དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

བོད་གནའ་རབས་ཀྱི་གྱོན་པའི་སྐོར་མདོ་ཙམ་གླེང་བ།

སྤེལ་དུས 2020-03-16 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཕག་གྲུ

གུ་གེའི་རྒྱལ་རབས་སྐབས་ཀྱི་ལྡེབས་རིས།
          དང་པོ། སྔོན་འགྲོའི་གཏམ།
          དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་གནའ་རྫས་ཞིབ་འཇུག་པ་མང་པོས་མདོ་དབུས་མཐོ་སྒང་གི་ཡུལ་འདི་ལ་ལོ་ངོ་ཁྲི་ཕྲག་ཡར་སྔོན་ནས་བཟུང་འགྲོ་བ་མི་བྱུང་བར་འདོད་པ་དང་། དེ་བཞིན་ལོ་རྒྱུས་ཡིག་ཆ་ལ་གཞིགས་ན། རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་རྒྱལ་ཕྲན་སིལ་མ་བཞི་བཅུའི་གོང་དུ་གངས་ཅན་ལྗོངས་སུ་འཚོ་བའི་འགྲོ་བ་མིའི་རིགས་ཕལ་ཆེར་ཟས་སུ་མ་རྨོས་ལོ་ཏོག་དང་ཤིང་ཏོག རི་དྭགས་བསད་པའི་ཤ་ལ་ལོངས་སྤྱོད་ཅིང་། གོས་སུ་རི་དྭགས་པགས་པ་དང་ཤིང་གི་ལོ་མ་གྱོན་པའོ་ཞེས་པ་ལྟར་སེམས་ཅན་གཞན་ལ་རྒོལ་ནས་ཤ་ཁྲག་ཟས་སུ་སྤྱོད། དམར་པོའི་མེ་ལ་བརྟེན་པ་ནས་ལུས་ཀྱི་སྤུ་བྱི། ངོ་ཚ་སྲུང་ཕྱིར་ཤིང་ལོ་ཡིས་སྒྲིབ་པའམ་གྲང་ལྷགས་འགོག་ཕྱིར་པགས་པ་གྱོན་པ་བཅས་གྱོན་ཆས་དགོས་པའི་རྟེན་འབྲེལ་གྱི་དབུ་ཁྱུད་འདི་ནས་བརྩམས་པ་ནི། གདོད་མའི་ཐོན་སྐྱེད་འཚོ་བའི་ཆོས་ཉིད་དང་འགྲོ་བ་མི་རིགས་ཀྱི་གདོད་མའི་གྱོན་ཆས་བྱུང་འཕེལ་གྱི་ལོ་རྒྱུས་སྤྱི་ཁོག་དང་མཐུན་པས། བོད་ཡུལ་དུ་གྱོན་པ་ནི་ཤིན་ཏུ་དར་སྔ་མོད། གྱོན་པའི་ཐོག་མ་ནི་འདི་འདྲའོ་ཞེས་རྡོག་རྡོག་ཅིག་ཤིན་ཏུ་སྟོན་དཀའ་བ་འདི་ཡུལ་ཀུན་ལ་འདྲ་བ་ཡིན་ལ། <<དག་ཡིག་གསར་བསྒྲིགས་ལས།>> གྱོན་པ་ནི་མིའི་ལུས་ལ་གྱོན་པའི་ལྭ་བ་སོགས་ཀྱི་སྤྱི་མིང་ཞེས་འགྲེལ་ཡོད་མོད། སྤྱིའི་ཆ་ནས་བརྗོད་ན་གྱོན་པ་ནི་མི་རིགས་ཤིག་གི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གྱོན་ཆས་ཀྱིས་མི་རིགས་གང་དེའི་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་ནང་གི་རིན་ཐང་ལྟ་བ་དང་ཐོན་སྐྱེད་ཀྱི་རྣམ་པ། དད་མོས་ཀུན་སྤྱོད། གོམས་གཤིས་རིག་གནས་སོགས་ཀྱི་འགྱུར་ལྡོག་དང་། གནའ་མིའི་རྗེས་ཤུལ་རིག་གནས་ཀྱི་ངོས་མང་པོ་ཞིག་གི་ཆ་འཕྲིན་ང་ཚོར་བརྒྱུད་སྤྲོད་བྱེད་ཐུབ། གཞན་བོད་མི་རིགས་ལ་མཚོན་ནའང་འཛམ་གླིང་མི་རིགས་སྤྱིའི་ཆོས་ཉིད་དང་འདྲ་བར། བོད་གནའ་རབས་ཀྱི་གྱོན་ཆས་འཕེལ་རྒྱས་ཀྱི་དུས་རིམ་བཞི་བརྒྱུད་ཡོད་པ་དེ་དང་པོ་གོས་མེད་པ་ནས་ལུས་སུ་ཤིང་ལོ་དང་པགས་པ་གྱོན་པའི་བསྐལ་བ་ཡ་ཐོག་གི་རྡོ་ཆས་རྙིང་མའི་དུས་སྐབས་དང་། གཉིས་པ་རུས་ཁབ་དང་འཕང་རྡོ་སོགས་བཟོས་ནས་པགས་པ་མཉེ་དྲུབ་ཤེས་པའི་རྡོ་ཆས་གསར་མའི་དུས་སྐབས། གསུམ་པ་རས་དར་དང་ཁྲབ་རྨོག་བྱུང་བའི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས། བཞི་བ་གྱོན་པ་སྣ་མང་དར་བའི་བོད་སིལ་བུའི་དུས་སྐབས་བཅས་སུ་འདོད་དོ། 

ཕོ་བྲང་པོ་ཏ་ལའི་ལྡེབས་རིས།
          གཉིས་པ། དངོས་གཞིའི་ནང་དོན།
          དེ་ལྟར་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་ཀྱི་འཚོ་བ་དེ་ལོ་གྲངས་འབུམ་ཕྲག་མང་པོ་བརྒྱུད་ནས་དུས་ཡུན་རིང་པོར་དཀའ་སྤྱད་ཀྱི་ངལ་རྩོལ་བྱས་ཏེ་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་མང་པོ་ཞིག་བསགས་ཡོད་པར་བརྟེན། རིམ་བཞིན་ཐབས་ཤེས་དང་ལག་རྩལ་ལ་ཡར་རྒྱས་ཐོབ་སྟེ་རྡོ་ཆས་དང་། ཤིང་གི་ཡོ་བྱད་རིགས་མི་འདྲ་བ་མཛེས་ཆ་དང་ལྡན་པ་མང་པོ་གསར་བཟོ་ཤེས་པ་མ་ཟད། རུས་གྲི་དང་རུས་ཁབ་སོགས་བཅོས་ནས་འབུག་བརྡར་བཅོས་གསུམ་གྱི་ལག་ཤེས་ཁྱབ་གདལ་དུ་ཕྱིན་པ་རེད། དེ་དང་དུས་མཉམ་དུ་དད་མོས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་གང་མང་གི་འགྱུར་བ་ནང་བཞིན་གྱོན་ཆས་ལའང་གྱོན་པ་ཙམ་མ་ཡིན་པར་རྒྱན་ཆ་ཡི་ངོ་བོ་མང་པོ་སྤྲད་པ་དང་། ཞ་ཞོར་དུ་གྱོན་པ་མིན་པའི་ཟུར་རྒྱན་ཐ་ཐོར་ཏེ་འདོགས་ཆ་དང་མགུལ་རྒྱན་མང་པོ་བྱུང་ནས་གྱོན་པ་ནས་རྒྱན་གོས་ཀྱི་བར་བརྒལ་བྱུང་འདུག དཔེར་ན་ཁ་རུབ་གནའ་ཤུལ་ནས་རྙེད་པའི་མགུལ་རྒྱན་དང་རྣ་ལུང་། འགྲོན་བུ་གཡང་ཊི་སོགས་ལས་ཤེས་ཐུབ། དེ་ནས་མི་རྣམས་ཀྱི་བསམ་པའི་གཏིང་རིམ་ལ་མཛེས་པ་དང་མི་མཛེས་པ་ཞེས་པའི་དོན་སྤྱི་ཞིག་ཆགས་པའི་རྒྱན་གོས་ཞིག་ཡིན་ཕྱིན། དེའི་མཛེས་མིན་དང་གྲ་དག་མིན་སོགས་ལ་སྣང་དོགས་བྱེད་པའི་སྲོལ་ཆགས་པ་དང་། དེ་ཡང་གང་བྱུང་ཞིག་མ་ཡིན་པར། རང་རང་སོ་སོའི་སེམས་ཁོངས་སུ་ཐུན་མོང་གི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་ཁས་ལེན་བྱེད་པའི་མཛེས་དཔྱོད་ཚད་གཞི་ཞིག་ཆགས་ཡོད་པས་རེད། ཡིན་ནའང་ཤེས་རིག་དར་རྒྱས་སུ་སོང་ཞིང་སྤྱི་ཚོགས་ཀྱི་དུས་རིམ་ངེས་ཅན་ཞིག་ལ་སོན་སྐབས་མི་ལུས་ཀྱི་གྱོན་པ་དེ་གདོད་མའི་མཛེས་ཆོས་ཀྱི་དགོས་པ་ཙམ་ནས་རྒྱུ་ངོམས་དང་། གོ་གནས། སྐྱེས་ཁུངས་སོགས་གྲལ་རིམ་མི་གཅིག་པ་སོ་སོའི་དབྱེ་བ་མཚོན་ཚུལ་ཞིག་ཆགས་པར་སེམས་སོ།
          བོད་མི་རིགས་འདི་ཡང་སྔོན་ཐོན་གྱི་མི་རིགས་གཞན་དག་དང་མཚུངས་པར་ས་ཁོངས་ཆུང་ངུ་ཞིག་གམ་རིགས་རྒྱུད་གཅིག་ཁོ་ན་ལས་འཕེལ་ཞིང་གྲུབ་པ་ཞིག་མིན་པར། ཡུན་རིང་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རིམ་ནང་དབུས་ཕྱོགས་ཡར་ཀླུང་གཙོ་བོར་བྱས་པའི་འ་ཞ་དང་། ཞང་ཞུང་། སུམ་པ། ལྡོང་སྤྱང་། ཤར་པ། ལྷོ་པ། མོན་པ། དྭགས་པོ། རྒྱ་རོང་། འཇང་རིགས་སོགས་གཅིག་ཏུ་འདུས་ཤིང་། རིགས་རྒྱུད་དང་མཆེད་ཁུངས་ཕ་མེས་གཅིག་ལ་གཏུགས་དཀའ་བའི་སྐོར་ཚོགས་ཤིག་ནས་རིམ་བཞིན་བོན་ཆོས་དང་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་རིག་གནས་ཀྱི་ཤུགས་རྐྱེན་འོག་ཐུན་མོང་གི་རིག་གནས་དང་གཅིག་གྱུར་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཆགས་པར་བརྟེན། སྐེ་དང་རྐེད་པ་ཐུང༌། ཉྭ་དང་སྒྱིངས་པ་སྦོམ་པའི་བོད་མི་རིགས་འདིར་འཚམས་པའི་གྱོན་ཆས་ལའང་ཁ་མདོག་དང་རིགས་སྣ་མང་པོ་དར་ཡོད་པ་ནི་བསྙོན་དུ་མེད་པ་སྟེ། ལོ་རྒྱུས་ཀྱི་དེབ་ཐེར་ཁག་ལ་འཁོད་པར་གཞིགས་ན། སྤུ་རྒྱལ་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་གྱི་བར་དུ། བོད་བཙན་པོའི་ཆས་སུ། དབུ་ལ་ལ་ཐོད་དཀར་པོ་ཁྲུ་གང་བ། ན་བཟའ་ལ་གཡིའི་པགས་པ་སོགས་ལས་བཟོས་པའི་ཕྱི་གོས་དང་ནང་གོས་གཉིས། ནང་མ་རིང་ཞིང་སྐེ་རགས་ལྷས་མ་ཁྲ་ཅན། དེ་ནི་རྒྱལ་པོ་དང་བློན་ཆེན་གྱི་ཐོབ་ཐང་མཚོན་བྱེད་ཀྱི་གྱོན་ཆས་ཡིན་ཕྱིར། བོན་གཤེན་དང་མི་སེར་དཀྱུས་མས་གྱོན་ཆས་འདི་འདྲའི་རིགས་གྱོན་ན། སྲིད་དབང་གཡོ་འཕྲོག་གི་བྱ་སྤྱོད་དུ་བརྩིས་ནས། སྲོག་གི་ཉེས་པ་ཕོག་ངེས་པ་དེ་དང་། ཞབས་ལ་ཕྱིང་ལྷམ་འོག་མཐུག་སྣ་གཡེལ། རྒྱན་དུ་རྒྱལ་པོ་གདན་ལ་བཞུགས་སྐབས་པང་དུ་སླེབས་པའི་གཡུའི་སྙན་ཤལ་གཉིས་ཡོད་ཚུལ་འཁོད་པ་ལྟར་ན། དེ་དུས་པགས་རིགས་མཉེ་དྲུབ་དང་། ཕྱིང་པ་འཇོག་པ་ཙམ་དུ་མ་ཟད། རིན་པོ་ཆེའི་རིགས་འབུག་བརྡར་བཅོས་གསུམ་གྱི་ལག་རྩལ་ཡང་ཡོད་པར་མངོན། མེས་དབོན་རྣམ་གསུམ་ཚུན་ཆད་ཀྱི་གྱོན་ཆས་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོས་དར་དམར་པོའི་ཐོད། ཟ་འོག་གི་བེར་དང་། ཕྱགས་ལྷམ་སྣ་འཁྱིལ་བཞེས། སྐབས་འགར་ཐང་ཞུ་གསོལ་བའི་སྲོལ་ཡང་ཡོད།
          མངའ་རིས་ལ་དྭགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་རྣམས་ཀྱིས་ལོ་གསར་སོགས་ཀྱི་ཚེ་སྔོན་གྱི་ཆས་ཡིན་ཟེར་ནས། ཞྭ་དམར་བཙན་ཞྭའི་དབྱིབས་ཅན། རྩེ་མོ་མཐོ་ཞིང་ཕྲ་བའི་གཡས་ཟུར་དུ་ཚེ་དཔོག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིངས་པའི་ལྷག་མ་མདུན་ནས་བསྣོལ་མདུད་ཀྱིས་གྱོན། སྐབས་དེར་བཙན་པོ་རྗེ་བློན་རྣམས་ཤས་ཆེར་གུར་གྱི་ནང་དུ་བཞུགས་པར། བློན་ཆེན་རྣམས་ཀྱང་ཕལ་ཆེར་རྒྱལ་པོའི་ཆས་འདྲ་བ་དང་། དམག་དཔོན་རྣམས་སྟག་པགས་གྱོན། དམག་དཔོན་ཆེ་གྲས་རྣམས་ཀྱིས་སྟག་དཀར་པོའི་པགས་པ་གྱོན། ཕྱིས་སུ་གཟིམ་འགག་ཚོས་འཁྱེར་བའི་འབོག་ལྕག་གམ་སྟག་གི་ཐོག་བུ་བྱ་བ་འདི་ཡང་ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་སྩལ་བའི་ཆས་སུ་གྲགས། སྐབས་དེ་དུས་ནས་བོད་མི་རྣམས་གསེར་དངུལ་གྱི་རྒྱན་ལ་གཅེས་སྤྲས་ཆེ་ཞིང་། རིགས་མཐོ་དམན་གྱི་ཁྱད་པར་མི་སོ་སོའི་དཔུང་པའི་སྟེང་ན་མཚན་མ་བཏབ་ཚུལ་སྣང་།

ཆིང་རྒྱལ་རབས་སྐབས་ཀྱི་མི་དྲག་གི་གྱོན་ཆས།
          གནའ་རབས་སུ་རྒྱལ་མོ་རྣམས་ཀྱི་ཆས་གོས་ཇི་ལྟ་བུ་ཞིག་ཡིན་པའི་ཐད་ལ། སྟོད་ཐུང་སྔོ་ནག་ཕུ་ཐུང་གི་ཁ་ས་ལ་རེག་པ་ཙམ་དུ་རིང་བ་ཞིག་གྱོན། སྨད་ལ་དར་ནག་པོའི་ཤམ་ཐབས་གྱོན། སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བྱས་ཤིང་། རྣ་བ་ལ་ཨ་ལོང་བཏགས། ལྷམ་ཟོ་ཡི་བྱ་བ་གྱོན། དགུན་དུས་སུ་པགས་པའི་གྱོན་པ་ཕྱི་ལ་ཚེམས་དྲུབ་སྣ་ཚོགས་ཡོད་པ་ཞིག་གྱོན། སྐབས་དེར་འབངས་མི་སྤྱིར་བཏང་བ་རྣམས་ནི་ཧ་ལམ་འབྲོག་པའི་ཆ་ལུགས་སུ་གནས་ཏེ། དབྱར་གྱི་དུས་སུ་ཕྱིང་པའི་ཕྱུ་པ་དང་། དགུན་ཁ་པགས་པའི་སློག་པ་གྱོན་ཞིང་། ཕུ་དུང་རྩེ་ཕྲ་ལ་རྩ་བ་སྦོམ་པ། མི་རྣམས་ཀྱིས་གདོང་པར་ཚོས་དམར་བྱུག
          དམག་བསྡུ་ཚེ་གསེར་གྱི་མདའ་མོ་ཞིག་སྔོན་དུ་རྫོངས། དམག་ཁྲིམས་བཙན་ཞིང་གོ་མཚོན་ཤིན་ཏུ་བཟང་། དམག་མདུན་མ་ཕམ་ཚེ་རྗེས་མ་རྣམས་དགྲ་ལ་རྒྱུགས་པས་གཡུལ་ངོ་བཟློག་དཀའ་བ་ཡིན་ཞེས་པ་ལྟར། ཕ་ས་དང་མ་རིས།  ས་མཚམས་དང་ཆུ་མཚམས་བཅས་ཀྱི་རྩོད་རྙོག་ཆུ་མིག་བཞིན་བརྡོལ་ཞིང༌། མེ་རི་བཞིན་འགད་པའི་དུས་རབས་ནང་། ཤིང་མདུང་དང༌།  རྡོ་ལོག ལྕགས་མདུང་དང་ལྕགས་གྲི སྟ་རེ་དང༌ལྕགས་མདའ་བཅས་མཚོན་ཆ་ཡིས་འགྲོ་བ་མིའི་ཚེ་སྲོག་ལ་རྫོགས་ཚིག་བཏབ་པའི་གཡུལ་ས་ནས། ཚེ་སྲོག་འགེབས་སྲུང་བྱེད་ཆེད་ཁྲབ་རྨོག་དར། ལྕགས་དུམ་ལྷུམ་བསྒྲིགས་བྱས་པའི་ཁྲབ་དང་། ལྕགས་ལེབ་འཇོང་རྡུང་བྱས་པའི་རྨོག་ལ་ཚེ་སྲོག་གི་གབ་ཁུངས་བཅོལ་པའི་དུས་རབས་ནང་། ཁྲབ་ཀྱིས་གོས་ཚབ་དང་རྨོག་གིས་ཞྭ་ཚབ་བྱས། དེ་ནི་བོད་པ་ཙམ་མིན་པར་འཛམ་གླིང་ཤར་ནུབ་ཀྱི་འགྲོ་བ་མི་རིགས་ཀུན་ལ་དར་ཁྱབ་བྱུང་བའི་དུས་རབས་ཡ་མཚན་ཅན་ཞིག་ཡིན་ལ། ངོ་ཚ་དང་གྲང་ལྷགས་འགོག་པའི་གྱོན་ཆས་ཐོག  དགྲ་བོའི་མཚོན་ཁ་ནས་ཚེ་སྲོག་སྐྱོབ་ཆེད་ལྕགས་གོས་གྱོན་པས་མ་ཚིམ་པར། གཉེན་གྱི་མིག་སྔར་ནས་ཡིད་དབང་འགུག་པའི་རྒྱན་ཆའི་བཟོ་བཀོད་ཀྱང་དུས་རབས་ཀྱི་འཕེལ་རིམ་དང་འགྲོགས་ནས་ཁ་བའི་ཞིང་ཁམས་སུ་ཁ་བ་ནང་བཞིན་འབབ་མགོ་ཚུགས། མགོ་རྒྱན་དང་སྐེ་རྒྱན། དཔུང་རྒྱན་དང་སོར་གདུབ། རྐེད་འཆིང་དང་གློ་ཐོགས། གསེར་དངུལ་ཟངས་ལྕགས་དང༌། གཡུ་བྱུར་གཟི་གསུམ། མདོར་ན་ལྕགས་དང་རྡོའི་བྱེ་བྲག་དབྱིབས་དང་ཁ་དོག་དམིགས་བསལ་བ་མང་པོ་རྒྱན་ཆར་བཀོལ་ནས། ནགས་གསེབ་ཀྱི་འབུ་ཁྲ་དང་རྒྱ་མཚོའི་ཉ་རིགས་ལ་དམིགས་པ་ནང་བཞིན། ལྟ་ན་མིག་སྦྲིད་ཅིང༌། བསམ་ན་ཡ་མཚན་པའི་ཆ་བྱད་འཆང་པའི་དུས་རབས་ཀྱང་བོད་རིགས་གཙོས་པའི་འགྲོ་བ་ཧྲིལ་པོ་འདིར་འཆར་མྱོང༌།

གནའ་བོའི་བུད་མེད་ཀྱི་གྱོན་ཆས།
          མདོར་ན། བཙན་པོའི་དུས་སྐབས་སུ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྔར་ན་བྱུང་མྱོང་མེད་པའི་དར་རྒྱས་བྱུང་ཞིང་། དར་རྒྱས་དང་མངའ་ཐང་རྒྱས་ལུགས་དེ་ནི་ཞིང་འབྲོག་ལས་དང་དཔལ་འབྱོར་འཕེལ་རྒྱས་བཅས་ལ་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་དང་། སྐབས་དེ་དུས་མི་རྣམས་ཀྱིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཕྱུགས་རིགས་ལ་གཙིགས་ཆེན་པོ་བྱས་ཏེ་དེ་དག་གི་ཤ་ཟ་བ་མ་ཟད་པགས་པས་གྱོན་པ་བཟོ་གིན་ཡོད་ལ།    ཐུ་བྷོད་དང་ཐང་རྒྱལ་རབས་དབར་དང་། ཨེ་ཤེ་ཡའི་ནུབ་རྒྱུད་དང་ཨེ་ཤེ་ཡའི་དབུས་རྒྱུད་སྐམ་སའི་དབར་འགྲོ་འོང་མང་པོ་བྱེད་སྟབས། འཁལ་འཐག་ཐོན་རྫས་འབོར་ཆེན་ཞིག་བོད་ལ་ནང་འདྲེན་བྱས་པ་དང་། རྒྱལ་རྒྱུད་སྐུ་དྲག་དང་འབྱོར་ཕྱུག་གྲལ་རིམ་གྱིས་པགས་ཚགས་ཀྱིས་ནང་ཤ་དང་དར་གོས་ཀྱིས་ཕྱི་ཤ་བྱས་པའི་ལྭ་བ་གྱོན་གྱི་ཡོད། ལྭ་བ་འདི་རིགས་རྫིག་ཉམས་དོད་ལ་དྲོ་པོ་ཡོད་མོད། ཡིན་ནའང་མི་ཚང་མས་ལོངས་སུ་སྤྱོད་པ་མ་ཡིན་པར། མི་སེར་ཕལ་པས་དགུན་དུས་སུ་གྱོན་པ་སྔར་བཞིན་སློག་པ་རེད་སྙམ། དེ་བཞིན་དམག་གི་སྒྲིག་གཞི་ལས་རིམ་འགྱུར་བྱུང་བའི་གོས་འདབས་ཁར་སྲམ་དང་སྟག་པགས། གཟིག་པགས་སོགས་རྒྱག་པའི་སྲོལ་དར་བ་དང་། དམག་འཁྲུག་ལས་ཁྲབ་རྨོག་སོགས་བཟོ་བའི་ལག་ཤེས་ཁྱབ་གདལ་བྱུང་ཡོད་པ་རེད།
          བོད་བཙན་པོའི་རྒྱལ་རབས་མཇུག་འགྲིལ་བ་ནས་དུས་རབས་བཅུ་སུམ་པའི་གོང་དུ་མཚོ་བོད་མཐོ་སྒང་གི་ཆབ་སྲིད་ཐད་དུས་ཡུན་རིང་པོ་སིལ་བུའི་གནས་སུ་གྱར་ཡོད་མོད། འོན་ཀྱང་རིག་གནས་ཐད་སྤྱི་ཡོངས་རང་བཞིན་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད། བོད་སིལ་བུའི་དུས་སྐབས་སུ་བོད་ཀྱི་དམག་ཆས་སྤྱིར་བཏང་གི་འཚོ་བའི་གྱོན་ཆས་ལ་འགྱུར་ལྡོག་བྱུང་ཡོད་ལ། རྒྱལ་རྒྱུད་སྐུ་དྲག་གི་གྱོན་ཆས་ཀྱང་སྤྱི་དམངས་ཅན་གྱི་གྱོན་ཆས་སུ་འགྱུར་ལྡོག་བྱུང་བའི་རྣམ་པ་ཐོན་ཡོད། དུས་རབས་བཅུ་སུམ་པ་ནས་བཟུང་། མཚོ་བོད་མཐོ་སྒང་གི་ས་གནས་དང་ཀྲུང་ཡོན་ས་ཁུལ་དབར་འབྲེལ་བ་དེ་བས་དམ་ཟབ་བྱུང་ཡོད་པ་དེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ནས་གང་ལེགས་མངོན་ཡོད་པ་དང་། ཅུང་མངོན་གསལ་དོད་པ་ཞིག་ནི་དུས་སྐབས་དེའི་རིང་བོད་ཆས་དང་ཡོན་རྒྱལ་རབས་ཀྱི་གྱོན་གོས་འདྲ་པོ་ཡོད། ཆིང་རྒྱལ་རབས་དང་བཀའ་ཤག་སྲིད་གཞུང་གི་དུས་སྐབས་སུ། ཀྲུང་གོའི་སྤྱི་ཚོགས་ཀྱི་རིམ་པར་འགྱུར་ལྡོག་གཏིང་ཟབ་ཕྱིན་མོད། འོན་ཀྱང་གྱོན་གོས་ལ་སྤྱིར་ན་སྔར་ལྟར་རྒྱུན་འཁྱོངས་ཐུབ་ནས་རིམ་པའི་ཁྱད་ཆོས་མངོན་གསལ་དོད་པ་དང་། མིའི་སྤྱི་ཚོགས་ཀྱི་གནས་བབ་དཔྱད་གཞིར་བྱས་ནས་དཔོན་རིགས་ཀྱི་གྱོན་གོས་དང་། སྐུ་དྲག་གི་གྱོན་གོས། དམག་མིའི་གྱོན་ཆས། འབངས་ཀྱི་གྱོན་ཆས། གྲྭ་ཆས་བཅས་རིགས་ཆེན་པོ་ལྔ་ཡོད། ཁང་ཤིས་སྲིད་ལོ་དྲུག་ཅུ་པར་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སུ་བཀའ་བློན་ལམ་ལུགས་ལག་ལེན་བསྟར་བ་དང་མཚན་གནས་བསྩལ་ཡོད། མཚན་གནས་མི་འདྲ་བར་གཞིགས་ནས་ཞྭ་ཏོག་དང་། གྱོན་གོས་ཀྱི་ཚོས་གཞི། བཞུགས་གདན། གསོལ་སྟོན་སྐབས་ཀྱི་བཞུགས་གྲལ་སོགས་ལ་ཚང་མར་ལམ་ལུགས་ཁ་གསལ་བཟོས་ཡོད། བོད་ས་གནས་སྲིད་གཞུང་ལའང་དུས་ཚིགས་ལ་གཞིགས་ནས་གཅིག་གྱུར་གྱོན་ཆས་བརྗེ་བའི་གཏན་འབེབས་ཡོད་ཅིང་། ལོ་རེའི་དབྱར་དགུན་གཉིས་ནི་གྱོན་ཆས་བརྗེ་བའི་དུས་ཚིགས་ཡིན་པ་དང་། ཞིབ་ཕྲའི་དུས་ཚོད་བཀའ་ཤག་གིས་ཞིབ་འཇུག་གཏན་འཁེལ་བྱས་རྗེས་གྱོན་ཆས་བརྗེ་བའི་བཀའ་གཏོང་གི་ཡོད། གལ་སྲིད་གྱོན་ཆས་བརྗེ་བའི་བཀའ་མ་བཏང་ན། སེར་སྐྱ་དཔོན་རིགས་དང་སྐུ་དྲག་སུ་འདྲ་ཞིག་ཡིན་རུང་དབྱར་ཁ་ཚ་བས་ལུས་པོ་རྔུལ་ཆུས་འཚོས་ཀྱང་པགས་ཚགས་འཕུད་མི་ནུས་པ་དང་། དགུན་ཁ་འཁྱགས་ནས་ཁ་འདར་ཤོར་ནའང་པགས་ཚགས་གྱོན་ཕོད་ཀྱི་མེད། འཇིག་རྟེན་འགྲོ་སྟངས་དང་མི་མཐུན་པའི་གཏན་འབེབས་འདི་བཀའ་ཤག་ཐོར་ཞིག་ཏུ་མ་སོང་བར་དུ་ལག་ལེན་བསྟར་ཡོད།

སྔར་ཆོས་རྒྱལ་རྒྱལ་བློན་གྱི་རིན་ཆེན་རྒྱན་ཆ་ལྟར་གྱི་རྒྱན་གོས།
          དུས་རབས་བཅུ་བཞི་པའི་ནང་། རྗེ་ཙོང་ཁ་བས་དགའ་ལྡན་དགོན་པ་ཕྱག་འདེབས་པའི་སྐབས་ཀྱི་སྦྱིན་བདག་གི་གྲས་གྱུར་པའི་སྣེ་གདོང་དབང་གྲགས་རྒྱལ་མཚན་གྱིས། ཞབས་འབྲིང་མི་དྲག་རྣམས་ལ་བོད་སྔ་རབས་ཀྱི་ཆ་ལུགས་བཟང་པོ་མི་ཉམས་ཕྱིར་གྱོན་པ་ལས་ཧོར་ཆས་སོགས་མི་རིགས་གཞན་གྱི་ཆ་ལུགས་ཡ་མ་གཟུགས་གྱོན་པ་རྣམས་ལ་མི་མཉེས་ཤིང་། ལྷག་པར་ལོ་གསར་སོགས་མཛད་ཆེན་ཁག་ལ་ནང་བློན་མི་དྲག་དཔོན་རིགས་རྣམས་ནས་སྔར་བོད་རྗེ་ཆོས་རྒྱལ་སྐབས་ཀྱི་ཆས་གོས་རིན་ཆེན་རྒྱན་ཆ་གྱོན་སྲོལ་གསར་འཛུགས་གནང་བ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་མི་རྒྱུད་དང་བཅས་པས་སྡེ་སྲིད་རིམ་བྱུང་དང་ལྷན་དུ་ཆབ་སྲིད་སྐྱོང་རིང་ལྷ་སའི་དཔོན་རིགས་མི་དྲག་རྣམས་ལ་སོག་པོའི་ཤུགས་རྐྱེན་ལ་བརྟེན་ནས་ཆ་ལུགས་ལ་འགྱུར་བ་ཆེན་པོ་བྱུང་སྟེ་སྐྱེ་བོ་འགའ་རེས་རྒྱ་ཧོར་བོད་སོགས་ཀྱི་ཆ་ལུགས་བདེ་ཆས་དང་། འགའ་རེས་ཧོར་མིན་བོད་མིན་སོགས་གྱོན་ཆས་ཡ་མ་གཟུགས་རང་སྣང་གང་དྲན་བྱས་པས། རྗེས་སོར་བོད་མིའི་གྱོན་ཆས་ཇི་ལྟ་བུ་ཞིག་ཡིན་མིན་ཀྱང་མི་རབས་རྗེས་མ་རྣམས་རྨོངས་པར་འགྱུར་གྱི་དོགས་ནས་སྡེ་སྲིད་བློ་བཟང་ཐུབ་ཐོབ་ནས་སྔར་གྱི་རྒྱལ་བློན་རྣམས་གྱོན་ཆས་ལ་ཞིབ་འཇུག་གནང་སྟེ་རིན་ཆེན་རྒྱན་ཆ་གོ་སྒྲིག་མཛད་དེ་གཞུང་ཞབས་ཤོད་སྐོར་གྱི་ཁོངས་ནས་རིན་ཆེན་རྒྱན་ཆ་བཞེས་རྒྱུའི་སྲོལ་དེ་མཐའ་འཁྱོངས་གནང་བ་ནས་བོད་རབ་བྱུང་བཅུ་དྲུག་བར་ཆིབས་བསྒྱུར་ཆེ་ཁག་དང་། ལོ་ལྟར་ཟླ་དང་པོའི་ཚེས་གཉིས་ཉིན་རྒྱལ་པོ་ལོ་གསར་གྱི་མཛད་སྒོ། དེ་བཞིན་མཛད་སྒོ་རྒྱས་གྲས་བཅས་ལ་བཞེས་མུས་ཡིན་པ་དེས། ང་ཚོར་སྔ་མོའི་རྒྱལ་བློན་གྱི་གྱོན་ཆས་ལ་ཞིབ་འཇུག་བྱེད་རྒྱུར་རྩ་ཆེའི་དཔྱད་གཞི་བྱུང་བ་རེད།
          རིན་ཆེན་རྒྱན་ཆ་གྱི་གཞི་རྩའི་ཕྱུ་པ་ནི་རྩེ་བེར་ཞེས་པ་ཧོར་བལ་བཏགས་ཕྱི་ཚོན་ཁྲ་པད་མ་རིས་ཅན་སོགས་རྒྱུ་གོས་ཆེན་གྱིས་བཟོས་པ། ཕུ་ཐུང་གཉིས་ལྡན་སྟ་ཟུར་སུལ་ཅན་དེང་གི་གོས་རིས་ལྟར་ཁ་མདུན་ནས་གཤགས། གོང་བ་དང་ཕུ་ཐུང་སྲམ་རྒྱན་ལྡན་པ་ཞིག་གྱོན། སྐྲ་ལོ་རྣམས་གྲུའུ་ཙེ་དམར་པོ་དང་ལྷན་དུ་ལན་བུར་སླས། ( རྗེས་སོར་སྤ་ཅོག་ལ་སྐྲ་རྫུས་ཀྱི་ལན་བུ་ཞིག་སྒྲོག་པའི་སྲོལ་དུ་གྱུར།)མགོ་ལ་གཙུག་ཞྭ་ཞེས་གྲྭ་པའི་ཞྭ་མོ་རྩེ་སྒྲོ་དང་འདྲ་བ་ཆུང་ཆུང་ཞིག་གྱོན། རྣ་ཅོག་གཡས་པར་རྣ་གཡུ་དང་གཡོན་མར་སོག་བྱིལ། སྤ་ལྕོག(སྐྲ་ལྕོག) ལ་སི་ཤན་དམར་པོའི་ལུང་ཐག་གཉིས་བསྒྲོགས་ཏེ་གཅིག་གི་སྣེ་མོར་གསེར་ལས་བཅོས་ཤིང་། ད་དུང་རིན་རྒྱན་གྱི་ཐུན་མོང་མ་ཡིན་པའི་རྒྱན་ཆའི་གྲས་སུ་གཡས་སུ་གསེར་གྱི་སོག་སྒོར། སྨད་གའུ་ལྟ་བུའི་སྒོར་དབྱིབས་ཅན། སྟོད་ཆ་དབྱིབས་རྡོ་རྗེ་འདྲ་བའི་སྟེང་ན་གཡུའི་ནོར་བུ་མེ་འབར་དང་། གཤམ་ཆར་ཙི་པ་ཊའི་གཟུགས་རིས་ཀྱིས་བརྒྱན་པ་ཞིག་དང་། གཡོན་ཕྱོགས་སུ་རྣ་བརྐྱངས་ཞེས་བོད་གཡུ་ལེབ་མོ་འཕྲེད་བསྒྲིགས་རིང་ཚད་ཁྲེ་ཙེ་གང་ཙམ་ཞིག སྣེ་གཅིག་སྤ་ལྕོག་ལ་བཏགས་ནས་སྣེ་གཞན་དེ་སྐྲ་ལོའི་ལན་བུ་དང་ལྷན་ཅིག་ལག་གཡོན་པས་བཏེགས། ལྕགས་དཀྱུས་དཔུང་གཡས་པའི་ཐོག་ཏུ་བསྒྲོགས་ཏེ་བྲང་ཟུར་ལ་འཕྱང་འཕྲུལ་དུ་བཏགས། བྲང་ཁའི་དབུས་སུ་གཡུ་ཡིས་ལེགས་པར་བརྒྱན་པའི་གསེར་གྱི་གའུ་ཆེ་ཆུང་སྡེར་མ་ཆུང་བ་ཙམ་ཞིག་བཏགས། ཤལ་དཀར་དམར་ཞེས་ཧ་ཅང་ཆེ་བའི་བྱུ་རུ་དོ་ཤལ་དང་། ཆེ་ཆུང་མཛོ་མགོ་ལས་ཀྱང་ཆེ་བའི་སྤོས་ཤེལ་གྱི་དོ་ཤལ་པང་དུ་སླེབས་པ་གཅིག་སྐེ་ལ་གྱོན། མདུན་གྱི་ཕྱོགས་སུ་གོས་ཆེན་གྱི་ཕོར་ཤུབས་ཤིག་དཔྱངས། ཀོ་ལྷམ་རྡོག་གཅིག་མ་ཞིག་གྱོན་ཞིང་། སྐེད་པར་སྐེད་གྲི་གཟེར་བར་བྱེད།
          གོང་གསལ་གྱི་རིན་ཆེན་རྒྱན་ཆ་ནི་དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པ་དང་། རིན་སྤུངས་པ་སོགས་སྡེ་དཔོན་རྣམས་ཀྱིས་སྔར་བོད་རྗེ་ཆོས་རྒྱལ་སྐུ་དུས་ཀྱི་གྱོན་ཆས་ལ་གཞི་བཅོལ་ཏེ་བཞེས་པའི་གྱོན་ཆས་ཡིན་ལུགས་ལོ་རྒྱུས་ཡིག་རིགས་རྣམས་ལ་ཁ་གསལ་འཁོད་ཡོད་པ་ལ་གཞིགས་ན་རིན་རྒྱན་ནི་སྔར་བོད་རྗེ་བཙན་པོ་རྣམས་ཀྱི་གྱོན་ཆས་སུ་སྣང་། ད་ཡོད་ཀྱི་ཡིག་རིགས་ཁག་ལ་ཉམས་ཞིབ་བྱས་ན་གཟིམ་ཆུང་པའི་རྒྱ་ལུ་ཆས་དག་ནི་སྔོན་གྱི་མི་དྲག་སྐྱ་བོ་རྣམས་ཀྱི་ཆས་ཡིན་ཞིང་། མགོ་ལ་ལ་ཐོད་དཀྲི་བ་དང་སྨད་ལ་སུལ་གྱི་གཉེར་མ་མང་པོ་བསྣོལ་བསྒྲིགས་པའི་གོས་ཤམ་ཐབས་ལྟ་བུ་ཞིག་གྱོན་སྲོལ་ཡོད་པ་དེ་ནི་སྔར་བཙན་པོའི་དུས་ནས་ཧ་ལམ་ལོ་ངོ་ཉིས་བརྒྱ་ཙམ་གྱི་སྔ་རོལ་བར་གནས་ཡོད་ཚོད་འདུག རྗེས་སོར་རྒྱུ་ཆ་གོས་ཆེན་དང་། སི་ཤན་འཇའ་བསྒྲིགས་སོགས་ཀྱིས་རྒྱན་སྤྲོས་མཛེས་པར་བྱས་པ་ལས་གཞི་རྩའི་བཟོ་དབྱིབས་ལ་འགྱུར་བ་ཆེ་བ་བྱུང་མི་འདུག དཔེར་ན་ད་བར་དུ་ལོ་མོ་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་ལས་མ་སོང་བས<<མི་དབང་རྟོགས་བརྗོད>>ནང་དུ་མི་དབང་ཕོ་ལྷ་གཞོན་ནུའི་དུས་སུ་གཞིས་ཀ་རྩེར་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས་སྐབས་སུ། གཞིས་རྩེ་རྫོང་དཔོན་དང་འབངས་རྣམས་ཀྱི་ཆ་ལུགས་ཞིབ་པར་བཀོད་པ་འདི་ལྟར་ཏེ། དེའི་དུས་ན་བསིལ་ལྡན་གྱི་ལྗོངས་འདིར། གནའ་བོའི་སྲོལ་བཟང་པོ་ནུབ་པ་མེད་པ། ཆས་ཀྱི་མཛེས་ཤིང་ཁྲིམས་ཀྱི་སྤ་བ་ཡིན་པས་རྒྱལ་པོའི་ཁབ་བསམ་གྲུབ་རྩེའི་སྣེ་མོར་སྤྱོད་པའི་རྗེ་བོ་དག་ཀྱང་ཞྭ་བཟང་པོ་ཀ་ཤི་ཀའི་ལ་ཐོད་ཅན་ཨུཏྤལ་རབ་ཏུ་རྒྱས་པའི་རྫིང་བུའི་དབུས་སུ་བཞིན་རས་ཀྱི་ཟླ་བ་ཁྲུས་ལ་ཞུགས་པ་ལྟ་བུའི་རྣ་རྒྱན་འཆང་བ། བེེཌཱུརྱའི་ཁུ་རྒྱུན་གཙང་མ་རླུང་གིས་བསྐྱོད་པའི་གཉེར་རིས་སྙོམས་པར་ཁྱབ་པ་ལྟ་བུའི་གོས་བཟང་པོ་དང་། ཐུན་མཚམས་ཀྱི་སྤྲིན་གསར་པ་དབང་པོའི་སྐུད་པ་ཐགས་སུ་བྲན་པ་དང་འདྲ་བའི་རྔུལ་གཟན་མནབས་ཏེ་ཡ་རབས་དྲ་མའི་ཆས་ཀྱིས་མཛེས་པ་དང་། འབངས་རྣམས་ཀྱང་སྐྲ་དོ་ཀེར་དུ་བཅིངས་པ་དང་། སིལ་བུར་གྲོལ་བ་དང་། གོས་ཀྱི་སྟ་ཟུར་སུལ་ཤིབས་ཅན་དང་། གུར་ཀུམ་གཞོན་ནུའི་མེ་ཏོག་འབར་བ་ལྟ་བུའི་ཞྭ་བཟང་པོས་ཀླུབས་པར་བྱེད། ཅེས་བཀོད་པ་ལྟར་རོ།

གནའ་བོའི་བུད་མེད་ཀྱི་གྱོན་ཆས།
          བུད་མེད་ཀྱི་རྒྱན་ཆའི་སྐོར་ལ། རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི<<དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ>>ཞེས་བྱ་བ་བུ་མོ་རྣམ་རྒྱལ་སྒྲོལ་མ་བག་མར་ལེན་སྐབས་རྒྱན་ཆའི་རྣམ་གྲངས་ཞིབ་པར་བཀོད་པ་ལ། དབུའི་གཙུག་གཡུ་ངོ་མས་དབུས། དཔྲལ་ཚར་གསེར་གཡང་། གསུམ་སྐྱེད། ལྟག་ཁྲབ། ལྟག་འཕྲུལ། གཡས་འཐེན། ལྟག་འཛར། སྤ་ཕྲུག འཐེན་ཐག ཨ་སྒོར། འབྲུམ་འཛར། སྤོས་ཤེལ། ཤལ་དཀར་དམར། སྡིག་ར་ཆེ་ཆུང་། སོར་གདུབ་ལག་གདུབ། གའུ་སོགས་བཙོ་སྦྱངས་གསེར་གྱི་གདན་གཞིར་གཡུ་དམར་ཞེ་མཚུངས་ཀྱི་ཕྲ་རྒྱན་དང་། གཞན་ཡང་གཡུ། བྱུར། མུ་ཏིག སྤུར་ལེན་ལ་སོགས་པ་སྲིད་ན་རིན་ཐང་ཆེ་བའི་རིན་པོ་ཆེའི་རྒྱན་ཆ་དུ་མ་སོ་སོར་མངོན་རྟོགས་ཕྲ་ཞིབ་ཚང་བ་ཡིག་ལམ་དུ་སྐབས་འདིར་གསལ་བར་འགོད་མི་ལང་རུང་ལམ་ཙམ་གནས་ཚད་གོང་ཕབ་ཀྱི་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་ང་བདུན་གྱི་གོང་ཟིན་པའི་རྒྱན་ཆ་སྤུས་ལེགས་ཞེ་གཅིག་ཅེས་འཁོད་པ་ལ་བརྟག་ཚེ་སྐབས་དེའི་བུད་མེད་ཀྱི་གྱོན་ཆས་ནི་གནའ་རབས་ཀྱི་དུས་ལས་རྣམ་གྲངས་ཆེས་ཆེར་མང་དུ་སོང་ཞིང་། སྐབས་དེའི་བོད་ས་གནས་ཀྱི་འབྲུ་ཁལ་གཅིག་ལ་བོད་དངུལ་སྲང་ཞོ་གསུམ་ཡིན་པ་དེར། དངོས་པོའི་ཐང་གཞོར་གཞིགས་ན་བུད་མེད་ཀྱི་རྒྱན་ཆར་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་ང་བདུན་གྱི་རིན་ཐང་ཟིན་པ་ནི་ཧ་ལས་དགོས་པའི་རིན་ཐང་ཡིན་པས། སྐབས་དེར་མི་དྲག་རྣམས་ཀྱི་བུད་མེད་ཀྱི་གྱོན་ཆས་ལ་དང་ཞེན་ཆེན་པོ་བྱེད་པ་མཚོན་ཐུབ།
          དེ་ལྟར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བོད་རིགས་ཀྱི་གྱོན་ཆས་ལའང་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་རབ་དང་རིམ་པ་བྱུང་བས། མིག་སྔའི་བར་དུ་གྱོན་ཆས་རིགས200ལྷག་ཡོད་ཅིང་། ཀྲུང་གོའི་གྲངས་ཉུང་མི་རིགས་གྱོན་ཆས་གྲས་ཀྱི་ཨང་དང་པོ་ཟིན་ཡོད་མོད། ཡིན་ནའང་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་ནི་སྔར་བཞིན་ཁྱད་ཆོས་མངོན་གསལ་དོད་པའི་བོད་གནའ་རབས་ཀྱི་གྱོན་པ་དག་ཡིན་ལ། དེའི་མཛེས་སྡུག་གི་འོད་མདངས་ཀྱང་ད་ལྟ་འཛམ་གླིང་གི་ཤོམ་པའི་སྟེགས་བུའི་སྒང་དུ་ཕྱོགས་གང་སར་ཁྱབ་བཞིན་ཡོད།

གནའ་རབས་ཀྱི་གྱོན་ཆས།
          གསུམ་པ། མཇུག་བསྡུ་བ། 
          བོད་འདིར་བྱེ་བྲག་གི་ལོ་རྒྱུས་གཙོ་བཏོན་ནས་བྲིས་པའི་ཆོས་འབྱུང་དང་གསུང་འབུམ་པོ་ཏི་བཅས་ཤིན་ཏུ་མང་ན་ཡང་། གཅིག་ལ་གཅིག་འབྲེལ་གྱི་ལོ་རྒྱུས་སྤྱི་དོན་དང་འཚོ་བ་དངོས་དང་འབྲེལ་བའི་ལག་ཤེས་བཟོ་རྩལ་རེ་རེ་རྩལ་དུ་བཏོན་ནས་བྲིས་པའི་ཐེར་དེབ་ཤིན་ཏུ་ཉུང་ཞིང་། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་མི་རིགས་ཁག་གིས་རང་མི་རིགས་ཀྱི་གྱོན་པའི་འབྱུང་ཁུངས་སོགས་ལོ་བྱེ་བ་ཕྲག་བརྒྱའི་སྔོན་དུ་སྒྲུབ་འདེད་བྱས་དང་བྱེད་བཞིན་ཡོད་མོད། འུ་ཅག་གིས་རིག་གནས་མཐའ་དག་གི་ཁུངས་རྒྱ་དཀར་ནག་སོགས་ལ་གཏུགས་ཅི་ཐུབ་བྱས་ན་རང་གི་རྐང་འོག་གི་ས་རང་གིས་འདྲུ་བའི་རྗེས་སུ་མི་འགྲོ་འམ། ནང་སྒོས་སུ་གྱོན་པ་ནི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། མུ་རུ་བོད་ཡུལ་གྱི་གནའ་ཤུལ་དང་བང་སོ། རྡོ་ཆས་རྙིང་མ། རུས་ཆས། ལྡེབས་རིས། བྲག་བརྐོས་རི་མོ། གཞན་ལོ་རྒྱུས་དང་དེབ་ཐེར། ཆོས་འབྱུང་བཅས་ལས་བྱུང་བའི་མིའི་འབྱུང་ཁུངས་སྐོར་གྱི་ལྷ་སྒྲུང་དང་། ངག་རྒྱུན་ལ་སོགས་པར་གཤིབ་བསྡུར་གྱིས་ལེགས་སྒྲིག་དང་ཞིབ་འཇུག་བྱས་ན། ད་གཟོད་བོད་གནའ་རབས་ཀྱི་གྱོན་པ་ལ་སོགས་པའི་འབྱུང་ཁུངས་སྐོར་གྱི་ལོ་རྒྱུས་ངོ་མའི་ཞལ་རས་ཤིག་མཇལ་ཐུབ་པར་ཐེ་ཚོམ་གཏན་ནས་མེད། དེང་སྐབས་རིག་གཞུང་སྣ་ཚོགས་ཀྱི་ཞིབ་འཇུག་བྱེད་ཡུལ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར། དོན་ཇེ་ཞིབ་བཅས་སུ་འགྲོ་བཞིན་ཡོད་པས། ངེས་པར་དུ་བོད་གནའ་རབས་ཀྱི་རྒྱུ་ཆ་འབོར་ཆེན་དག་ཡུལ་ཕྱོགས་གང་མང་ཞིག་ལ་རྟོག་ཞིབ་ཏུ་སོང་ནས་ལག་སོན་ཡོང་ཐབས་བྱེད་དགོས་ཕྱིར། ཞིབ་འཇུག་ཚན་ཁག་གམ་ཞིབ་འཇུག་བྱེད་མཁན་ཉུང་ཤས་ཤིག་གིས་མི་ཤུགས་དང་དངོས་ཤུགས་གང་ཐད་ནས་མི་ལྕོགས་པས་མཐོ་རིམ་ཞིབ་འཇུག་ལས་ཁུངས་དང་ཡང་ན་མིང་དོན་མཚུངས་པའི་བླ་དཔོན་རྣམ་པས་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་ཕྱོགས་དེའི་ཞིབ་འཇུག་གི་ལས་ཀར་མཐོང་ཆེན་མཛད་དེ་བོད་དུ་ཤེས་རིག་དར་བའི་ལོ་རྒྱུས་དང་བོད་གནའ་རབས་ཀྱི་རིག་དངོས་སྒྱུ་རྩལ་གྱི་འབྱུང་ཁུངས་དག་རིང་དུ་རྐྱོངས་ཐུབ་པའི་ཆེད་དུ་ཤུ་རེ་འབད་འབུངས་བྱེད་དགོས་ཞེས་སྙིང་ཐག་པ་ནས་རེ་བ་ཞུས་ནི་ཡིན། །