ཕྱག་མདུད་དང་དགུ་མདུད་ངོ་སྤྲོད་བྱེད་པ།
སྤེལ་དུས 2019-04-25
ཡོང་ཁུངས། ནོར་ནོར་བརྙན་འཕྲིན།
རྩོམ་པ་པོ།
དེ་ཡང་ཟབ་ལམ་རྡོ་རྗེ་ཐེག་པར་འཇུག་པ་ལ། ཐོག་མར་དབང་སྔོན་དུ་ཐོབ་དགོས་པས་དེ་ཐོབ་པ་ལ། སྟ་གོན་གྱི་རིམ་པ་དང༌། དངོས་གཞིའི་རིམ་པ་གཉིས་ལས།དང་པོ་སྟ་གོན་ལ་ཀུན་སློང་བཅོས་པ་སོགས་ལྔ་ཡོད་པའི་ཡ་གྱལ་བསྲུང་ཞིང་སྤྲོ་བ་བསྐྱེད་པ་སོགས་ལས་བསྲུང་བ་ནི། གང་ལས་བསྲུང་ན། རང་ལ་ཞི་བདེའམ་གཏན་གྱི་བདེ་བ་མ་ཐོབ་ཀྱི་བར་དུ། དེ་ཐོབ་བྱེད་ཀྱི་ཡ་རབས་ཀྱི་བྱ་སྤྱོད་བཟང་པོ་རྣམ་པར་དག་པ་བསྒྲུབ་པ་ལ་བར་དུ་གཅོད་བྱེད་ཀྱི་མི་མཐུན་ཕྱོགས་མི་དང་མི་མ་ཡིན་པ་དང༌། ཕྱི་ནང་གི་འགལ་རྐྱེན་བདུད་རིགས་ཀྱིས་མི་ཚུགས་པར་སྲུང་བས་ན་བསྲུང་བ་ཞེས་དང༌།ཇི་ལྟར་བསྲུང་ན།སྲུང་བྱེད་ཀྱི་སྐུད་པ་དང་སྔགས་ནི། སྲུང་སྐུད་ནི་རྡོ་རྗེ་སློབ་མའི་ལུས་ཚད་སུམ་སྒྲིལ་བྱས་ཏེ་རྡོ་རྗེ་མདུད་མཚམས་ལ་འཐོབ་བྱའི་དབང་གི་ལྷ་དེའི་སྔགས་བརྒྱ་རྩ་བཟླས་ནས་ཕུ་བཏབ་སྟེ། འཆང་བ་པོའི་དཔུང་བ་གཡོན་པ་བསྡམས་པའམ།དེར་བཏགས་པ་ན་བདུད་ལས་སྲུང་བར་བྱེད་དོ། །སྤྲོ་བ་བསྐྱེད་དེ་བསྲུང་ཞིང་རྨི་ལམ་བརྟག་པར་གདམས་པ་ཞེས་པའི་སྐབས་ཀྱི༼རྒྱུད་འགྲེལ༽ལས། དཔུང་སྐུད་སློབ་མའི་ལུས་ཚད་སུམ་སྒྲིལ་གྱི་མདུད་མཚམས་སུ་བླ་མས་དྲིའི་ཆུས་རྡོ་རྗེ་རྒྱ་གྲམ་དུ་རེག་ཅིང༌། དེར་སྣ་ཚོགས་རྡོ་རྗེའི་གདན་ལ་རྒྱལ་བ་བྱམས་པ་མགོན་པོ་བཟང་པོའི་བཞུགས་སྟངས་ཅན་གྱི་སྐུ་ལུས་འོད་ཟེར་འཕྲོས་ཏེ་སངས་རྒྱས་བྱམས་པ་མ་བྱོན་གྱི་བར་དུ་བདུད་ཀྱིས་གཡོ་བ་མེད་པར་སྲུང་ཞིང་བྱིན་གྱིས་བརླབ་པར་མོས། ཞེས་སོ། །དེ་བཞིན་དུ་རྒྱུད་སྡེ་རྣམས་ལས། ལྷ་གང་ལ་དད་མོས་ཀྱིས་རྣལ་འབྱོར་བ་གང་གིས་དེའི་གཟུངས་སྔགས་བཟླས་པ་སོགས་གོང་ལྟར་བྱས་ཏེ་ལུས་ལ་འཆང་བ་གང་ལའང་གནོད་པས་མི་ཚུགས་པར་གསུངས་པས། དེའི་མིན་ངག་གམ་ཕྱག་ལེན་ལས་འཕྲོས་ཏེ། དབང་གི་སྐབས་མིན་ནའང་རང་གི་ཕྱག་གི་ཡུལ་དུ་གྱུར་པའི་བླ་མ་དགེ་བའི་བཤེས་གཉེན་གྱིས་དར་སྐུད་ལ་རྡོ་རྗེ་མདུད་པ་བརྒྱབ་སྟེ་སྔགས་ཀྱི་ཕུ་བཏབ་ནས་ཕྱག་མདུད་གནང་བར་བརྟེན། དད་ལྡན་སྐྱ་སེར་ཕོ་མོ་རྣམས་ཀྱིས་མགྲིན་པར་བཅིངས་པས་ཕ་རོལ་གནོད་པ་ལས་སྐྱོབ་པའི་ཡིད་ཆེས་ཡོད་པའི་ཆ་ནས་ཆེས་ཆེར་དར་བར་གྱུར་ཏོ། །ཕྱག་མདུད་ཀྱི་ཁ་དོག་དང་རྒྱུ་ལ་ཡང་ངེས་པ་མེད་དེ། དར་སྐུད་དང་གོས་སྐུད་ཁ་དོག་སེར་པོ་དམར་པོ་སོགས་ཡོད་པས། དགེ་ཚུལ་སློང་ངམ་རབ་བྱུང་བ་ལ་ཕྱག་མདུད་སེར་པོ་དང༌། མི་སྐྱ་ཕོ་མོ་རྣམས་ལ་དམར་པོ་དང་ལྗང་ཁུ་སྔོན་པོ་སོགས་གང་རུང་གནང་བའི་ཕྱག་ལེན་ཡོད། དེར་བརྟེན་དབང་གི་སྐབས་སུ་དཔུང་སྐུད་དང༌། བླ་མ་ལ་མཇལ་བའི་ཚེ་ཕྱག་མདུད་དར་རོ། །དེ་དང་རིགས་མཐུན་དགུ་མདུད་སོགས་མང་པོ་ཡོད་ཀྱང༌། གང་ལྟར་ན་སྔགས་ནུས་ཅན་གྱི་རྣལ་འབྱོར་བས་གཟུངས་མང་བཟླས་ནས་བྱིན་གྱིས་བརླབས་པའི་དངོས་པོ་དེ་ལུས་ལ་བཅིངས་པ་ན་བྱིན་རླབས་འབྱུང་བ་ཤ་སྟག་ཡིན་པ་ལུང་ཚད་མ་ལས་གྲུབ་བོ། །
རྩོམ་སྒྲིག་པ། སྣང་རྡོར།