གི་འབྱུང་བ་མ་ཤེས་པར་ལོ་རེས་གཅིག་པུ་ཤེས་ཀྱང་ལོ་ཚིགས་གཏན་འཁེལ་བྱེད་ཐུབ་པ་མ་རེད། དེ་ཡང་ཡོས་ལོ་ནི་རབ་བྱུང་དང་པོའི་མགོ་ཚུགས་པའི་ལོ་རེས་ཡིན་པས། དེ་དང་པོ་བྱས་ཏེ་གོ་རིམ་བསྒྲིགས་ན་ལོ་རེས་ཀྱི་གོ་རིམ་ནི་གཤམ་ལྟར་ཡིན་པ་རེད།
དེ་ལྟར་ན་རབ་བྱུང་དང་འབྱུང་བ། ལོ་རེས་བཅས་སྦྲེལ་ཏེ་ལོ་ཚིགས་རྩི་བའི་ཚུལ་ནི། ཐོག་མར་སྤྱི་འགྲོས།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967འདི་ལ་བརྟེན་ནས་རབ་བྱུང་དེ་མགོ་ཚུགས་པའི་སྤྱི་ལོ་བརྩི་དགོས་ཏེ། དཔེར་ན་རབ་བྱུང་གཉིས་པའི་ལྕགས་འབྲུག་ལོ་དེ་སྤྱི་ལོའི་ལོ་ཚིགས་གང་ཡིན་བརྩི་ན། ཐོག་མར་གོང་གི་སྤྱི་འགྲོས་འདིའི་ནང་དུ་བཞག་སྟེ།
སྤྱི་ལོ=(60×རབ་བྱུང་གི་གྲངས)+967
=(60×2)+967
=120+967
=1087ཞེས་པ་ལྟར་རབ་བྱུང་གཉིས་པའི་མགོ་ཚུགས་པའི་སྤྱི་ལོ་ནི་སྤྱི་ལོ1087ལོ་ཡིན་པ་རེད། དེ་ནས་ལྕགས་འབྲུག་ལོ་རྩི་ཚུལ་ནི། འབྱུང་སྐོར་གྱི་གོང་གི་རེའུ་མིག
འདི་ལྟར་འབྱུང་བ་ལྕགས་ནི་གྲངས0དང1ལ་ཁེལ་བ་ཡིན། སྐབས་འདིར་རབ་བྱུང་གཉིས་པ་ནི་སྤྱི་ལོ1087ལོ་ནས་ཚུགས་པ་ཡིན་པས། རབ་བྱུང་འདིའི་ནང་གི་འབྱུང་བ་ལྕགས་ཡིན་པའི་ལོ་ཚིགས་ནི་སྤྱི་ལོ1090 1091 1100 1101 1110 1111 1120 1121 1130 1131 1140 1141བཅས་བཅུ་གཉིས་ཡོད་པ་རེད།
ཡང་ལོ་སྐོར་གྱི་རེའུ་མིག
འདི་ལྟར་རབ་བྱུང་གཉིས་པའི་ལོ་དང་པོ་སྤྱི་ལོ1087ནི་ལོ་རེས་ཡོས་ཡིན་པས། ལོ་སྐོར་དང་པོའི་འབྲུག་ལོ་ནི་སྤྱི་ལོ1088ལ་ཁེལ་ཡོད་པ་རེད། དེ་ནས་ལོ་བཅུ་གཉིས་རེའི་མཚམས་ཏེ། སྤྱི་ལོ1100 1112 1124 1136བཅས་ཀྱང་འབྲུག་ལོ་ཡིན་པ་རེད། དེ་བས་རབ་བྱུང་དང་པོའི་འབྱུང་བ་ལྕགས་ཀྱི་ལོ་སྟེ། སྤྱི་ལོ1090 1091 1100 1101 1110 1111 1120 1121 1130 1131 1140 1141བཅས་ལོ་ཚིགས་བཅུ་གཉིས་དང་། རབ་བྱུང་དང་པོའི་ལོ་རེས་འབྲུག་གི་ལོ་སྟེ། སྤྱི་ལོ1088 1100 1112 1124 1136བཅས་ལོ་ཚིགས་ལྔ་ལས། འབྱུང་བ་ལྕགས་ཀྱང་ཡིན་ལ་ལོ་རེས་འབྲུག་ཀྱང་ཡིན་པའི་ལོ་ནི་སྤྱི་ལོ1100ལོ་གཅིག་པུ་ལས་མེད་པས་རབ་བྱུང་དང་པོའི་ལྕགས་འབྲུག་ལོ་ནི་སྤྱི་ལོ1100ལོ་ཡིན་པ་རེད། དེ་བས་རབ་བྱུང་དང་འབྱུང་བ། ལོ་རེས་ཀྱིས་ལོ་ཚིགས་བརྩི་བའི་སྤྱི་འགྲོས་ནི། རབ་བྱུང་དེའི་འབྱུང་སྐོར་དང་ལོ་སྐོར་གཅིག་ཏུ་ཁེལ་བའི་ལོ་དེ་ཡིན་ཏེ།
འབྱུང་སྐོར={(60×རབ་བྱུང་གི་གྲངས) +967}+(འབྱུང་བའི་གོ་རིམ-1)+10n(n=0, 1, 2, 3, 4, 5)
ལོ་སྐོར={(60×རབ་བྱུང་གི་གྲངས)+967}+(ལོ་རེས་ཀྱི་གོ་རིམ-1)+12n(n=0, 1, 2, 3, 4)
དཔེར་ན། རབ་བྱུང་ལྔ་བའི་ས་སྟག་ལྟ་བུར་མཚོན་ན། སྤྱི་འགྲོས་འདིའི་ནང་དུ་འཇུག་ཚུལ་ནི།
འབྱུང་སྐོར={(60×རབ་བྱུང་གི་གྲངས) +967}+{(འབྱུང་བའི་གོ་རིམ-1) +10n(n=0, 1, 2, 3, 4, 5)
འབྱུང་སྐོར={ (60×5)+967}+(ས-1) +10n(n=0, 1, 2, 3, 4, 5)
འབྱུང་སྐོར={ 300 +967}+(2,3-1) +10n(n=0, 1, 2, 3, 4, 5)
འབྱུང་སྐོར=1267+(1,2) +10n(n=0, 1, 2, 3, 4, 5)
1.འབྱུང་སྐོར=1267+1 +10n(n=0, 1, 2, 3, 4, 5)
འབྱུང་སྐོར=1268 +10n(n=0, 1, 2, 3, 4, 5)
འབྱུང་སྐོར=1268, 1278, 1288, 1298, 1308, 1318བཅས་རེད།
2.འབྱུང་སྐོར=1267+2 +10n(n=0, 1, 2, 3, 4, 5)
འབྱུང་སྐོར=1269 +10n(n=0, 1, 2, 3, 4, 5)
འབྱུང་སྐོར=1269, 1279, 1289, 1289, 1299, 1309བཅས་རེད།
ལོ་སྐོར={(60×རབ་བྱུང་གི་གྲངས)+967}+(ལོ་རེས་ཀྱི་གོ་རིམ-1)+12n(n=0, 1, 2, 3, 4)
ལོ་སྐོར={(60×5)+967}+(སྟག-1) +12n(n=0, 1, 2, 3, 4)
ལོ་སྐོར={300+967}+(12-1) + 12n(n=0, 1, 2, 3, 4)
ལོ་སྐོར=1267+11+12n(n=0, 1, 2, 3, 4)
ལོ་སྐོར=1268 +12n(n=0,1,2,3,4)
ལོ་སྐོར=1268, 1280, 1292, 1304, 1316བཅས་རེད། དེ་བས་རབ་བྱུང་ལྔ་པའི་འབྱུང་བ་ས་ལོ་སྐོར1268,1278,1288,1298,1308,1318,1269,1279,1289,1289,1299,1309དང་། རབ་བྱུང་ལྔ་བའི་ལོ་རེས་ཤིང་གི་ལོ་སྐོར1268, 1280, 1292, 1304, 1316ལས་ལོ་ཚིགས་གཅིག་ལ་ཁེལ་བའི་ལོ་ནི1268ལོ་རེད། དེ་བས་རབ་བྱུང་ལྔ་བའི་ས་སྟག་ལོ་ནི་སྤྱི་ལོ1268ལོ་རེད།