ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་མཐོ་སྒང་གི་རྩེ་མོར་གནས་པའི་བོད་མི་རྣམས་ནི་གནའ་སྔ་མོ་ནས་རྟེན་འབྲེལ་གྱི་མཚོན་བྱེད་ལ་དང་དོད་ཆེ་བའི་མི་རིགས་ཤིག་ཡིན་པ་དང་། གནའ་རབས་ཀྱི་ཡོ་བྱད་གང་རུང་སྟེང་རང་གི་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་མཛེས་རྒྱན་རི་མོ་སྣ་མང་བཀོད་ཡོད། དེ་དག་གི་ཐོག་མའི་རྣམ་པའམ་འབྱུང་ཁུངས་ཙམ་ནི་གདོད་མའི་བླ་སྲོག་དང་བླ་ཤིང་ལ་དད་མོས་བྱེད་པའི་རིག་གནས་དང་འབྲེལ་བ་ཡོད་པར་འདོད། གདོད་མའི་རུས་ཚོའི་དུས་སྐབས་སུ་མི་རྣམས་ཀྱིས་སྲོག་ཆགས་སམ་སྐྱེ་དངོས་ཤིག་ལ་གཉེན་ཚན་གྱི་འབྲེལ་བ་ཡོད་ཅེས་དེ་རྣམས་རང་ཉིད་ཀྱི་སྲུང་མའམ་རྟགས་མཚན་ཞིག་ཏུ་བརྩིས་ཀྱི་ཡོད་པའི་བླ་སྲོག་དང་བླ་ཤིང་ལ་དད་མོས་བྱེད་པའི་སྲོལ་ནི་ཧ་ཅང་ཁྱབ་གདལ་ཆེ། ལྟ་བ་དེ་རིགས་གནའ་དུས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པ་མ་ཟད། ཁ་བ་ཅན་དུའང་གདོད་མའི་རུས་ཚོ་སོ་སོས་ལུག་དང་ར། ཤྭ་བ། རྐྱང་། གཡག་སོགས་རང་སོ་སོའི་བླ་སྲོག་ལ་བརྩིས་ཏེ་དད་མོས་བྱེད་ཡུལ་དུ་གྱུར། དེ་དག་གི་གཟུགས་བརྙན་ནི་བྲག་ལྡེབས་སོགས་སུ་བཀོད་དེ་མཆོད་པ་བྱེད་ཅིང་། སྲོག་ཆགས་ཀྱི་གཟུགས་བརྙན་དང་ཆུ་རིས། ཉི་ཟླའི་རི་མོ་སོགས་གདོད་མའི་རྒྱན་རིས་ཀྱི་འགོ་ཁུངས་ལྟ་བུ་ཡིན་མོད། ཡིན་ནའང་ལོ་རྒྱུས་རིམ་བཞིན་གོང་དུ་འཕེལ་བ་དང་སྦྲགས་རུས་ཚོ་སོ་སོའི་བླ་སྲོག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ལྷག་པར་དུ་བོད་ཁ་བ་ཅན་དུ་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཆེར་འཕེལ་རྗེས་སྟག་སེང་ཁྱུང་འབྲུག་ནི་རང་རེའི་མེས་པོ་རྣམས་ཀྱི་བླ་སྲོག་གལ་ཆེ་ཞིག་ཏུ་གྱུར་པ་དང་། བོན་གྱི་ཤེས་རིག་དང་འབྲེལ་བའི་ས་དཔྱད་རི་མོ་དང་། རྩིས་ཀྱི་ལྡེའུ་རིས། ལྷག་པར་དུ་བོན་ཆོག་གི་གཏོར་གླུད་མདོས་སོགས་ལ་ཉེ་མཁོའི་རྒྱན་རིས་སྣ་ཚོགས་དར་ཡོད་པས། སྔར་གྱི་རི་དྭགས་ཁོ་ནའི་རྒྱན་རིས་དེ་ལ་རིགས་ཇེ་མང་དང་། མཛེས་ཉམས་ཇེ་ཆེ། སྤུས་ཀ་ཇེ་ལེགས་སུ་སོང་ནས་སྐབས་དེར་བོད་ཀྱི་རྒྱན་རིས་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཀྱང་བྱུང་ཡོད་པ་གོ་སླ། མདོར་ན་བོད་ཀྱི་རྒྱན་རིས་རིག་གནས་ཀྱི་འགོ་ཁུངས་ནི་རྒྱ་དཀར་ནག་སོགས་ཡུལ་གྲུ་གཞན་གང་ལའང་ཐུག་མེད་པར། སྤྱི་ལོའི་སྔོན་གྱི་ལོ5000ལོ་སྟེ་རྡོ་ཆས་གསར་མའི་དུས་རབས་འགོ་ཟིན་པ་ནས་བཟུང་བོད་ལ་དར་བའི་གནའ་རབས་ཀྱི་རྒྱན་རིས་དང་། དེ་ཡང་སྤྱི་ལོའི་སྔོན་གྱི་ལོ5000གོང་གི་བོད་རང་གི་གདོད་མའི་ཤེས་རིག་ཁོ་ན་ལ་ཐུག་ཡོད་པ་ནི་གདོན་མི་ཟའོ།།
གསེར་གྱི་ཞལ་འབག་སྟེང་གི་སྲོག་ཆགས་ཀྱི་རྒྱན་རིས།
འོ་ན། ཅི་ཞིག་ལ་རྒྱན་རིས་ཟེར་ཞེ་ན། མཛེས་པར་རྒྱན་པའི་རི་མོ་སྟེ། སྒྱུ་རྩལ་པས་སྒྱུ་རྩལ་གསར་རྩོམ་དང་ལས་སྣོན་ལ་བརྟེན་ནས་གྲུབ་པའི་སྒྱུ་རྩལ་སྣང་བརྙན་ལ་ཟེར་ཞིང་། དེ་ལས་དུས་སྐབས་ཤིག་གི་ཤེས་རིག་གི་ཆུ་ཚད་དང་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་མཚོན་ཡོད། བཟོ་རིག་པའི་ཁོངས་སུ་གཏོགས་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་རིས་ནི་ལོ་རྒྱུས་ཧ་ཅང་རིང་བ་དང་། སྣ་མང་ཕུན་སུམ་ཚོགས་པ། སྤྱོད་སྒོ་ཆེ་བ། མཐོང་སྣང་མཛེས་ཉམས་ལྡན་པ། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། ཚོན་མདོག་རྣམ་པར་བཀྲ་བ་བཅས་ཡིན་ལ། རྒྱན་རིས་ལ་སྤྱོད་པའི་རྒྱུ་ཆ་དང་བཟོ་རྩལ་ཐད་ལའང་དབྱེ་བ་མང་བ་སྟེ། གོས་ཆེན་དང་རས་ཆ་སྣ་ཚོགས། ཤོག་བུ། རྡུལ་ཚོན། ཤིང་། གསེར། དངུལ། ཟངས་ལྕགས། གཡུ། བྱུ་རུ། མུ་ཏིག གཡང་ཊི་སོགས་ཀྱི་རྒྱུ་ཆ་དང་། བཟོ་རྩལ་གྱི་ཐད་ལ་འབྲི་བ་དང་། རྐོ་བ། འབུར་བརྙན་བཟོ་བ། ལུགས་རྒྱག་པ། རྡུང་བ། དཀྲོལ་ཚག་རྒྱག་པ། ཚེམ་དྲུབ་རྒྱག་པ། ལྷན་འདེབས་བྱེད་པ་སོགས་དབྱེ་བ་མང་དག་ཅིག་མཆིས་ཀྱང་དེ་དག་ཚང་མར་རི་མོས་སློབ་སྟོན་བྱས་ཡོད་ལ་རི་མོའི་སྒྱུ་རྩལ་དང་ཁ་བྲལ་ཐབས་གཏན་ནས་མེད་སྟབས་རྒྱན་རིས་ཞེས་པའི་མིང་ཡང་དེ་ལྟར་ཐོགས་པ་ཡིན། གདོད་མའི་མི་རིགས་ཁག་གི་ཁྲོད་དུ་བཟོ་སྐྲུན་ཞིབ་ཚགས་བྱས་པའི་ཡོ་བྱད་དམ་ལག་ཆ་ཞིག་ཡིན་ཕྱིན་དེར་དམིགས་ཡུལ་གཞན་ཞིག་ཡོད་པ་ནི་རྒྱན་རིས་དོད་པའི་དགོས་པ་དེ་ཡིན། དེ་ཡང་དཔེར་ན་བོད་ཀྱི་གནའ་བོའི་མཚོན་ཆ་མདའ་གྲི་མདུང་གསུམ་ནི་ཕ་རོལ་འཇོམས་པ་དང་བརླག་པ་དང་གསོད་པའི་ཆེད་ཁོ་ན་ཡིན་པས་དེ་ལ་རྣོ་དབལ་དང་སྲ་བ་དང་མཁྲེགས་པ་སོགས་ཀྱི་ཡོན་ཏན་དང་ཁྱད་ཆོས་ལྡན་པ་ཙམ་གྱིས་ཆོག་ཀྱང་གཞུ་དང་མདུང་སྐེ་གྲི་ངོས་སོགས་ལ་རྒྱན་རིས་དང་དར་ཚོན་སྣ་ཚོགས་འདོགས་འབྲི་བྱ་སྲོལ་ཡོད་པ་ནི་ཕྱི་ཚུལ་ལ་བལྟས་ན་དེས་ཕ་རོལ་གྱི་དགྲ་བོ་གསོད་ཐུབ་པ་ལ་ཕན་ནུས་གང་ཡང་ཡོད་པ་མ་ཡིན། འོན་ཀྱང་དེ་ལ་མཛེས་རིས་དང་བེད་སྤྱོད་ཀྱི་འབྲེལ་བའི་དགོས་མཁོ་ངེས་ཅན་ཞིག་ལ་བསམ་གཞིགས་བྱས་ཡོད་པ་སྟེ། དངོས་པོ་ནི་བེད་སྤྱོད་བྱ་དགོས་ཤིང་། བེད་སྤྱོད་བྱེད་སྐབས་མཛེས་སྣང་དང་སྤྲོ་སྣང་ལྡན་ན་མི་ལ་སྟོབས་ཤུགས་དང་སེམས་ཤུགས་སྦྱིན་ངེས་ཡིན་པས་དེས་བེད་སྤྱོད་ཀྱི་དམིགས་ཡུལ་འགྲུབ་རྒྱུར་རོགས་འདེགས་ཀྱི་ནུས་པ་འདོན་ངེས་ཡིན་པ་དེ་རེད། དེས་ན་གནའ་བོའི་མི་རིགས་ཁག་སོ་སོས་སྟབས་བདེའི་ལག་ཆའམ་ཡོ་བྱད། མཚོན་ཆ་སོགས་ཀྱི་ཐོག་ཏུ་མཛེས་པའི་རྒྱན་རིས་སྣ་ཚོགས་བཀོད་ཡོད་པ་དེ་ནི་མཛེས་ཆོས་དང་བེད་སྤྱོད་ཀྱི་མི་མངོན་པའི་འབྲེལ་བའི་གསང་བ་དེ་རྟོགས་པ་ཡིན་སྙམ་མོ། དེ་འདྲའི་མཛེས་ཆོས་ཀྱི་དགོས་པ་དང་ལྡན་པའི་རྒྱན་རིས་ཏེ་ཡོ་བྱད་དང་ལག་ཆ་ནི་རང་རེ་བོད་ལ་མཚོན་ན་རི་མོའི་རྣམ་པ་རིགས་གཉིས་སུ་དབྱེ་ཆོག་སྟེ། གཅིག་རང་ཉིད་ཀྱི་རྟོག་པ་ལ་བརྟེན་ནས་རིས་དབྱིབས་བཀོད་སྒྲིག་བྱེད་པ་དང་། གཞན་དེ་རང་བྱུང་ཁམས་ལ་དཔེ་བལྟས་ནས་ཚུར་བླངས་པའོ། དེ་དག་ལས་རང་ཉིད་ཀྱི་རྟོག་པ་འབའ་ཞིག་གིས་གྲུབ་པའི་རིས་དབྱིབས་ཀྱི་རྒྱན་རིས་སྒྱུ་རྩལ་ནི་ཤེས་རིག་དར་རྒྱས་ཀྱི་སྤྱི་ཚོགས་ནང་དུ་ཡང་དཀོན་པས་ན་གདོད་མའི་མི་རིགས་ཀྱི་ཁྲོད་དུ་དེ་བས་ཀྱང་རྙེད་དཀའ་ཞིང་། རྒྱན་རིས་སྒྱུ་རྩལ་དེ་རིགས་ཀྱི་གཞི་རྩའི་རིག་པ་ཡང་རྟོག་འཕྲུལ་གྱི་བསམ་བློ་ཁོ་ནས་གྲུབ་པ་མ་ཡིན་པར་རང་བྱུང་བྱ་དངོས་དང་བཟོ་རྩལ་ལ་རག་ལས་ཡོད། རང་བྱུང་ཁམས་ནས་བླངས་པའི་མཛེས་རྒྱན་རི་མོ་ནི་ང་ཚོས་རང་གི་ཁོར་ཡུག་ལ་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་སྟེ། ས་གདན་དང་། སྣམ་བུ། གྱང་ངོས། བུམ་པ། ས་རྫ་སོགས་རྒྱན་ཆས་དེ་དག་གི་ཐོག་རི་ཆུ་དང་སྐྱེ་དངོས་མེད་པ་ཧ་ལམ་གཅིག་ཀྱང་མེད། འོན་ཀྱང་དེ་དང་མི་འདྲ་བར་གདོད་མའི་རྒྱན་རིས་སྒྱུ་རྩལ་ནི་གཙོ་བོ་མི་དང་སྲོག་ཆགས་ཀྱི་གཟུགས་བྱད་ལ་དཔེ་བལྟས་པ་མང་བ་དཔེར་ན། 1984ལོར་རྙེད་པའི་ལྷ་སའི་ཆོས་ཀོང(曲贡村)གྲོང་གི་ཉེ་སར་རྡོ་ཆས་གསར་བའི་དུས་སྐབས་ཀྱི་རིག་གནས་རྗེས་ཤུལ་ཁག་གཅིག་རྙེད་པ་དེར་རྡོ་ཆས་དང་རྫ་ཆས་ཀྱི་སྟེང་རྒྱན་རིས་སྣ་ཚོགས་ཡོད་པ་དེར་གཟིགས་ན་མཁྱེན་ངེས་དང་། དེ་བཞིན་དུ་བོད་ལྗོངས་ལྷོ་ཁའི་སྣང་རྫོང་(朗县) གི་དུང་དཀར་ས་ཁུལ་གྱི་བང་སོ་དང་བྲག་ངོས་སོགས་སུ་རི་དྭགས་ཤ་བ་དང་རྒོ་བ། མིའི་གཟུགས་བརྙན་སོགས་བྲིས་ཡོད་པའི་དངོས་དཔང་འདི་དག་གི་ཐོག་ནས་གདོད་མའི་རྒྱན་རིས་ཀྱི་དཔེ་གང་ལ་བལྟས་པ་གསལ་བོར་རྟོགས་ཡོང་ངེས་ཡིན་པ་ལྟ་བུ་རེད། གཞན་ཡང་། 1984ལོའི་ཟླ6པར་བོད་ལྗོངས་ལྷོ་ཁ་སྣེ་གདོང་རྫོང་ཁྲ་འབྲུག་ཁུལ་གྱི་བསམ་གྲུབ་བདེ་ཆེན་ཉེ་འདབས་ནས་གནའ་བོའི་བང་སོ་སྐོར་གཅིག་རྙེད་པའི་རིག་དངོས་ནང་བཀོད་པ་དག་པའི་རྡོའི་རོ་སྒམ་སོགས་མང་དག་ཅིག་ཡོད་ལ། ལྷག་པར་དུ་གཙིགས་ཆེར་འཛིན་འོས་པ་ཞིག་ནི་རིག་དངོས་དེ་དག་ནང་ལྕགས་ཆས་འབུར་རིས་ཀྱིས་བརྒྱན་པ་རི་མོ་འགྲེལ་དཀའ་བ་འགའ་ཞིག་ཀྱང་ཡོད་པ་དེ་དག་ལ་བལྟས་ན་སྐབས་དེར་སྤྱིར་བཏང་གི་ཤིང་རྒྱུའི་བརྐོ་དཀྲོལ་ལག་རྩལ་དར་ཁྱབ་ཆེ་བ་མ་ཟད། ལྕགས་དཀྲོལ་ལག་རྩལ་ཡང་དར་ཡོད་པ་གསལ་བཤད་བྱེད་ཐུབ། དེ་ཙམ་དུ་མ་ཟད་གོང་གསལ་རྒྱན་རིས་དེ་དག་གནའ་བོའི་སྒྱུ་རྩལ་ལ་ཞིབ་འཇུག་བྱ་རྒྱུར་རིན་ཐང་ཆེན་པོ་ཡོད་པ་སྨོས་མ་དགོས་པ་ཡིན། རིག་དངོས་དེ་དག་གི་ཁྲོད་དུ་གདོད་མའི་གྲངས་ཀ་མཚོན་བྱེད་ཀྱི་ནར་ཤད་རི་མོ་དང་། ནོར་རྫས་ཀྱི་རྟགས་མ་སོགས་མི་ཉུང་བ་ཞིག་ཡོད། བརྗོད་བྱ་ནི་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་ཡིན་པས། བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་ལྟ་བའི་ཁྲོད་ཀྱི་རང་བྱུང་ཁམས་ལ་དད་མོས་དང་མདོ་དབུས་མཐོ་སྒང་གི་ཁྱད་པར་ཅན་གྱི་གནས་བབ། སྐྱེ་ཁམས་ཁོར་ཡུག་བཅས་མངོན་པར་མཚོན་འདུག བོད་ཀྱི་མཁས་པ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་རྒྱན་རིས་དེའི་འབྱུང་ཁུངས་གཞིར་བཟུང་ནས་རིགས་གསུམ་དུ་དབྱེ་ཡོད་པ་སྟེ། གཅིག་ནི་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་རྒྱན་རིས་ཏེ། དཔེར་ན། དཔལ་བེའུ་དང་། རྡོ་རྗེ། ཆོས་འཁོར་སོགས་ལྟ་བུ་རེད། འདི་དག་ནི་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་དང་བསྟུན་ནས་དར་བ་ཡིན། དཔེར་ན་ཆོས་འཁོར་ནི་མ་གཞི་གནའ་སྔ་མོའི་རྒྱ་གར་གྱི་རི་མོ་ཞིག་ཡིན་མོད། སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་བའི་རྗེས་སུ་དེ་ཉིད་སངས་རྒྱས་སམ་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་མཚོན་བྱེད་དུ་གྱུར་པ་རེད། བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་བོན་བསྟན་གྱིས་ཀྱང་བོད་ཀྱི་རྒྱན་རིས་ལ་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་ཡོད་མོད། ཕྱིས་སུ་བོན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་མང་པོ་སྡུད་ལེན་བྱས་པས། གཡུང་དྲུང་ལྟ་བུ་འཁོར་ཕྱོགས་མི་འདྲ་བའི་རྐྱེན་གྱིས་བན་བོན་གང་གི་ཡིན་པ་ངོས་འཛིན་སླ་བ་མ་གཏོགས། རྒྱན་རིས་མང་པོ་ཞིག་དོན་དམ་ཆོས་ལུགས་དེ་གཉིས་གང་ལ་གཏོགས་པ་དབྱེ་བ་འབྱེད་དཀའ་བར་གྱུར་ཡོད། ད་དུང་སྒོ་ཡི་རུ་བཞི་དང་། རྟ་བབས། མདའ་གཡབ་སོགས་ལ་མེ་ཏོག་སྣ་ཚོགས་དང་། པདྨ། སངས་རྒྱས་ཀྱི་སྐུ་བརྙན། དེ་བཞིན་སྤྲིན་ཚོམས། ནོར་བུའི་དྲ་བ་དྲ་ཕྱེད། རྡོ་རྗེ། བུམ་པ་སོགས་མཛེས་ལ་བཀྲ་ཤིས་པའི་རྫས་སྣ་མ་ཚང་བ་མེད་པ་རྒྱན་རིས་ཀྱི་བརྗོད་བྱར་གྱུར་ཡོད། གཉིས་ནི་སྲོག་ཆགས་ཀྱི་གཟུགས་བཀོད་པའི་རྒྱན་རིས་ཏེ། དཔེར་ན། ཁྱུང་དང་། གླང་ཆེན། སེང་གེ ཤྭ་བ། འབྲུག རྨ་བྱ། སྡུག་པ་རྭ་ཙ་སོགས་རྩ་ཆེའི་སྲོག་ཆགས་ལྟ་བུ་རེད། གསུམ་ནི་རྩི་ཤིང་སོགས་རྒྱན་རིས་སུ་བཀོད་པ་སྟེ་བོད་ཀྱི་བཟོ་བོ་མཁས་པ་རྣམས་ཀྱིས་ཕྱི་ནས་ཡོང་བའི་ཡོ་བྱད་དང་དར་གོས་ཐོག་གི་རི་མོར་དཔེ་བལྟས་ནས་རྒྱན་རིས་དེ་རིགས་མང་དུ་བཀོད་ཡོད། རྒྱན་རིས་དེ་དག་ལ་མི་རིགས་གཞན་པའི་སྒྱུ་རྩལ་གྱི་ཁྱད་གཤིས་མངོན་པར་གསལ་བ་ལྡན་མོད། བོད་དུ་དར་རྗེས་དེ་སྔོན་གྱི་ནང་དོན་ཤོར་ཏེ་བཀྲ་ཤིས་པའི་དོན་ཙམ་མཚོན་པའི་རྒྱན་རིས་སུ་གྱུར་པ་རེད། རྒྱན་རིས་མཚོན་བྱེད་ཐད་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་རེ་ཡོད་ཀྱང་འདིར་མང་དུ་དོགས་ནས་རེ་ཞིག་ཐུན་མོང་གི་འདོད་པ་ཙམ་དང་བྱེ་བྲག་གི་རྒྱན་རིས་འགའི་མཚོན་དོན་མདོ་བསྡུས་ཙམ་གཤམ་དུ་སྤྲོས་པ་ལགས་སོ།།
གཟི་དང་རྫ་ཆས་སྟེང་བཀོད་པའི་ཆུ་རིས།
གཅིག ཆོས་ལུགས་ཀྱི་ནང་དོན་ལྡན་པའི་རྒྱན་རིས།
རང་ཅག་གངས་ཅན་གྱི་ལྗོངས་འདིར་ནང་པ་སངས་རྒྱས་པའི་ཆོས་ལུགས་མ་དར་བའི་གོང་དུ་གཡུང་དྲུང་བོན་གྱི་ཆོས་ལུགས་འདི་ཉིད་བོད་མི་རིགས་ཀྱི་བསམ་པའི་རེ་བ་བཅོལ་ས་དང་། ཚེ་འདི་ཕྱིའི་སྐྱབས་ཡུལ་གྱི་གནས་ཉག་ཅིག་ཏུ་འཛིན་གྱི་ཡོད་པར་བརྟེན། རླུང་རྟའི་རྒྱན་རིས་འཁོད་པའི་དར་ལྕོག་འཛུགས་སྲོལ་དེའང་སྐབས་དེ་དུས་ནས་རིམ་བཞིན་ཁྱབ་སྤེལ་སོང་ཡོད་ལ། མཚོ་བོད་མཐོ་སྒང་དུ་གནས་པའི་བོད་རིགས་མི་དམངས་ཀྱིས་དུས་རྒྱུན་འཚོ་བའི་ནང་ལས་དོན་ཆེ་ཆུང་གང་འདྲ་ཞིག་བྱེད་དགོས་ཀྱང་། “བོད་རྟེན་འབྲེལ་གྱི་བདག་པོ”ཟེར་བ་ལྟར་རྟེན་འབྲེལ་རྣམས་མ་འཕྱུགས་པ་བྱེད་ཀྱི་ཡོད་པས། ཚེ་རིང་ཞིང་ནད་མེད་དང་། རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་སོགས་བཀྲ་ཤིས་རྟེན་འབྲེལ་ལེགས་པར་མཚོན་པའི་རྟགས་དང་མཚན་མ་བཟང་བོ་རྣམས་གཙུག་ལག་ཁང་དང་། དགོན་པ། ལྷ་ཁང་། གྲོང་ཁྱིམ། སྦྲ་གུར། ཡོ་བྱད། ཅ་ལག་སོགས་ཀྱི་སྟེང་དུ་བཀོད་པའི་རྒྱན་རིས་ཧ་ཅང་མང་བ་སྟེ། དཔེར་ན། བཀྲ་ཤིས་རྟགས་བརྒྱད་དང་། བཀྲ་ཤིས་རྫས་བརྒྱད། ཁྲི་དྲུག་འགྱོགས། ཉི་ཟླ་གཡུང་དྲུང་། ནོར་བུ་དགའ་འཁྱིལ། རི་དྭགས་ཆོས་འཁོར། འདོད་ཡོན་སྣ་ལྔ། ནོར་བུ་ཆ་བདུན། རྒྱལ་སྲིད་སྣ་བདུན། ཚེ་རིང་དྲུག་འཁོར། སྡོམ་བརྩོན་དམ་པ། ཕྱུག་པོ་རྣམ་གསུམ། སོག་པོ་སྟག་འཁྲིད། ཨ་ཙ་ར་གླང་ཁྲིད། མི་མཐུན་ཕྱོགས་ལས་རྣམ་རྒྱལ་སོགས་དེ་རྣམས་ཚང་མ་བཀྲ་ཤིས་པ་དང་། ཚེ་རིང་བ། རྒན་གཞོན་གུས་ཞབས་མཚོན་པ། ཁྱིམ་ཚང་འཆམ་མཐུན་ཡོང་བ། འབྱུང་བ་བཞི་མཚོན་པ་བཅས་བཀྲ་ཤིས་རྟེན་འབྲེལ་སོགས་དོན་དེ་དག་གིས་མི་རྣམས་ཚང་མའི་སེམས་ནང་སྤྲོ་བ་སྐྱེས་ཐུབ་པ་དང་། བློ་བདེ་བག་ཕེབས། གེགས་སེལ་རྐྱེན་སེལ་གྱི་དགེ་མཚན་ལྡན་ཡོད་སྟབས། བོད་མི་དམངས་ཚོས་རི་མོ་དེ་དག་གི་གཟུགས་ཀྱི་བཀོད་པ་མཛེས་པོ་དེར་མྱོང་རོལ་བྱེད་པ་དང་། རྒྱན་རིས་དེ་དག་གི་བཀྲ་ཤིས་རྟེན་འབྲེལ་བཟང་བའི་དོན་མཚོན་པར་བརྟེན། རྒྱན་རིས་དེ་དག་ལ་ཧ་ཅང་དགའ་པོ་བྱེད་བཞིན་ཡོད་མོད། གཟུགས་སུ་མ་གྲུབ་པའི་ཆོས་ལུགས་ཀྱི་ནང་དོན་མང་པོ་ཐ་སྙད་ཙམ་གྱི་ལམ་ནས་གོ་བརྡ་ལེགས་པར་སྤྲོད་རྒྱུ་དེ་ནི་ལས་སླ་པོ་ཞིག་མིན་སྟབས། སྔོན་བྱོན་བོད་ཀྱི་མཁས་པ་ཚོས་རི་མོའི་སྒྱུ་རྩལ་བེད་སྤྱད་ནས་ནང་དོན་དེ་རིགས་བརྡ་སྤྲོད་ཐབས་སམ་འགྲེལ་བཤད་བྱེད་པའི་ཐབས་སྒོ་ཡངས་པོར་ཕྱེས་གནང་མཛད་ཡོད་པས་། དེ་དག་ལས་དཔེ་མཚོན་འགའ་བཀོད་ན།
1.གཡུང་དྲུང་།
གཡུང་དྲུང་གི་རྒྱན་རིས་ནི་རང་རེ་བོད་པ་ཞིག་ལ་མཚོན་ན་མི་རྒན་དར་གཞོན་གསུམ་སུ་ལའང་ཆ་རྒྱུས་ཡོད་པ་ཞིག་རེད། དེའི་རྒྱུ་མཚན་ཡང་གཡུང་དྲུང་ནི་རང་རེའི་འཚོ་བ་དང་དམ་དུ་འབྲེལ་ཡོད་པས་རེད། བོད་ཁ་བ་ཅན་གྱི་ཡུལ་གྲུ་མདོ་དབུས་ཁམས་གསུམ་གང་དུའང་གཡུང་དྲུང་གི་དཔེ་རིས་མི་མཐོང་བའི་གནས་ཤིག་མེད་དེ། དཔེར་ན། དམངས་ཀྱི་ཁང་པ་དང་རྩིག་པ། དགོན་པའི་སྐུ་གསུང་ཐུགས་རྟེན་སྟེང་། དེ་བཞིན་འཚོ་བའི་ནང་བུ་དང་བུ་མོའི་གཉེན་སྟོན་དང་བླ་སྤྲུལ་དག་ཁྲི་ལ་ཕེབས་པ་དང་ཕེབས་བསུ་བྱེད་པ་སོགས་གང་གི་སྐབས་སུའང་གཡུང་དྲུང་ནི་བཀྲ་ཤིས་ཀྱི་མཚོན་རྟགས་ཤིག་ཏུ་བརྩིས་ཏེ་བེད་སྤྱོད་བྱས་དང་བྱེད་བཞིན་ཡོད་པ་ཡང་བོད་མིའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་པ་ལྟ་བུ་རེད།
བོད་ཀྱི་ལོ་རྒྱུས་སྟེང་དུ་གཡུང་དྲུང་ནི་གདོད་མའི་བོན་ཆོས་དང་དེའི་རྗེས་ནས་དར་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གང་ཡིན་ཡང་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཡིན། གདོད་མའི་བོན་ཆོས་ནང་དུ་གཡུང་དྲུང་ནི་བཀྲ་ཤིས་བའི་མཚོན་རྟགས་ཡིན་ལ་བོན་ཆོས་གསར་གཏོད་སྐབས་སུ་གཡུང་དྲུང་བོན་ཞེས་འབོད་པ་ཡིན། བེད་སྤྱོད་བྱེད་པའི་ཡི་གེ་ལ་གཡུང་དྲུང་ལྷ་ཡི་ཡི་གེ་ཞེས་འབོད་ལ་བོན་ཆོས་གནས་ཡོད་པའི་ས་ལ“ཐེག་པ་རིམ་དགུའི་གཡུང་དྲུང་རོ་མོ”འམ“གཡང་དྲུང་དགེ་སློང”དུ་འབོད་པ་ཡིན། བོན་པོའི་མེས་པོ་རྣམས་ཀྱིས་བརྟེན་པའི་འཁར་བསིལ་ཐོག་ཏུ་གཡུང་དྲུང་གི་བཀྲ་ཤིས་རི་མོ་ཡོད་ཅིང་བོན་པོའི་དགོན་པའི་གནས་འདེམས་ནའང་གཡུང་དྲུང་རི་མོ་རང་བྱོན་ཡོད་སར་བཞེངས་པ་ཡིན། བོན་པོ་དང་ནང་བས་གཡུང་དྲུང་འདི་བེད་སྤྱོད་བྱེད་པར་ཁྱད་པར་ངེས་ཅན་ཞིག་ཡོད་པ་མ་གཏོགས་དང་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་གཡུང་དྲུང་རྒྱ་ཁྱབ་བཀོལ་སྤྱོད་བྱེད་ཅིང་བྲིས་པའི་ལྷ་སྐུ་ཡོད་ཚད་ཀྱི་ཐུགས་ཁར་བཀྲ་ཤིས་བའི་མཚོན་རྟགས་འདི་ངེས་པ་ཡོད་པ་ཡིན།བོན་པོའི་གཡང་དྲུང་རི་མོ་དུས་མདའི་འཁོར་ཕྱོགས་དང་ལྡོག་པ་དང་ནང་བའི་གཡུང་དྲུང་རི་མོ་དུས་མདའ་དང་བསྟུན་པ་ཡིན། །
གཡུང་དྲུང་རྒྱན་རིས་ནི་རྟགས་མཚན་ཞིག་ཏུ་ཆགས་ཡོད་པས་བོད་མི་རིགས་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་རུ་གྱུར་ཡོད། ཐ་ན་སྡོད་སའི་ཁང་བ་དང་གྱང་ངོས། དྲ་མ། སྦྲ་གུར། ཐབ་ཁང་དང་རྒྱན་གོས་སོགས་ཀྱི་ཐོག་ཏུ་རི་མོ་འདི་མཐོང་རྒྱུ་ཡོད་པ་ཡིན། གལ་ཏེ་རང་ལོ་ཡིན་པའི་བུ་མོ་ཞིག་ཡིན་ན་རང་གི་གོན་པའི་རྒྱབ་ཏུ་གཡུང་དྲུང་ཆེན་པོ་ཞིག་གཙག་དྲུབ་བྱེད་དགོས་པ་ཡིན། ད་དུང་ཁྱིམ་གྱི་ཁྱིམ་ཆས་སྟེང་ཏུ་གཡུང་དྲུང་འབྲི་མཁན་དང་ཐང་གའི་ཐོག་ཏུ་གཡུང་དྲུང་རི་མོ་འབྲི་མཁན་ཡོད་པ་ཡིན། གཡུང་དྲུང་རི་མོ་གཅིག་ལ་རང་གི་ནུས་པ་ཡོད་པ་ལས་གཞན་མང་བོ་གཅིག་ཏུ་འདྲེས་ཡོད་པའི་གཡུང་དྲུང་ལག་འབྲེལ་གྱི་རི་མོ་ཚེ་རིང་ལོ་བརྒྱ་འཚོ་བའི་དོན་མཚོན་ཡོད་པ་ཡིན། མདོར་ན་གཡུང་དྲུང་རྒྱན་རིས་འདི་ས་རེ་རེར་བཀོལ་ན་མི་མཐུན་པའི་དོན་སྙིང་རེ་ཡོད་པ་ཡིན། གལ་ཏེ་ཁང་བའི་ཀ་གདན་ཐོག་ཏུ་བྲིས་པ་ཡིན་ན་ཁང་བ་བརྟན་བརླིང་ཡིན་པ་དང་སྒོ་ཆེན་ཐོག་ཏུ་བྲིས་ན་གདོན་འདྲེ་འགོག་ཐུབ་པ་། ཐབ་ཀྱི་སྟེང་དུ་བྲིས་ན་ཐབ་ལྷས་ཁྱིམ་འདིར་ཟས་ནོར་སྦྱིན་པ། བརྒྱབ་ཏུ་བྲིས་ན་རང་ཉིད་བཀྲིས་བདེ་ལེགས་ཡིན་པ་སོགས་སྐྱབས་སུ་འཛིན་པ་ཡིན། འདི་དག་ཚང་མ་བྱེད་པའི་དམིགས་ཡུལ་གཅིག་ཡོད་པ་ནི་བོད་མི་རིགས་ཀྱི་སེམས་ཁོང་གི་བདེ་སྐྱིད་ཀྱི་རེ་སྨོན་འགྲུབ་པར་སྐྱབས་འཇུག་ཞུ་བ་ཡིན།
གཡུང་དྲུང་གི་རྟགས་མཚན་རྒྱན་རིས་འདིའི་མ་གཞིའི་སྙིང་པོར་ཆོས་ལུགས་ཀྱི་ཁྱད་ཆོས་ཡོད་པ་ཡིན་ཡང་དོན་དངོས་སུ་དེ་ནི་བོད་མི་རིགས་ཀྱི་ཆོས་ལུགས་འཚོ་བའི་གྲུབ་ཆ་ཡིན་པ་མ་ཟད་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་གྲུབ་ཆ་གཙོ་བོ་ཡང་ཡིན་པས་མི་རིགས་ཀྱི་སེམས་གཏིང་དུ་ཟུག་ཅིང་ཐ་ན་མཛེས་དཔྱོད་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
2. ཁྲི་དྲུག་འགྱོགས།
སྔར་གྱི་མེས་པོ་ཚོས་དད་གུས་མཚོན་བྱེད་དུ་སངས་རྒྱས་ཀྱི་སྐུ་བརྙན་གྱི་བཞུགས་ཁྲིའི་རྒྱབ་ལྗོངས་སུ་ཁྲི་དྲུག་འགྱོགས་ཞེས་པ་བཀོད་པ་མཛེས་ཤིང་ངོ་མཚར་ཆེ་བ། བཟོ་བཀོད་རྣམ་པར་བཀྲ་བའི་མཛེས་རྒྱན་སྤྲས་པ་དེ་ནི་རྒྱན་རིས་ཁོ་ནའི་དོན་མ་ཡིན་པར། དེ་ལ་ཕྱིན་དྲུག་གི་ངོ་བོ་མཚོན་པའི་འགྲེལ་པ་དང་། གཟུགས་ཀྱི་ཁྱད་ཆོས་ལ་བརྟེན་པའི་རྒྱན་གྱི་འགྲེལ་པ་རིགས་གཉིས་སུ་སྣང་། དེ་ཡང་ཕྱིན་དྲུག་གི་ངོ་བོ་མཚོན་པ་ནི། སྤྱི་གཙུག་གི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་པར་ཁྱུང་སྟེ། ཁྱུང་ར་ནོར་བུས་བརྒྱན་ཅིང་སྦྲུལ་ཟ་བ། དེའི་གཡས་གཡོན་གཉིས་སུ་དེ་ལས་དམའ་ཙམ་གྱི་གནས་སུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་མཚོན་པ་ཀླུ་ཕྲུག་སྦྲུལ་གྱི་མཇུག་མ་ཅན། དེའི་འོག་གི་ཕྱོགས་གཉིས་ཀྱི་གདུང་ནོར་བུས་སྤྲས་པའི་སྟེང་དུ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་མཚོན་པ་ཆུ་སྲིན་པ་ཏྲའི་མཇུག་མ་ཅན། དེའི་འོག་གཉིས་སུ་བརྩོན་འགྲུས་ཀྱི་ཕ་རོལ་ཕྱིན་པའི་ངོ་བོ་མཚོན་པ་བུ་ཆུང་ཤིང་ལོ་གྱོན་པ། དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་པ་ཤ་ར་བྷ་བསེ་ཁ། དེའི་འོག་ཏུ་བཟོད་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་མཚོན་པ་གླང་པོ་ཆེ་རིན་པོ་ཆེའི་བརྒྱན་གྱི་སྤྲས་པའོ། གཟུགས་ཀྱི་ཁྱད་ཆོས་ལ་བརྟེན་པའི་རྒྱན་དྲུག་ནི། བྱ་རྒྱལ་ཁྱུང་ཆེན་བརྗིད་ཅིང་ཉམས་དང་ལྡན་པ། དེའི་འོག་གཡས་གཡོན་གཉིས་སུ་ཀླུའི་བུ་མོ་མཚར་སྡུག་ལང་ཚོའི་དཔལ་དང་ལྡན་པ། དེའི་འོག་གི་གཡས་གཡོན་གཉིས་ཀྱི་རིན་པོ་ཆེའི་ཕྲ་ཚོམ་སྤྲས་པའི་གདུང་མའི་སྟེང་དུ་ཆུ་སྲིན་མཇུག་མ་པ་ཏྲས་བརྒྱན་པ། དེའི་འོག་གི་གཡས་གཡོན་གཉིས་སུ་ལྷའི་བུ་ཆུང་རི་དྭགས་བསེ་ལ་བཅིབས་ཤིང་གདུང་མ་འདེགས་པ། དེའི་འོག་གི་གཡས་གཡོན་གཉིས་སུ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་སྦར་ཁྱིམ་དང་ལྡན་པ། དེའི་འོག་གི་གཡས་གཡོན་གཉིས་སུ་སྟོབས་དང་ལྡན་པའི་གླང་པོ་ཆེ་བྲིས་ཡོད་པས། སྲོག་ཆགས་དེ་དག་གཟུགས་རིས་མཛེས་ལ་གོ་རིམ་མ་འཛོལ་བ་ཆེ་ཆུང་སྙོམས་པ་སོགས་ཀྱི་ཁྱད་ཆོས་ལྡན། ཁྲི་འདིའི་སྟེང་གི་དང་པོར་བྱ་ཁྱུང་གི་གཟུགས་བཀོད་པ་ནི། གནའ་རབས་སུ་བྱ་ཁྱུང་ནི་བྱ་གཏུམ་དྲག་ཅན་ཞིག་ཡིན་ལ། བྱ་ཐམས་ཅད་ཀྱི་ནང་ནས་བྱ་ཡི་རྒྱལ་པོ་ལྟ་བུ་ཡིན་སྟབས། བྱ་ཁྱུང་དེ་ཁྲིའི་ཏོག་གི་བརྒྱན་དུ་བཀོད་ཡོད། སྟེང་གི་གཉིས་པར་ཀླུའི་བུ་མོའི་གཟུགས་བཀོད་པ་ནི། དུས་རྒྱུན་སྒྲུང་གཏམ་དང་དཔེ་ཆ་ཁ་རྒྱུན་བཅས་ཀྱི་ནང་མཛེས་མ་ཐམས་ཅད་ནང་ནས་ཀླུ་ཡི་བུ་མོ་ལས་མཛེས་པ་མེད་ཅེས་ཟེར་སྲོལ་ཡོད་སྟབས། ཀླུ་ཡི་བུ་མོ་ནི་ཁྲི་འདིའི་སྟེང་མཛེས་པའི་བརྒྱན་དུ་བཀོད་ཡོད། སྟེང་གི་གསུམ་པ་ཆུ་སྲིན་གྱི་གཟུགས་བཀོད་པ་ནི། ཆུ་སྲིན་ནི་མཐའ་ཡི་རྒྱ་མཚོའི་ནང་གནས་པའི་སྲོག་ཆགས་འཇིགས་སུ་རུང་བ་ཞིག་ཡིན་ཅིང་། ད་དུང་སྲོག་ཆགས་དེའི་ཚོན་མདོག་ངན་ལ་མཇུག་མ་རིང་ཙམ་ཡོད་པས་ཁོ་པའི་མཇུག་མར་པ་ཏྲས་བརྒྱན་པར་བརྟེན། ཆུ་སྲིན་ནི་པ་ཏྲའི་བརྒྱན་དུ་བཀོད་ཡོད། བར་གྱི་བཞི་པ་ལྷའི་བུའི་གཟུགས་བཀོད་པ་ནི། ལྷའི་བུ་ནི་མཚར་སྡུག་དང་ལྡན་ཅིང་། སྤྱང་གྲུང་དོད་ལ་མངོན་ཤེས་དང་ལྡན་པ་ཞིག་ཡོད་པས། ལྷའི་བུ་ཆུང་ནི་བྱ་རའི་བརྒྱན་དུ་བཀོད་ཡོད། བར་གྱི་ལྔ་པ་གངས་སེང་གི་གཟུགས་བཀོད་པ་ནི། གངས་སེང་ནི་གནའ་རབས་བོད་གངས་ཅན་གྱི་ས་མཐོར་གནས་པའི་སྲོག་ཆགས་རྩ་ཆེན་ཞིག་ཡིན་ཁར། སྲོག་ཆགས་དེ་ནི་གཡུ་ཡི་རལ་པ་ཅན་ཞིག་ཡིན་པ་ཟེར་སྲོལ་འདུག་པས། སེང་གེ་ནི་གཡུ་རལ་གྱི་བརྒྱན་དུ་བཀོད་ཡོད། འོག་དྲུག་པ་གླང་པོ་ཆེའི་གཟུགས་བཀོད་པ་ནི། གླང་པོ་ཆེ་ནི་ནགས་ཚལ་སྟུག་པོའི་ནང་གནས་པའི་སྲོག་ཆགས་སྟོབས་ཤུགས་དང་ལྡན་པ་ཞིག་ཡོད་པར་བརྟེན། གླང་པོ་ཆེ་འདི་ཁྲིའི་འོག་ཏུ་བྲིས་ནས་ཤུགས་སྟོབས་མངོན་པར་བྱས་ཡོད་ལ། གླང་པོ་ཆེ་འདི་ཁྲིའི་སྟོབས་ཀྱི་བརྒྱན་དུ་བཀོད་ཡོད། ཁྲི་འདིའི་སྟེང་གཟུགས་ཀྱི་བཀོད་པ་ཚང་མར་མཛེས་རྒྱན་སྤྲད་ཡོད་ཀྱང་། ལྷག་པར་དེའི་ནང་ནས་གཟུགས་འགྱུར་མཛེས་རྒྱན་ཐད་དམིགས་གསལ་གྱི་ཁྱད་ཆོད་ཡོད་པ་ནི་ཆུ་སྲིན་དེ་ཡིན་ཅིང་། ཆུ་སྲིན་ནི་དེང་སྐབས་མེས་རྒྱལ་ནང་ཁུལ་གྱི་སྲོག་ཚགས་གླིང་གའི་ནང་ཡོད་པའི་སྲོག་ཆགས་རྒྱ་སྐད་དུ་ཨཱ་ཡུལ་ཟེར་བ་དེ་ཡིན། སྲོག་ཚགས་འདི་རང་ཉིད་ནས་དངོས་སུ་མཐོང་བའི་སྐབས་དང་དུས་རྒྱུན་བོད་ནང་ཤོ་ཟེར་བའི་རྩེད་མོ་རྩེད་པའི་སྐབས་ཤོ་བཤད་དེ་འདྲ་གཏོང་སྲོལ་ཡོད། ཆུ་སྲིན་ཞེས་པའི་མགོ་ལེབ་ཁྱོད། རྒྱ་མཚོ་དཀྲུག་མཁན་གཏེ་པོ་རེད་ཅེས་བརྗོད་པའི་དོན་དང་དངོས་སུ་མཚུངས་བཞིན་འདུག སྲོག་ཆགས་དེ་ནི་མགོ་ལེབ་ཞིང་། ཁ་ཆེ་བ། ཚོས་མདོག་དང་གཟུགས་དབྱིབས་སྡུག་པ་མི་རྣམས་ནས་མཐོང་བའི་སྐབས་སྐྱུགས་བྲོ་བ་ཞིག་དང་། སྐད་ཤུགས་དྲགས་པོ་རྒྱག་པའི་སྐབས་ཚང་མ་སྐྲག་འགྲོ་བ་དང་རྔམ་ཟིལ་ལྡན་པ་ཞིག་འདུག་སྟེ། ད་ཚོའི་སྔར་རྒྱུ་མེས་པོ་རི་མོ་མཁས་ཅན་གྱིས་ཚོས་མདོག་ངན་པའི་སྲོག་ཆགས་འདི་ལྟ་བུ་ཞིག་ལ་པ་ཏྲ་སོགས་ཀྱིས་བརྒྱན་ནས་མཛེས་བཟོ་བྱས་པར་བརྟེན། མི་རྣམས་ཆུ་སྲིན་གྱི་གཟུགས་རིས་མཐོང་བའི་སྐབས་དགའ་པོ་བྱེད་པའི་ཁར་ད་དུང་ཆུ་སྲིན་གྱི་གཟུགས་བཀོད་འདི་ཁྲི་སྟེང་གཅིག་པུ་མ་ཡིན་པར་དགོན་སྡེ་ཁག་གི་རྒྱ་ཕིབས་ཀྱི་ཟུར་དང་། ཐང་ག ལྡེབས་བྲིས་སོགས་ནང་སྲོག་ཆགས་དེ་མང་པོ་འབྲི་སྲོལ་ཡོད་ཅིང་། གོང་གསལ་རི་མོ་དེ་དག་གི་ཐོག་ནས་བོད་ཀྱི་རི་མོའི་འབྲི་སྲོལ་གཟུགས་འགྱུར་མཛེས་བཟོ་སྟོན་པའི་སྒྱུ་རྩལ་གྱི་ཆུ་ཚད་དེ་རང་རེའི་རི་བོ་ཧི་མ་ལ་ཡ་དང་འདྲ་ཞིང་། འཛམ་བུ་གླིང་འདིའི་སྟེང་གཟེངས་སུ་ཐོན་ཐུབ་ཡོད། སྤྱིར་རྒྱན་རིས་ཐམས་ཅད་མཛེས་རྒྱན་གྱི་ཁོངས་སུ་གཏོགས་ཀྱང་། བོད་ཀྱི་རྒྱན་རིས་དེ་རྣམས་མཛེས་རྒྱན་རྐྱང་པ་མ་ཡིན་པར་དེར་གོ་དོན་མང་ཆེ་བ་བཀྲ་ཤིས་རྟེན་འབྲེལ་གྱི་ཁྱད་ཆོས་ལྡན་པའི་མཛེས་དོན་གཉིས་མཚུངས་ཀྱི་དམིགས་གསལ་རྒྱན་རིས་ཤིག་ཡིན།
3.བཀྲ་ཤིས་རྟགས་བརྒྱད།
བཀྲ་ཤིས་རྟགས་བརྒྱད་ནི་བོད་རིགས་རྣམས་དགའ་ཤོས་དང་དོན་མཚོན་རིང་ལུགས་ཀྱི་ཁྱད་ཆོས་གསལ་ཤོས་ཀྱི་བོད་ཀྱི་རྒྱན་རིས་གྲགས་ཅན་ཞིག་རེད། འདིའི་སྐོར་ལ་ད་ལྟའི་བར་ཆོས་ལུགས་ཀྱི་བསྟན་ཆོས་རྣམས་ལས་འགྲེལ་པ་མང་པོ་ཞིག་མཐོང་ཐུབ་ཅིང་། བརྗོད་དོན་ཐད་ནས་ཀྱང་གཅིག་གྱུར་གྱི་བཤད་སྟངས་ཤིག་མཆིས་པ་ནི་བཀྲ་ཤིས་ཤིང་ལེགས་ཚོགས་འདྲེན་པའི་མཚན་མ་ཞེས་པ་དེ་རེད། རྒྱན་རིས་འདིའི་བྱུང་རིམ་ལོ་རྒྱུས་ལ་དང་པོའི་ཚེ་ན་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་སྐབས་མཆོད་པའི་ལྷ་མོ་རྣམས་ཀྱིས་རྟགས་འདི་རྣམས་ཕུལ་ཏེ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་པའི་རྟགས་བརྒྱད་དུ་བསྟན་པ་ནས་བརྒྱུད་པར་གྲགས། བཤད་ཚུལ་འདི་བན་བོན་གཉིས་ཀྱི་གཞུང་རྣམས་ཆ་མཐུན་ཅིང་བོད་མི་ཕལ་མོ་ཆེའི་རྒྱུད་ལའང་དེ་ལྟར་འཇགས་ཡོད་པ་ཡིན། སྣང་ཚུལ་འདི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་དང་ཧ་ཅང་འཚམས་ཀྱང་ཤེས་རིག་ལོ་རྒྱུས་ཧྲིལ་པོའི་ཐད་ནས་བལྟས་ཚེ་ཕྱོགས་རེ་བའི་སྣང་ཚུལ་གྱི་དབང་དུ་གྱུར་པར་མཐོང་སྟེ། མཛེས་དཔྱོད་རིག་པའི་གཞུང་ལུགས་ལྟར་སྒྱུ་རྩལ་བརྩམས་ཆོས་ནི་མིའི་རིགས་ཀྱི་ཤེས་རིག་གི་བརྡ་རྟགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ན་གནས་པའི་སྤྱི་ཚོགས་སྣང་ཚུལ་དང་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་མཚོན་གྱི་ཡོད་པའི་ཆོས་ཉིད་ལྟར། གནད་དོན་མང་པོ་ཞིག་བརྩམས་ཆོས་རང་སྟེང་ན་གསལ་ཞིང་ཞིབ་འཇུག་གི་གནད་ཀྱང་དེ་ལ་བརྟེན་དགོས་པ་ཡིན། དཔེར་ན་བརྩམས་ཆོས་འདིའི་རྗོད་བྱེད་དུ་གྱུར་པའི་གདུགས་དང་དུང་། རྒྱལ་མཚན། འཁོར་ལོ། བུམ་པ། གསེར་ཉ། དཔལ་བེའུ། པདྨ་སོགས་ནི་འཚོ་བའི་ཁྲོད་ཀྱི་བྱ་དངོས་སམ་ཡོ་བྱད་འགའི་གཟུགས་བརྙན་འབའ་ཞིག་ཡིན་ལ། དེ་དག་ལ་མཚོན་དོན་ཁྱད་པར་ཅན་རེ་སྦྱར་བས་ད་བཟོད་རྒྱན་རིས་ཕུལ་བྱུང་འདི་གྲུབ་པ་རེད། གནད་དོན་ནི་དངོས་པོ་འདི་རྣམས་འབའ་ཞིག་ཅིའི་ཕྱིར་དོན་མཚོན་རི་མོའི་རྗོད་བྱེད་དུ་གྱུར་ཅིང་རང་མཚན་པའི་བྱེད་ནུས་ཅི་འདྲ་ལྡན་པ་ཤེས་རྟོགས་བྱ་རྒྱུ་དེ་རེད། དེ་ཡང་བཀྲ་ཤིས་རྟགས་བརྒྱད་ཀྱི་སྤྱི་དང་བྱེ་བྲག་བར་གྱི་འབྲེལ་བ་དང་བོད་ཀྱི་རིག་གནས་འདུ་ཤེས་བར་གྱི་འབྲེལ་བ་བཅས་ལ་བསམ་གཞིགས་དང་དབྱེ་ཞིབ་བྱས་ཚེ། དེ་ཡང་བཀྲ་ཤིས་པ་ནི་གང་ཟག་རང་བདག་ལ་མཚོན་ན་ལུས་སེམས་ལ་སྡུག་བསྔལ་ཅི་ཡང་མེད་ཐོག་གང་བརྩམས་ལས་རྣམས་ཡིད་བཞིན་གྲུབ་པའི་སྣང་བ་ཞིག་གམ། ཡང་ན་སྤྱི་ཚོགས་ལ་མཚོན་ན་འཐབ་འཁྲུག་དང་རྩོད་གླེང་སོགས་དང་བྲལ་ཞིང་རང་བྱུང་གནོད་འཚེའི་འཇིགས་པ་ཡང་མི་གནས་པའི་བདེ་སྐྱིད་རྫོགས་ལྡན་གྱི་དུས་དེ་ལྟ་བུ་ཞིག་ལ་ངོས་འཛིན་པའི་སྨོན་འདུན་རང་བཞིན་གྱི་ཐ་སྙད་ཅིག་ཡིན་པས་ན་བཀྲ་ཤིས་རྟགས་བརྒྱད་ཀྱིས་སྔ་མོའི་དུས་ཀྱི་མི་རྣམས་ཀྱི་མཛེས་འཛིན་ལྟ་བ་ཞིག་མཚོན་གྱི་ཡོད་པ་ནི་ཧ་ཅང་གསལ། ད་ལྟའི་བཤད་སྟངས་ལ་སྦྱར་ཚེ་དེ་ནི་གདོད་མའི་དུས་ཀྱི་བོད་མའི་མཛེས་དཔྱོད་ལྟ་བ་གྲུབ་པའི་ཚད་གཞི་གཙོ་བོ་རེད། མ་ཟད་རྟགས་མ་བརྒྱད་ཀྱིས་གྲུབ་པའི་ལྟ་བ་འདི་ཐོག་མ་ཉིད་ནས་ཡོད་པ་ཞིག་མ་ཡིན་པར་དེ་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་རིམ་གྱིས་ཅུང་འཐུས་ཚང་ཅན་དང་གཅིག་གྱུར་ཅན་དུ་གྲུབ་པ་ཞིག་ཡིན་པར་འདོད་དོ།། དེ་ཡང་ཡ་ཐོག་གི་དུས་སུ་མི་རྣམས་ཀྱིས་ཤྭ་བ་དང་རྒོ་བ་སོགས་ཀྱི་ཤ་བཟའ་རུང་ཞིང་རྔོན་རྒྱག་བདེ་བའི་ཆ་ནས་མཛེས་པར་མཐོང་ཞིང་བྲག་ལྡེབས་དག་ལ་རི་མོར་འབྲི་བ་བཞིན། གོང་འཕེལ་དུ་འགྲོ་བ་ནི་ཆོས་ཉིད་ཅིག་རེད། དེ་འདྲ་ཡིན་པའི་དབང་གིས་བོད་རྣམས་ཀྱིས་ཚན་རིག་ལག་རྩལ་ལས་བྱུང་བའི་འཁོར་ལོ་དང་དམག་འཁྲུག་དུས་རབས་སུ་བྱུང་བའི་རྒྱལ་མཚན་སོགས་མཛེས་པར་བརྩི་བ་ཡང་ལུགས་དང་མཐུན་པ་མ་ཟད། འཕེལ་འགྱུར་གྱི་དུས་རིམ་རང་བཞིན་ཡང་ངེས་ཅན་ལྡན་ཡོད། བོད་ཀྱི་སྤྱི་ཚོགས་སུ་ཆོས་ལུགས་རྒྱ་ཆེར་དར་བར་བརྟེན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་མང་དུ་བསྒྲགས་དགོས་པའི་ཚེ་ན་ཡང་མཛེས་དཔྱོད་ཀྱི་ཚད་གཞི་འདི་དག་དང་བྲལ་མེད་པ་མ་ཟད། ཚད་གཞི་འདི་ཉིད་ལ་བརྟེན་ཏེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་མཚོན་གྱི་ཡོད་པ་ནི་བསྟན་བཅོས་རྣམས་ལ་གཅིག་མཐུན་དུ་སྣང་། གཞན་ཡང་སངས་རྒྱས་ཀྱི་སྒོ་གསུམ་གྱི་ཡོན་ཏན་མཚོན་པའི་མཚན་བཟང་སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ཞེས་ཡོངས་སུ་གྲགས་པ་དེ་དང་བསྡུར་ཚེ་བཀྲ་ཤིས་རྟགས་བརྒྱད་ལ་ཐུན་མོང་རང་བཞིན་དང་བོད་ཀྱི་རིག་གནས་ཀྱི་རྒྱུད་འཛིན་རང་བཞིན་ལྷག་པར་གསལ་བ་མ་ཟད། བོད་ཀྱི་དོན་མཚོན་རི་མོའི་སྒྱུ་རྩལ་ཁྱད་ཆོས་དང་ཡང་མཐུན་པ་རེད། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》ལས། “གཡུང་དྲུང་གསལ་སྨྲ་ཡོད་ཁམས་རྒྱུད་གསུངས་ཏེ། ། ལྷ་ལ་བོན་འཁོར་བསྐོར་སྐབས་བཀྲ་ཤིས་ཀྱིས། ལྷ་མོ་པདྨའི་མེ་ཏོག་པདྨའི་མདངས། ། ཕུལ་ཏེ་གདན་ལ་པདྨའི་བཀྲ་ཤིས་གསོལ། ། ”ཞེས་པ་དང་། 《བཀྲ་ཤིས་བརྩེགས་པའི་མདོ》ལས། “ལྗགས་ལ་བཀྲ་ཤིས་པད་མོ་ལོ་འདབ་རྒྱས། ། ”ཞེས་པ་ལྟ་བུ་བཤད་ཚུལ་ཅུང་ཙམ་མི་འདྲ་བའི་ཆ་ཡོད་ཀྱང་རྩ་བའི་མཚོན་དོན་ཐད་འགལ་བ་མེད་པ་སྟེ། སངས་རྒྱས་ཀྱི་དབུ་ལ་གདུགས་དང་སྤྱན་ལ་གསེར་ཉ། མགུལ་ལ་བུམ་པ་དང་ཐུགས་ལ་དཔལ་བེའུ། སྐུ་ལ་རྒྱལ་མཚན་དང་ཞབས་ལ་འཁོར་ལོ། ལྗགས་ལ་པདྨ་དང་གསུང་ལ་དུང་དཀར་བཅས་ཀྱིས་མཚོན་པ་ཡིན། པདྨ་ལ་མཚོན་ན། མཚོན་བྱ་གང་ཞིག་ཡིན་ཀྱང་པདྨའི་དྭངས་གཙང་གི་རང་བཞིན་ལ་འགྱུར་བ་ཅི་ཡང་མེད་པས་མཚོན་ནོ། དེ་ཡང་སྤྱི་ཚོགས་ཀྱི་གྲལ་རིམ་ཅི་ལྟར་འགྱུར་ཡང་སྒྱུ་རྩལ་གྱི་རྩ་བའི་རིན་ཐང་འགྱུར་མི་སྲིད་པའི་ཆོས་ཉིད་ལྟར་བོད་ཀྱི་སྤྱི་ཚོགས་སུ་བོན་དར་བའི་ཚེ་བོན་གྱི་བཀྲ་ཤིས་རྟགས་བརྒྱད་དང་ཆོས་དར་བའི་དུས་སུ་ཆོས་ཀྱི་བཀྲ་ཤིས་རྟགས་བརྒྱད་གང་ལྟར་ཡང་སྔ་མོའི་དུས་ཀྱི་མཛེས་པའི་མཚོན་བྱེད་ཅིག་ནས་བརྒྱུད་དེ་རིམ་གྱིས་མཛེས་པའི་ཚད་གཞི་ཞིག་ཏུ་གྱུར་པ་ནི་ཧ་ཅང་གསལ། དེས་ན་ཆོས་ལུགས་ཀྱི་འགྲེལ་སྟངས་ཆོས་ལུགས་འདུ་ཤེས་ཀྱི་ཤན་ཞུགས་ཅུང་ཆེ་བ་བདེན་ཡང་རྩ་བའི་ཆ་ནས་མི་འགལ་ཏེ། ཇི་སྐད་དུ་གདུགས་ནི་འགྲོ་ཀུན་ཉོན་མོངས་ཀྱི་ཚ་གདུང་སེལ་ཞིང་ཚོགས་གཉིས་རྫོགས་པའི་རང་མཚན་མངོན་པའི་མཚོན་རྟགས་སུ་བཤད་པ་དང་། འཚོ་བའི་ཁྲོད་གདུགས་ནི་ཚ་བའི་ཟེར་དང་ཆར་པའི་བརླན་འགོག་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཡིན་པ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་སུ་ཁང་པ་བྱུང་བའི་སྔོན་འགྲོའི་ཤེས་རབ་ཀྱང་ཡིན་ན་མཛེས་པའི་རྟགས་མཚན་ཞིག་ཡིན་པ་ནི་སྨྲ་མེད་དེ། སྤྲ་མི་རྣམས་ཉི་ཟེར་འགོག་ཕྱིར་མགོ་ལ་ཤིང་ལོ་འགེབ་པ་ནས་བླ་དཔོན་རྣམས་མགོ་ལ་དབང་ཐང་མཚོན་ཕྱིར་རིན་པོ་ཆེའི་གདུགས་ཤར་བའི་བར་ཡོ་བྱད་ཀྱི་ཕན་ནུས་ནི་མ་ཉམས་པར་གནས་པ་འདིའོ།། འཁོར་ལོ་ནི་ཕ་རོལ་མུ་སྟེགས་པ་སོགས་ལོག་ལྟ་ཅན་རྣམས་ཟིལ་གྱིས་མནོན་ཅིང་ཤིང་རྟ་ལ་བརྟེན་ན་གང་བསམ་པའི་ཡུལ་དུ་འགྲོ་ནུས་ཤིང་དཔལ་དང་ལོངས་སྤྱོད་སྙན་གྲགས་དང་བཅས་པ་སྐྱེད་ནུས་པའི་ཆ་ནས་ཞབས་ལ་འཁོར་ལོས་མཚན་པ་སྟེ། འདི་ནི་མིའི་རིགས་ཀྱི་བླ་ན་མེད་པའི་གསར་གཏོད་ཆེན་པོ་ཞིག་དང་འཁོར་ལོའི་ནུས་པས་འཇིག་རྟེན་ཐམས་ཅད་དབང་དུ་སྒྱུར་བ་འདི་བཞིན་ཀུན་ལ་མཁྱེན་གསལ་དང་། སྔ་མོའི་དུས་སུ་དམག་གི་དཔུང་ཚོགས་ཡན་ལག་བཞི་ལྡན་ཞེས་པའི་ཡ་གྱལ་ཏེཆབ་སྲིད་ཀྱི་རྒྱ་སྐྱེད་པར་མེད་དུ་མི་རུང་བའི་ཕྱིར་ན་མཛེས་པར་བརྩི་ཞིང་སྡང་དགྲ་ཟིལ་གྱིས་གནོན་ཅིང་གང་བསམ་ཡུལ་ལ་སླེབས་པ། དཔལ་དང་ལོངས་སྤྱོད་སྙན་གྲགས་བཅས་སྐྱེད་ནུས་པ་སོགས་ཀྱི་དགེ་མཚན་ལྡན་པར་བཤད་པས་ཀྱང་ཤེས་ནུས་སོ།། རྒྱལ་མཚན་ནི་བདུད་ལས་རྣམ་པར་རྒྱལ་ཞིང་མཚན་དང་དཔེ་བྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཆ་ནས་སྐུའི་མཚོནརྟགས་སུ་བཀོད་པ་དང་། འཚོ་བའི་ཁྲོད་དུ་འཚོ་བ་སྐྱེལ་བའི་མ་རྩ་གཙོ་བོ་ནི་སོ་སོའི་ལུས་འདི་ཡིན་ལ་མ་རྩ་འདིར་སྐྱོན་བྱུང་ཚེ་གཞན་གང་ལའང་དོན་སྙིང་གིས་དབེན་པས་ན་ལུས་ནི་རྒྱལ་ཁ་ལེན་པའི་རྩ་བ་དང་དུག་གསུམ་སོགས་ཉོན་མོང་པའི་བདུད་ལས་རྒྱལ་བའི་ལུས་ནི་རྒྱལ་མཚན་བཞིན་བརྩི་བ་སྟེ། དཔལ་དང་འབྱོར་བ་ནི་ལུས་ཀྱི་ངལ་རྩོལ་བརྒྱུད་དེ་འབྱུང་བའི་ཕྱིར་དང་། རྒྱལ་མཚན་མཛེས་པར་འཛིན་པའི་སྟེང་ནས་སྤྱི་ཚོགས་ཀྱི་གནས་འབབ་གང་དེའི་གོང་དུ་དམག་འཁྲུག་གི་དུས་རིམ་ཞིག་བརྒྱུད་ཡོད་པ་ཡང་རྟོགས་ནུས་དེ། རྒྱལ་མཚན་ནི་གཡུལ་ལས་རྒྱལ་བའི་མཚན་མ་ཡིན་པའི་ཕྱིར་རོ། བུམ་པ་ནི་ཡོངས་གྲགས་སུ་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་གང་བ། ཟད་མི་ཤེས་པའི་གཏེར་ཆེན་པོའི་བཅུད་ཀྱིས་སྐྱེས་རྒུ་ཐམས་ཅད་རང་རྒྱུད་སྨིན་གྲོལ་གྱི་ལམ་དུ་འགོད་པའམ་དབུལ་པོའི་མིང་ཡང་མེད་པར་འདོད་རྒུ་ཐམས་ཅད་འབད་མེད་དུ་འཇོ་བའི་གཏེར་ཆེན་པོ་ཡིན་པའི་ཆ་ནས་མགུལ་གྱི་མཚོན་རྟགས་སུ་བཀོད་པ་སྟེ། འཚོ་བའི་ཁྲོད་དོན་གྱི་གཏེར་ཆེན་པོ་གཉིས་མཆིས་པ་ནི་མི་དང་རང་བྱུང་ཁམས་ཡིན་ལ་དེ་གཉིས་ནི་ཡོན་ཏན་དང་རྒྱུ་འབྱོར་བའི་འདོད་རྒུ་འབྱུང་བའི་གཞི་མ་ཡིན་ལ། བུམ་པར་འཆི་མེད་བདུད་རྩིས་གང་བ་བཞིན་མི་ལ་ཡོན་ཏན་དང་སྣོད་ལ་གཏེར་གྱིས་གང་ཚེ་དབུལ་པོའི་མིང་ཡང་མེད་ངེས་པས་ན་མཁས་པའི་ངག་གི་ཡོན་ཏན་གྱི་མཛེས་པ་མཚོན་བྱེད་དུ་བཀོད་པ་ནི་ཧ་ཅང་དོན་ལ་གནས་པ་ཞིག་རེད། གསེར་ཉ་ནི་ཡོངས་གྲགས་སུ་ཐབས་ཤེས་ཟུང་འཇུག་གི་མཚོན་བྱེད་དང་སངས་རྒྱས་ཀྱི་སྤྱན་གྱི་མཚོན་བྱེད་དུ་བཤད། འཚོ་བའི་ཁྲོད་ཕོ་མོའི་བརྩེ་དུང་དང་ཕ་མ་བུ་ཕྲུག་གི་བརྩེ་དུང་། མི་ཕན་ཚུན་བར་གྱི་མཐུན་སྒྲིལ་སོགས་མཚོན་པ་སྟེ་བསམ་པའི་དཔལ་ཡོན་དར་བའི་རྨང་གཞིའང་ཡིན། སྤྱི་ཚོགས་རྣམ་པ་ག་འདྲ་ཞིག་ཏུ་སླེབས་ན་ཡང་བརྩེ་དུང་དང་མཐུན་སྒྲིལ་ནི་བླ་ན་མེད་པའི་མཛེས་པ་མཚོན་བྱེད་ཅིག་དང་མིའི་སྤྱི་ཚོགས་ཀྱི་ལེགས་ཆ་གཙོ་བོ་དེ་ཡིན་པས་ན་མཛེས་དཔྱོད་ཚད་གཞི་ཞིག་ཡིན་ལ། གཞན་དུ་ན་གསེར་ཉ་ཁ་སྤྲོད་ནི་གདོད་མའི་དུས་སུ་འཁྲིག་སྤྱོད་དད་མོས་ཀྱི་མཚོན་རྟགས་ཤིག་ཏུ་བརྩི་བའི་སྲོལ་རྒྱ་ཆེར་དར་ཡོད་དོ། དཔལ་བེའུ་ནི་ཡོངས་གྲགས་སུ་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐོགས་པ་མི་མངའ་ཞིང་གཏིང་དཔག་པར་དཀའ་བའི་སྟོབས་བཅུའི་ཡོན་ཏན་རྣམས་རང་གི་རྒྱུད་ལ་འཐོབ་པར་བྱེད་པའི་ཆ་ནས་ཐུགས་ཀྱི་མཚོན་རྟགས་སུ་བཤད་པ་དང་། འཚོ་བའི་ཁྲོད་དུ་རིག་པ་རྣོ་བ་དང་རང་རྒྱུད་དྲང་བའི་མཚོན་རྟགས་སུ་འདོད་དེ། སྔ་མོའི་དུས་སུ་ཇུ་ཐིག་ཞེས་ཐག་པའི་མདུད་པར་བརྟེན་ཏེ་མོ་རྩིས་རྒྱག་སྲོལ་གྱི་རིག་གནས་སོགས་ལ་མཁས་པས་ན་མཛེས་པའི་ཚད་ཅིག་ལ་འཛིན་གྱི་ཡོད་པར་འདོད་ཅིང་། དཔལ་བེའུ་རང་སྟེང་ནས་བལྟས་ཀྱང་རྣམ་པའི་ཆ་ལ་འགྱུར་བ་མང་ཡང་མཐའ་མཇུག་གི་ངོ་བོ་ནི་ཐག་པ་སྒོར་མོ་གཅིག་ལས་མ་འདས་པས་ན་མིའི་བློ་སྣ་དང་འདྲ་ལ་མི་ཚེ་དང་དེ་བས་ཀྱང་འདྲ་བར་མཐོང་བས་དཔྱད་རིན་ཆེ། སྔ་མོའི་དུས་སུ་ཇུ་ཐིག་གི་རྩིས་སོགས་ཀྱིས་ལེགས་ཉེས་བརྟག་པའི་མདུད་པའི་སྒྱུ་རྩལ་དེ་ནི་དཔལ་འབྱོར་འཕེལ་རིམ་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ་མཛེས་པར་མཐོང་བ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད། 《ཞང་བོད་ལོ་རྒྱུས་ཏི་སིའི་འོད་》ལས། “ཇུ་ཐིག་གི་མོ་ཆས་སུ་ཐིག་གུ་རིང་ཐུང་དྲུག་ཡོད་པ་དེ་རྣམས་ཀྱི་ཐིག་སྣེ་ཟུང་རེ་ཉིས་གཤིབ་བྱས་པའི་རྩེར་མདུད་པ་རེ་བོར་བས་མདུད་པའི་རྣམ་པ་མི་འདྲ་བ་བཞི་འབྱུང་ཞིང་ལྷག་མ་རྣམས་མོ་མའི་ཕྱག་གཉིས་ཀྱིས་ཐིག་གུ་ཟུང་རེ་དམ་དུ་བཟུང་སྟེ། ཐད་ཀར་ཁ་ཕྱེས་པས་ན་མདུད་པའི་རྣམ་པ་མི་འདྲ་བ་ཅི་རིགས་ཤིག་འབྱུང་སྲིད་པ་དེ་དག་ལ་ཞིབ་འཇུག་བྱེད་དགོས་པ་ཡིན། ”ཞེས་པ་དང་ཡོངས་སུ་མཐུན་ནོ། ། དུང་དཀར་ནི་ཡོངས་གྲགས་སུ་འབུད་པ་ཙམ་གྱིས་བཀྲིས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པ། སྐྱེ་རྒུ་རྣམས་ལ་བདེ་བ་ཟད་མི་ཤེས་པ་འཐོབ་པར་བྱེད་པས་ན་གསུང་དབྱངས་ཡན་ལག་དྲུག་བཅུའི་མཚོན་རྟགས་སུ་བཤད། འཚོ་བའི་ཁྲོད་དུང་དཀར་ནི་རོལ་མོའི་བྱེ་བྲག་ཅིག་སྟེ་ཆོས་དུང་དང་དམག་དུང་སོགས་སྔ་མོའི་དུས་སུ་ཐག་རིང་ལ་བརྡ་གཏོང་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། ལས་སྣོན་བྱ་མི་དགོས་པར་འབུད་ཆོག་པའི་ཆ་ནས་ཐོག་མའི་གྲས་ཀྱང་རེད། ཁ་དོག་མཛེས་པ་དང་བེད་སྤྱོད་བདེ་བ་བཅས་ཀྱི་དབང་གིས་མཛེས་པར་བརྩི་ཞིང་། ད་ལྟའི་བར་སྤྱོད་སྒོ་རྒྱ་ཆེ་བ་ནི་ཀུན་གྱིས་མཐོང་གསལ་རེད། བཀྲ་ཤིས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོག་ཤིང་སྐྱེ་རྒུ་རྣམས་ལ་བདེ་བ་ཟད་མི་ཤེས་པ་འཐོབ་པར་བྱེད་ཅེས་པའི་ཤོད་སྲོལ་ལས་ཀྱང་རོལ་མོའི་མཛེས་པ་མཚོན་གྱི་ཡོད་པ་ངང་གིས་ཤེས་སོ། ། པདྨ་ནི་ཡོངས་གྲགས་སུ་སྐྱོན་གྱིས་མ་གོས་ཤིང་ཚོན་མདངས་རྣམ་པར་བཀྲ་བ་དྲི་བཟང་པོ་ཕྱོགས་སུ་འཐུལ་བས་རྫུན་དང་ཕྲ་མ་སོགས་ངག་གི་མི་དགོས་པ་ཀུན་ནས་སྤངས་ཤིང་སྨྲ་མཁས་པའི་སྐྱེས་བུ་མཆོག་གི་ཡོན་ཏན་མཚོན་པར་བཤད་པ་དང་སྲིད་པར་གནས་ཀྱང་སྲིད་པར་མ་ཆགས་པར་ལས་ཉོན་གྱི་དྲི་མས་མ་གོས་པ་མཚོན་པས་སངས་རྒྱས་ཀྱི་ལྗགས་མཚོན་པ་དང་། འཚོ་བའི་ཁྲོད་ཡ་རབས་ཀུན་སྤྱོད་ཀྱིས་མཚན་པའི་བདེན་གཙང་གི་མཛེས་པ་ཞིག་མཚོན་གྱི་ཡོད་པ་སྟེ་སྐྱོན་གྱིས་མ་གོས་པའི་ཁ་ཞེ་གཉིས་མེད་ཀྱི་རང་གཤིས་མཚོན་ལ། དྲི་བཟང་པོ་ཕྱོགས་སུ་འཐུལ་པས་གཞན་ཕན་གྱི་སྤྱོད་ལམ་མཚོན་གྱི་ཡོད་པ་སོགས། མཛེས་དཔྱོད་ཀྱི་ཚད་གཞི་ཞིག་ཏུ་བགྲང་བའི་དགོས་པ་ཡོངས་སུ་གྲུབ། དེས་མ་ཟད་མི་རྣམས་ཀྱིས་མེ་ཏོག་སོགས་རང་བྱུང་གི་མཛེས་པར་ལོངས་སུ་སྤྱོད་པ་ནི་དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་ལྡན་པའི་ཐོན་དངོས་ཤིག་དང་། ལྷག་པར་དུ་པདྨ་དེ་མཛེས་པའི་ཚད་གཞི་ཞིག་ལ་བརྩི་བའི་སྲོལ་ནི་བོད་ཙམ་མ་ཟད་འཛམ་གླིང་ཤར་ཕྱོགས་ཤེས་རིག་དར་སྔ་བའི་མི་རིགས་ཡོངས་ཀྱི་ཐུན་མོང་གི་མཛེས་དཔྱོད་ཚད་གཞི་ཞིག་རེད། མདོར་ན། བརྩམས་ཆོས་འདི་ཅུང་འཐུས་ཚང་དུ་འགྲུབ་པའི་དུས་ནི་གདོད་མའི་དུས་དཀྱིལ་ཙམ་དུ་ཡིན་ཆོག་ལ། བོད་ཀྱི་སྤྱི་ཚོགས་རྣམ་པར་གོང་འཕེལ་ངེས་ཅན་བྱུང་བ་དང་བསྟུན་ཏེ་མི་རྣམས་ཀྱིས་བཟང་ངན་ཡག་བཙོག་ཐད་ཀྱི་ལྟ་སྟངས་ཀྱང་སྔར་ལས་དང་དོད་ཚ་རུ་ཕྱིན་ཏེ་ལྕགས་རིགས་ལས་གསེར་མཛེས་པར་བརྩི་བ་བཞིན། སྤྱི་ཚོགས་ཀྱི་ལས་སྣ་སོ་སོར་མཛེས་དཔྱོད་ཀྱི་ཚད་གཞི་གསར་པ་བྱུང་བ་ནི་བཀྲ་ཤིས་རྟགས་བརྒྱད་ཀྱི་རྟགས་མ་རེ་རེའི་རང་མཚན་པའི་མཚོན་དོན་ལས་ཤེས་ཐུབ་ལ། ལྷག་པར་དུ་གསེར་ཉ་དང་དཔལ་བེའུ་ལྟ་བུར་མཚོན་ན་གདོད་མའི་དུས་ཀྱི་རིག་གནས་སྣང་ཚུལ་གཙོ་བོ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་སྟེ། གསེར་ཉས་འཁྲིག་སྦྱོར་དད་མོས་ཀྱི་སྣང་ཚུལ་མཚོན་ལ་དཔལ་བེའུ་ཡིས་ཇུ་ཐིག་མོ་རྩིས་ཀྱི་རིག་པ་མཚོན་གྱི་ཡོད་པ་རེད། གསེར་ཉ་ཁ་སྤྲོད་ཀྱིས་ཕོ་མོ་གཉིས་མཚོན་ཅིང་ཉ་ནི་འཕེལ་མགྱོགས་པའི་ཆ་ནས་འབྱོར་ཕྱུག་ལ་སྨོན་པའི་བརྡ་རྟགས་ཤིག་ཏུའང་ངེས་པ་ཡིན། 《ཀྲུང་གོའི་ནུབ་རྒྱུད་དམངས་ཁྲོད་མཛེས་རྩལ་གླེང་བ་》ལས་མངའ་རིས་རུ་ཐོག་གི་བྲག་ལྡེབས་རི་མོའི་སྐོར་བཤད་སྐབས་ཀྱང་ཉ་དང་ཕོ་མོའི་མཚན་མ། ཉི་ཟླ་སོགས་ལ་མཆོད་པའི་རྣམ་པ་བྲིས་འདུག་པའི་སྟེང་ནས་རི་མོ་དེས་གདོད་མའི་དུས་ཀྱི་འཁྲིག་སྦྱོར་དད་མོས་ཀྱི་སྣང་ཚུལ་མཚོན་གྱི་ཡོད་པར་ངོས་འཛིན་བྱས་ཡོད་ལ། རྒྱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུའང་བྱ་དང་ཉ་ཡིས་ཕོ་མོའི་མཚན་མ་མཚོན་པའི་སྲོལ་ཡོད་པ་ཡིན། གདུགས་དང་བུམ་པ་ལྟ་བུ་འཚོ་བའི་ཉེར་སྤྱད་དང་། དུང་དཀར་ལྟ་བུར་མཚོན་ན་རོལ་ཆ་ཞིག་ཡིན་པ་མ་ཟད། ཁ་དོག་དང་དབྱིབས་གང་ཐད་ནས་བོད་ཀྱི་མཛེས་དཔྱོད་འདུ་ཤེས་ཀྱི་ཁྱད་ཆོས་ཆེར་ལྡན་ལ། རྒྱལ་མཚན་དང་འཁོར་ལོར་མཚོན་ན་དམག་དོན་དང་ཚན་རྩལ་གྱི་རིག་གནས་སྣང་ཚུལ་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། དངོས་གཟུགས་འདི་དག་གི་སྤྱིའི་ཉམས་འགྱུར་ལས་བོད་མིའི་མཛེས་དཔྱོད་ཚད་གཞིར་གྱུར་པའི་བརྡ་རྟགས་གལ་ཆེན་ཞིག་མཐོང་ཡོང་བ་ནི་ཉ་གང་ཟླ་བ་ལྟ་བུའི་སྒོར་ཞིང་རྫོགས་པའི་རྣམ་པ་ཞིག་སྟེ། སྣང་ཚུལ་འདི་ཡང་གོང་དུ་བརྗོད་ཟིན་པའི་བོད་མིའི་འཇིག་རྟེན་ལྟ་སྟངས་ཀྱི་རྨང་གཞིའི་སྟེང་ནས་བྱུང་བ་ཞིག་ཡིན་པ་ནི་རྟོགས་སླ་ཞིང་། འདི་ལྟ་བུའི་མཛེས་འཛིན་གྱི་རིག་པ་སྔ་མོ་ནས་བྱུང་ཡོད་པའི་དབང་གིས་བོད་ཀྱི་རིག་གནས་ཧྲིལ་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྱུར། རྒྱན་རིས་ཙམ་མ་ཟད་བོད་མིའི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཧྲིལ་པོར་གནས་ཡོད་པས་རྩོམ་རིག་དང་ཨར་སྐྲུན། སྨན་དཔྱད། རྒྱན་སྤྲས། ཆོས་ལུགས་སོགས་རིག་གནས་སྣང་ཚུལ་ཀུན་གྱི་བསམ་བློའི་ཚད་གཞི་གཙོ་བོ་ཞིག་ཀྱང་རེད། དེའི་དབང་གིས་བོད་རྣམས་ལས་གང་ཞིག་འཇུག་ཀྱང་འགོ་མཇུག་ཚང་བ་ཞིག་དང་ཡོངས་སུ་རྫོགས་པའི་རྣམ་པ་ཞིག་ལ་བརྩོན་པ་ཡིན་ནོ།།
4.རྣམ་བཅུ་དབང་ལྡན།
བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཕོ་བྲང་དང་དགོན་སྡེ། མཆོད་རྟེན། དམངས་སྤྱིའི་སྡོད་ཁང་སོགས་ཀྱི་གྱང་དང་།རྡོ་རྩིག བར་ཁྱམས། སྒོ་བཀག་སོགས་ཀྱི་ངོས་སུ་རྣམ་བཅུ་དབང་ལྡན་སོགས་ཀྱི་རི་མོ་རྣམས་འབྲི་བ་དང་ཡང་ན་རི་མོར་བརྐོས་ནས་ཚོན་གྱིས་བསྒྱུར་ཞིང་འབྲི་བའི་སྲོལ་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ། དེ་ནི་རི་མོ་ཙམ་མམ་མཛེས་མཚོན་ཙམ་མིན་པར་རི་མོ་དེ་དག་གིས་ཕྱི་ནང་གསང་གསུམ་གྱི་མི་མཐུན་པ་དང་བར་ཆད། འགལ་རྐྱེན་ཡོད་དོ་ཅོག་སེལ་བར་བྱེད་ཅིང་མི་དང་སྒོ་ཕྱུགས་ཐམས་ཅད་བདེ་ཞིང་སྐྱིད་པར་གནས་པ་དང་དར་བ། ཁྱད་པར་དུ་སེམས་ཅན་ཐམས་ཅད་གནས་སྐབས་ཀྱི་ཐར་པ་དང་མཐར་ཐུག་གི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་འགྲུབ་པར་བྱེད་པའི་ཐབས་སུ་འགྲོ་བའི་བོད་རང་གི་ཆོས་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་མཚོན་དོན་ཡོད་དོ།།
སྒོ་དང་རྒྱལ་སྒོའི་སྟེང་དང་སྒོ་ཡོལ་ལ་རྣམ་བཅུ་དབང་ལྡན་ཞེས་པད་གནད་གྱི་སྟེང་དུ་དཔལ་དུས་ཀྱི་འཁོར་ལོའི་སྙིང་པོ་རྣམས་ཡི་གེ་བཅུ་རུ་བསྡུས་ཏེ་གཅིག་ཐོག་གཅིག་བརྩེགས་ལྟ་བུས་དབྱིབས་གཟུགས་གཅིག་ཏུ་མཚོན་པ་དང་། ཡི་གེ་རེ་རེ་ཚོན་མདོག་མི་འདྲ་བ་ལ་ལ་ལན་ཙའི་རྣམ་པར་གནས་པ་འདི་ནི་དབང་དང་གྲགས་པ་ཕུན་སུམ་ཚོགས་པ་འབྱུང་བའི་ཆེད་དུའོ།།
མདོར་ན་རྣམ་བཅུ་དབང་ལྡན་ཞེས་པ་རི་མོའི་ཚུལ་དུ་གང་ལ་བྲིས་པ་དང་བརྐོས་པ་ལ་བལྟས་པ་ཙམ་གྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གནས་ལས་བྱུང་བའི་དམངས་སྲོལ་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་ཞིང་། གཞན་ཡང་རྟེན་འབྲེལ་མཚོན་པའི་རི་མོ་སོ་སོའི་ནང་དོན་དང་རྣམ་པ། ཚོན་མདོག་སོགས་མི་འདྲ་བའི་ཁྱད་པར་ལས་མཆོན་བྱའི་རྟེན་འབྲེལ་གྱི་དོན་དང་མཚོན་བྱེད་ཀྱི་རྟགས་ཀྱི་རི་མོ་སོགས་ཀྱི་ཁུངས་དང་རྒྱུ་མཚན་སོགས་ཕུན་སུམ་ཚོགས་པ་ཞིག་བཤད་རྒྱུ་ཡོད་པ་ནི་བོད་ཀྱི་ཆོས་དང་རིག་གནས། དམངས་སྲོལ་སོགས་ཀྱི་ཐུན་མོང་མ་ཡིན་པའི་སྙིང་པོ་དང་ཁྱད་ཆོས་མཚོན་ཐུབ་པོ།།
5.རྒྱལ་སྲིད་སྣ་བདུན།
དེ་ཡང་རྒྱལ་སྲིད་སྐྱོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་སྟེ་ཡོངས་གྲགས་སུ་རྒྱལ་སྲིད་སྣ་བདུན་དུ་འབོད་པའི་རྒྱན་རིས་འདི་ནི་བོད་ཀྱི་སྤྱི་ཚོགས་སུ་དར་ཁྱབ་ཧ་ཅང་ཆེ་སྟེ། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་ཕོ་བྲང་དང་གཞིས་ཀ་སོགས་སུ་སྤྱོད་སྒོ་ཆེ་ཞིང་། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་རྒྱ་ཆེའི་དམངས་ཚོགས་ཁྲོད་དར་ཁྱབ་ཤིན་ཏུ་ཆེ་ལ་མི་རྣམས་ཀྱིས་བཀྲ་ཤིས་ཤིང་ལེགས་ཚོགས་འདྲེན་པའི་རྟགས་སུ་བརྩིས་ཏེ་དགའ་མོས་བླ་མེད་བྱེད་ཀྱི་ཡོད། དེ་ཡང་རྒྱན་རིས་འདིའི་ཐད་ཀྱི་འགྲེལ་བཤད་ཀྱང་མི་ཉུང་བ་ཞིག་མཆིས་མོད། མདོར་འདྲིལ་ཚེ་ཆོས་ལུགས་ཀྱི་དགོངས་པར་མཐུན་པའི་འགྲེལ་སྟངས་ལས་མི་འདས་ཤིང་། དེ་ལྟར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དག་གི་དུས་སུ་བྱུང་བར་བཤད་པས་ལོ་རྒྱུས་ཧ་ཅང་རིང་ངོ་། ། འདིའི་མཚོན་དོན《བཀའ་འགྱུར་》ལས་མདོ་ཁ་པའི་ནང་བྱུང་བ་ལྟར། འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་ཏེ། དེ་ལྟ་བའི་རྒྱལ་བོ་རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། བློན་པོ་རིན་པོ་ཆེ། བུད་མེད་རིན་པོ་ཆེ། ཁྱིམ་བདག་རིན་པོ་ཆེ་དང་བདུན་ནོ་ཞེས་དང་། འགའ་ཞིག་གིས་ཁྱིམ་བདག་གི་དོད་དུ་དམག་དཔོན་རིན་པོ་ཆེ་བགྲང་ཚུལ་ཞིག་ཀྱང་སྣང་ཡང་སྤྱིའི་བརྗོད་དོན་ལ་ཅི་ཡང་མི་འགལ་ལོ།། དེ་བཞིན་རྒྱན་རིས་འདིའི་ཡོངས་སུ་གྲགས་པའི་ཁ་བྱང་དང་རི་མོའི་ཁྲོད་ཀྱི་མི་སྣ་སོགས་ལ་བརྟག་ཀྱང་བོད་ཀྱི་སྤྱི་ཚོགས་སུ་གྲལ་རིམ་བྱུང་བའི་རྗེས་ཙམ་དུ་བྱུང་བ་ཞིག་ཡིན་པ་ནི་ཤེས་སླ། དེ་ཡང་ཡུལ་འཁོར་སྐྱོང་བའི་རྒྱལ་པོ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་རྣམས་དོན་མཚོན་རི་མོའི་ལམ་ལ་དྲངས་ཏེ་བསྟན་ཡོད་པ་འདི་ཡང་བོད་ཀྱི་དོན་མཚོན་རི་མོའི་ཕུལ་དུ་བྱུང་བའི་རིན་ཐང་མངོན་སྟངས་ཤིག་རེད། འཁོར་ལོ་རིན་པོ་ཆེ་ནི་གང་དུ་འགྲོ་འདོད་པའི་ཡུལ་དེར་སྣ་འདྲེན་པར་བཤད་པ་བཞིན་བཟོ་ལས་ཚན་རྩལ་མཚོན་པ་སྟེ། རྒྱལ་སྲིད་སྐྱོང་པའི་རྒྱུ་གཙོ་བོ་ཞིག་ལ་ངོས་འཛིན་ཅིང་། འཁོར་ལོའི་རིགས་ཀྱི་ནུས་པ་ལ་བརྟེན་པའམ་འཁོར་ལོའི་རིགས་དང་ལྡན་པའི་རྒྱལ་པོ་ཞིག་ནི་གནའ་བོའི་དུས་དེ་ཙམ་ན་ཧ་ཅང་སྟོབས་དང་ལྡན་པ་ཞིག་ཡིན་པ་ནི་སྨྲ་མི་དགོས་ཤིང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞེས་པའི་མིང་གི་ཆེ་བའང་འདི་ལས་བྱུང་བ་རེད། ནོར་བུ་རིན་པོ་ཆེ་ནི་འོད་ཆེན་པོ་དང་ལྡན་ཞིང་དེས་སྐུལ་བས་མི་རྣམས་གཅིག་གིས་གཅིག་ལ་བཞིན་བཟང་དག་ལོངས་ཤིག་ལས་ཀྱི་མཐའ་རྣམས་བྱོས་ཤིག ཚོང་འདུས་དག་ཁྲོམ། ཉི་མ་ཤར་ཏེ་ཉིན་མོར་ཤེས་སོ་ཞེས་སོགས་འབྱུང་བས་ཚོང་ལས་རིག་གནས་མཚོན་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་སུ་ཚོང་ལས་བྱུང་བས་ད་གཟོད་ཐོན་སྐྱེད་ལས་སྒོ་རྣམས་རང་རྐྱ་འཕེར་བར་གྱུར་ཅིང་སྤྱི་ཚོགས་ཀྱི་རྣམ་པ་ཕུན་སུམ་ཚོགས་པོ་དང་། མིའི་རིག་སྟོབས་ལ་ཡར་རྒྱས་ཤུགས་ཆེར་འགྲོ་འགོ་བརྩམས་པ་རེད། བུད་མེད་རིན་པོ་ཆེ་ནི་གཟུགས་མཛེས་ཤིང་རིག་པ་དྭངས་པ་ངག་འཇམ་པ། ཡོན་ཏན་ལྡན་ཅིང་སྒྱུ་རྩལ་ལ་མཁས་པ། བདེ་ལེགས་ཐམས་ཅད་སྟེར་བར་བཤད་པས་ཚན་རྩལ་དང་དཔལ་འབྱོར་དེ་ལྟ་བུའི་རྨང་གཞིའི་སྟེང་དུ་བྱུང་བའི་སྟེང་གི་བཀོད་པའི་རིག་གནས་སྣང་ཚུལ་ཏེ། མི་ཆོས་ཀུན་སྤྱོད་དང་མཛེས་འཛིན་ལྟ་བ། ཤེས་བྱ་རྒྱུད་འཛིན་སོགས་ཀྱི་གནས་སྟངས་ནི་སྤྱི་ཚོགས་གང་ཞིག་གི་ལེགས་ཉེས་ཀྱི་ཚད་འཛིན་བྱེད་ལྟ་བུ་ཞིག་ཡིན་པས། དཔེ་མཚོན་དུ་བུད་མེད་བཀོད་པ་ཧ་ཅང་འོས་པར་སྙམ། དེ་ཡང་གདོད་མའི་སྤྱི་ཚོགས་སུ་མ་རྒྱུད་ལམ་ལུགས་བྱུང་བའི་སྣང་ཚུལ་དང་མཐུན་ནོ།། བཤད་ཚུལ་གཞན་ཞིག་ལ་བཙུན་མོ་རིན་པོ་ཆེ་ཞེས་ཀྱང་འབྱུང་ལ། དེ་ལྟར་ན་རྒྱལ་པོ་ཞིག་ཡོད་པ་ཤུགས་ཀྱིས་རྟོགས་པས། བརྩམས་ཆོས་འདི་བྱུང་དུས་མ་རྒྱུད་ལམ་ལུགས་ལས་ཅིས་ཀྱང་འཕྱིས་དགོས་མོད། 《བཀའ་འགྱུར》ལས་འབྱུང་བའི་བུད་མེད་རིན་པོ་ཆེ་ལ་གཞི་བཅོལ་ན་འོས་པར་སྙམས་སོ།། དབང་བསྒྱུར་གྲལ་རིམ་གྱི་བདག་དབང་དང་ཡང་ན་སྒེར་དབང་སྲ་བརྟན་དུ་གནས་པར་དམག་དཔུང་ནི་མེད་དུ་མི་རུང་བས་ན་གླང་པོ་ཆེས་ནི་དམག་དཔུང་མཚོན་ཏེ། ཇི་སྐད་དུ་གླང་པོ་ཆེ་ཕལ་བ་སྟོང་གི་སྟོབས་མངའ་ཞིང་གཡུལ་ལས་རྣམ་པར་རྒྱལ་བར་བཤད་པས་མཚོན་ལ། དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ཞེས་པའི་ཁྲོད་ཀྱི་གཙོ་བོའང་གླང་ཆེན་གྱི་དཔུང་ཡིན་པས་ཀྱང་ཤེས་པ་ཡིན། འདི་ལྟ་བུའི་རྒྱལ་སྲིད་ཆེན་པོར་ཁ་ལོ་བསྒྱུར་བ་ལ་ཆབ་སྲིད་ཀྱི་རིག་པ་ནི་གཙོ་བོའི་ནང་གི་གཙོ་བོར་གྲུབ་པས་ན་གཞན་དབང་དུ་བསྒྱུར་བའི་རིག་པ་སྟེ་ཆབ་སྲིད་ནི་བློན་ཆེན་གྱིས་མཚོན་ཏེ། ཇི་སྐད་དུ་གཡུལ་ལ་དཔའ་ཞིང་ལས་ལ་མཛངས་པ། སྲིད་ཀྱི་ལས་སྣ་ཐམས་ཅད་ལ་བྱང་ཞིང་རྒྱལ་པོའི་མིག་འབྲས་ལྟར་གྱུར་པར་བཤད་པས་རྒྱལ་སྲིད་སྐྱོང་པར་ལས་བཞི་ལ་དབང་འབྱོར་བའི་ཆབ་སྲིད་རིག་པ་ནི་ཤིན་ཏུ་གལ་ཆེ་བ་སྟེ་དབང་བསྒྱུར་མཁན་གྱི་སྲོག་རྩ་ལྟ་བུ་ཡིན་པར་བསྟན། རྟ་མཆོག་རིན་པོ་ཆེ་ནི། ནད་མེད་ཅིང་མཚེར་སྐད་ཀྱིས་འཛམ་གླིང་ཁྱབ་པ། རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ། འཛམ་གླིང་ཉིན་གཅིག་ལ་ལམ་གསུམ་བསྐོར་ནུས་པས་ཤུགས་རླུང་དང་འདྲ་བར་བཤད་པས་ན། རྒྱལ་པོའི་བཀའའམ་སྲིད་ཇུས་སམ་རྒྱལ་ཁྲིམས་མཚོན་ཏེ། སྔ་མོའི་དུས་སུ་རྒྱལ་པོའི་བཀའ་ནི་རྒྱལ་ཁྲིམས་ཡིན་ལ་དབང་ཅི་ཙམ་བཙན་པ་དེ་ཙམ་གྱིས་བཀའ་བསྒྲགས་པ་གང་ཞིག་རྒྱལ་ཁམས་ཡོངས་སུ་ཁྱབ་མྱུར་བ་སྟེ་རྟ་མཆོག་གི་སྐད་ཀྱིས་འཛམ་གླིང་ཁྱབ་པ་དང་འགྲོས་མྱུར་བ་སོགས་ཀྱིས་མཚོན་ཡོད། གོང་གི་གནས་ཚུལ་འདི་རྣམས་ནི་ཡུལ་འཁོར་སྐྱོང་བའི་རྒྱལ་པོ་ཞིག་ལ་ཚང་དགོས་པའི་ནང་གི་རྐྱེན་ནམ་ཡང་ན་དབང་བསྒྱུར་མཁན་ལ་ཚང་དགོས་པའི་རང་སྟེང་གི་ནུས་པ་ཡིན་ལ། ད་དུང་ཕྱིའི་རྐྱེན་ཞིག་མཆིས་པ་ནི་དབང་བསྒྱུར་ཡུལ་ཏེ་མི་དམངས་རེད། སྲིད་དབང་གང་ཞིག་ཡིན་ཀྱང་མི་དམངས་དང་བྲལ་ཚེ་སྲིད་དབང་དུ་མི་འགྲུབ་པས་ན་ཁྱིམ་བདག་རིན་པོ་ཆེས་མི་དམངས་མཚོན་པ་ཡིན། ཇི་སྐད་དུ་མཁས་པ། གསལ་བ། ཡིད་གཞུང་པ། ལྷའི་མིག་དང་ལྡན་པས་ཁོར་ཡུག་ཏུ་བདག་པོ་དང་བཅས་པའི་གཏེར་དག་ཀྱང་མཐོང་སྟེ། བདག་པོ་མེད་པའི་གཏེར་དག་ཀྱང་མཐོང་སྟེ། བདག་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་ཅེས་འབྱུང་བས་ངལ་རྩོལ་མི་དམངས་ཀྱི་རང་བཞིན་གསལ་པོར་བསྟན་ཡོད་པ་མ་ཟད། དབང་བསྒྱུར་གྲལ་རིམ་དང་དམངས་ཚོགས་བར་གྱི་འབྲེལ་བའང་གསལ་པོར་མཐོང་ཐུབ་པ་སྟེ། བདག་པོ་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་ཅེས་པས་མཚོན་ནོ། །
6.སྲིད་པའི་འཁོར་ལོ།
དེ་ཡང་བོད་ཀྱི་རྒྱན་རིས་སྤྱི་ལུགས་སུ་གྱུར་པའི་དོན་མཚོན་རི་མོའི་ཁྱད་ཆོས་མངོན་པར་གསལ་བ་ནི་སྲིད་པའི་འཁོར་ལོ་འདི་ལས་ལྷག་པ་ཞིག་མེད་པར་སྙམ་སྟེ། དེ་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པའི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་གང་དེ་རི་མོ་སྒྱུ་རྩལ་གྱི་བྱེད་ནུས་ཁྱད་པར་ཅན་ལ་བརྟེན་ནས་ཧ་ཅང་གོ་བདེ་བའི་བཞིན་ལག་གི་རྣམ་པར་བསྒྱུར་བ་ནི་བོད་ཀྱི་རྒྱན་རིས་སྒྱུ་རྩལ་གསར་རྩོམ་ཐད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་དང་། སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་བའི་ཐབས་ཤེས་ཡག་ཤོས་ཤིག་ཀྱང་རེད། སྲིད་པའི་འཁོར་ལོ་འདི་ནི་ཡོངས་གྲགས་སུ་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ཤཀྱྰ་ཐུབ་པའི་བཀའ་བཞིན་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ཡ་ནར་སྐྱེས་ལན་ཏུ་བྲིས་པར་བཤད་ཅིང་། འགའ་ཞིག་གིས་བསྟན་པ་འདིའི་རི་མོ་ཐོག་མ་ཡིན་པར་ཡང་བཤད། བསྟན་པ་འདིའི་རི་མོའི་བརྩམས་ཆོས་ཐོག་མར་བཤད་པ་ནི་འཐད་པར་མ་མཐོང་སྟེ། གཅིག་ནས་སྟོན་པའི་བྲིས་སྐུ་ཐོག་མ་ནི“ཆུ་ལོན་མ”དང“འོད་ཟེར་ཅན་མ”གཉིས་ཡིན་པ་ཀུན་ལ་གྲགས་ཤིང་། གཉིས་ནས་རྒྱ་གར་གྱི་རི་མོའི་ལོ་རྒྱུས་དང་དགོན་སྡེའི་ལྡེབས་རིས་སོགས་སུ་སྲིད་པའི་འཁོར་ལོ་ཞེས་པའི་རྒྱན་རིས་འདི་ལྟ་བུ་མཐོང་ཐོས་སུ་མི་འབྱུང་བ་སོགས་ཀྱི་རྟོགས་ནུས་ཤིང་། དེས་མ་ཟད་རི་མོའི་བརྩམས་ཆོས་འདིའི་སྤྱིའི་ཁྱད་ཉམས་ལ་དཔྱད་ཀྱང་བོད་ཀྱི་དོན་མཚོན་རི་མོའི་ཆོས་ཉིད་དང་མཐུན་པ་ནི་བོད་ཀྱི་རི་མོར་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཕྱིན་ཧ་ཅང་རྟོགས་སླ། དེས་ན་བརྩམས་ཆོས་འདི་ཐོག་མར་རྒྱ་གར་དུ་བྱུང་བར་འདོད་པ་ནི་རང་རེའི་མཁས་པ་རྒྱ་གར་ལ་དགའ་མཁན་ཚོའི་དད་འདུན་ཙམ་ལས་སྒྱུ་རྩལ་གྱི་ཆོས་ཉིད་དང་མཐུན་པའི་སྒྲུབ་བྱེད་གཞན་གྱིས་དབེན་ནོ།། རྒྱན་རིས་འདིའི་སྟེང་ནས་བོད་དུ་སངས་རྒྱས་ཆོས་ལུགས་རྒྱ་ཆེར་དར་བའི་དུས་དེ་ཙམ་ན་རི་མོའི་སྒྱུ་རྩལ་གྱི་མཚོན་རྩལ་ཚད་མཐོན་པོར་སླེབས་ཡོད་པའང་རྟོགས་ཐུབ། དེ་ཡང་གོང་དུ་བརྗོད་ཟིན་པ་ལྟར་བརྩམས་ཆོས་ཤིག་གི་སྒྱུ་རྩལ་བྱེད་ནུས་ཡོངས་སུ་རྫོགས་པར་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཞིག་ནི་གཟིགས་མཁན་གྱི་ཤེས་ནུས་ཡིན་ཏེ། རྒྱན་རིས་འདིར་བློ་རབ་འབྲིང་ཐ་གསུམ་ཀུན་ལ་རང་རང་གི་བློ་དང་མཐུན་པའི་ངེས་ཤེས་སྐྱེ་ཐུབ་པའི་ཁྱད་ཆོས་ཡོད་པ་སྟེ། དད་པའི་རྟེན་ཡིན་ལ་སྒྱུ་རྩལ་བརྩམས་ཆོས་ཀྱང་ཡིན་པའི་ཕྱིར་རོ། རྒྱན་རིས་འདིའི་དབུས་སུ་བར་སྟོང་དྲུག་ཅན་གྱི་འཁོར་ལོའི་རྣམ་པ་ཞིག་བྲིས་ཤིང་བར་སྟོང་དྲུག་ལ་འགྲོ་བ་རིགས་དྲུག་སྟེ་གོང་ནས་གཡས་སུ་ལྷ། མི། ཡི་དྭགས། དམྱལ་བ། དུད་འགྲོ། ལྷ་མ་ཡིན་བཅས་འཁོར་མོར་བཀོད་པས་སེམས་ཅན་རྣམས་ལས་ཀྱི་དབང་གིས་སྲིད་པ་གསུམ་དུ་འགྲོ་དྲུག་གི་ངོ་བོས་བར་མི་ཆད་པར་འཁོར་བའི་རྣམ་པ་མཚོན་ཅིང་། འཁོར་ལོའི་མུ་ཁྱུད་ལ་དགེ་སྡུག་གཉིས་ཀྱི་རྒྱུ་བསགས་པར་བྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་རྣམས་བཀོད་པ་སྟེ། འདི་ལ་ལུགས་འབྱུང་ལུགས་ལྡོག་གཉིས་མཆིས་ཀྱང་དང་པོ་ལྟར་ན། འཁོར་ལོའི་གོང་ནས་གཡས་སུ་དང་པོ་རིག་པའི་རྟེན་འབྲེལ་མཚོན་བྱེད་དམུས་ལོང་། གཉིས་པ། འདུ་བྱེད་ཀྱི་རྟེན་འབྲེལ་མཚོན་བྱེད་རྫ་མཁན། གསུམ་པ། རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན་བྱེད་སྤྲེའུ་ཤིང་རྩེར་གནས་པ། བཞི་པ། མིང་གཟུགས་ཀྱི་རྟེན་འབྲེལ་མཚོན་བྱེད་གྲུ་གཟིངས། ལྔ་པ། སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན་བྱེད་ཁང་སྟོང་། དྲུག་པ། རེག་པ་མཚོན་བྱེད་ཕོ་མོ་འཁྱུད་པ། བདུན་པ། ཚོར་བའི་རྟེན་འབྲེལ་མཚོན་བྱེད་མིག་ལ་མདའ་ཟུག་པ། བརྒྱད་པ། སྲེད་པའི་རྟེན་འབྲེལ་མཚོན་བྱེད་སྐྱེས་བུ་ཆང་འཐུང་མཁན། དགུ་པ། ལེན་པའི་རྟེན་འབྲེལ་མཚོན་བྱེད་སྤྲེའུ་ཤིང་ཏོག་ལེན་པ། བཅུ་པ། སྲིད་པའི་རྟེན་འབྲེལ་མཚོན་བྱེད་བུད་མེད་སྦྲུམ་མ། བཅུ་གཅིག་པ། སྐྱེ་བའི་རྟེན་འབྲེལ་མཚོན་བྱེད་ཕྲུ་གུ་བཙའ་བ། བཅུ་གཉིས་པ། རྒ་ཤིའི་རྟེན་འབྲེལ་མཚོན་བྱེད་རོ་འཁུར་བ་བཅས་འབྲིའོ། ། འཁོར་ལོ་གང་གི་ལྟེ་བའི་སྒོར་དབྱིབས་ཆུང་བའི་དབུས་སུ་དུག་གསུམ་མཚོན་བྱེད་བྱ་སྦྲུལ་ཕག་གསུམ་འབྲི་བ་སྟེ། ཕུག་རོན་གྱིས་འདོད་ཆགས་དང་སྦྲུལ་གྱིས་ཞེ་སྡང་མཚོན་པ། ཕག་གིས་གཏི་མུག་མཚོན། དེ་ཡང་བྱ་སྦྲུལ་གཉིས་ཕག་གི་ཁ་ནས་ཐོན་པའི་རྣམ་པ་བྲིས་པས་འདོད་ཆགས་དང་ཞེ་སྡང་འབྱུང་བའི་གཞི་ནི་གཏི་མུག་ཡིན་པ་དང་། འཁོར་བའི་རྩ་བ་ནི་དུག་གསུམ་ལ་རག་ལས་ཤིང་འཁོར་བར་འཁོར་བའི་ཡང་སྙིང་ནི་མ་རིག་པ་སྟེ་གཏི་མུག་ལ་ཐུག་ཡོད་པ་བསྟན་ཡོད། འཁོར་ལྟེ་ཡི་སྒོར་དབྱིབས་ཆུང་བའི་མུ་མཐའ་དེ་ཡང་དཀར་ནག་གཉིས་སུ་བགོས་ཤིང་བདེ་འགྲོ་དང་ངན་འགྲོའི་ལམ་དཀར་ནག་གཉིས་མཚོན་ལ། དེ་རུ་ལས་ཀྱི་རྒྱུ་དགེ་བ་བསགས་པ་རྣམས་ལམ་དཀར་པོ་རུ་ཡར་འགྲོ་ཞིང་། ལས་སྡིག་པ་བསགས་མཁན་རྣམས་ལམ་ནག་པོ་རུ་མར་ལྷུང་འགྲོ་བའི་རྣམ་པས་མཚོན་ཡོད། འདི་ལྟ་བུའི་འཁོར་བའི་རྣམ་པ་ཡོངས་སུ་མཚོན་པའི་འཁོར་ལོ་དེ་འཇིགས་སུ་རུང་བའི་གཤིན་རྗེའི་ལག་ཏུ་དམ་པོར་བཅིངས་ཡོད་པ་བྲིས་པས་སེམས་ཅན་རྣམས་སྲིད་པ་གང་རུང་ན་རྣམ་པ་ཇི་ལྟ་བུར་འཚོ་ཡང་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་འགའ་ཡང་མེད་པས་ན། དལ་འབྱོར་གྱི་རྟེན་འདི་ལྟ་བུ་ཐོབ་པའི་སྐབས་བཟང་པོ་འདི་འཁོར་བའི་རྒྱུ་རུ་མི་གཏོང་བར་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ལས་ལ་འབད་པར་སྐུལ་བ་ནི་དོན་གྱི་སྙིང་པོ་ཡིན་ནོ། ། སྲིད་པའི་འཁོར་ལོ་ཆེན་པོ་འདིའི་གོང་གི་ནམ་མཁའ་ལ་དཀར་གསལ་ཟླ་བ་སྟོན་པའི་རྣམ་པ་ནི་ཞི་བ་མྱང་འདས་འདི་ལྟ་བུ་མ་འཐོབ་ན་ནམ་ཡང་འཁོར་བའི་སྡུག་བསྔལ་ལས་མི་ཐར་བས་ཕྱིར་ན་སྲིད་པ་གསུམ་ན་གནས་པའི་སེམས་ཅན་རྣམས་འཁོར་བ་ལས་ཐར་བའི་ཐབས་དམ་པ་ལ་འབད་པ་འོས་སོ་ཞེས་བསྟན་པ་མཚོན་ནོ།
7.མཐུན་པ་སྤུན་བཞི།
དེ་ཡང་མཐུན་པ་སྤུན་བཞི་ནི་བོད་ཀྱི་དོན་མཚོན་རི་མོའི་ཁྲོད་གོ་གནས་གལ་ཆེན་ཟིན་པའི་བརྩམས་ཆོས་ཤིག་ཡིན་པས་མི་རྣམས་དགའ་མོས་ཆེན་པོ་བྱེད་ཅིང་། ཆེ་བ་དགོན་སྡེ་དང་གཙུག་ལག་ཁང་ནས་ཆུང་བ་ཕལ་པའི་སྡོད་ཁང་བར་ཁྱབ་ཡོད། དེ་ཡང་མཐུན་པ་སྤུན་བཞི་ཞེས་པའི་མཚན་བྱང་དང་རི་མོའི་སྒྲིག་གཞི་གཉིས་ཀྱི་སྟེང་ནས་ཀྱང་མི་ལ་ཚོར་སྣང་ཐུན་མོང་མ་ཡིན་པ་ཞིག་སྐྱེད་ཡོང་པ་ཡིན། ཆོས་ལུགས་ཀྱི་བག་ཆགས་གཏིང་ཟབ་པའི་སྐྱེ་བོ་ཚོའི་སྣང་ངོར། རི་མོ་འདིས་ནི་སངས་རྒྱས་ཀྱི་མཛད་པ་མཚོན་པ་སྟེ། 《མཛད་བརྒྱ་དཔག་བསམ་ཁྲི་ཤིང》ལས་ཡན་ལག་གྱ་དྲུག་པ་བྱ་སྲེག་པའི་རྟོགས་པ་བརྗོད་པ་ལས་འབྱུང་བ་ལྟར“དེའི་དུས་ཀྱི་བྱ་སྲེག་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ལ། རི་བོང་ནི་ཤཱ་རིའི་བུ། སྤྲེའུ་ནི་མོ་འགལ་བུ། གླང་ཆེན་ནི་ཀུན་དགའ་བོ་ཡིན་པར་བཤད་པ”ཇི་བཞིན་ནོ། ། དེས་ན་རི་མོ་རང་ངོས་ཀྱི་ཉམས་འགྱུར་དང་ཆོས་ལུགས་ཀྱི་འགྲེལ་བཤད་གང་ལ་གཞིགས་ཀྱང་རྒྱན་རིས་འདིས་མི་ཆོས་ཀུན་སྤྱོད་མཚོན་གྱི་ཡོད་པ་ནི་ཧ་ཅང་གསལ། དེ་ཡང་ཀུན་སྤྱོད་ནི་སྤྱི་ཚོགས་ཤིག་གམ་ཡང་ན་མི་སྒེར་གང་ཡིན་ཀྱང་དེའི་ལེགས་ཉེས་བརྟག་པའི་ཚད་ཤིང་ལྟ་བུ་དང་སྤྱི་ལ་ཕན་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ནི་འགྲོ་བ་མིའི་སྤྱི་ཚོགས་ཡར་ལྡན་དུ་འཕེལ་བའི་སྒུལ་ཤུགས་གཙོ་བོའང་ཡིན། ཀུན་སྤྱོད་ལ་ཆེ་ཕྱོགས་ནས་དབྱེ་ཚེ་ཆོས་ལུགས་ཀུན་སྤྱོད་དང་མི་ཆོས་ཀུན་སྤྱོད་གཉིས་འདུ་ཞིང་ནང་གསེས་སུ་དབྱེ་ཚེ་ཧ་ཅང་རིགས་མང་བོར་འགྱུར་བས། རེ་རེ་བཞིན་བརྗོད་ཀྱིས་མི་ལང་ཡང་། རང་རེ་རྣམས་ལ་མཚོན་ན་ཆོས་ལུགས་ཀུན་སྤྱོད་ཤུགས་ཆེར་འཕེལ་བའི་དབང་གིས་ཆོས་སྒོར་ཞུགས་ཡོད་མེད་ཚང་མ་ཆོས་ལུགས་ཀུན་སྤྱོད་གཅིག་པོར་བསྟུན་དགོས་ཤིང་། ལོ་རྒྱུས་ཀྱི་གནས་སྐབས་འགའ་རེར་མི་ཆོས་ཀུན་སྤྱོད་ཞེས་པ་དེ་མིང་ཙམ་དུ་ལུས་པའི་གནས་ཚུལ་ཤར་བ་རེད། མཐུན་པ་སྤུན་བཞི་ལ་མཚོན་ན་ཆོས་ལུགས་ཀྱི་ཀུན་སྤྱོད་དང་སྦྱར་ཚེ་གྲུབ་མཐའ་གང་ལའང་འཚམས་ཤིང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་གཞིར་བྱས་ཐོག་ཅི་ལྟར་འགྲེལ་ཡང་མི་འགལ་མོད། མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་ལ་དྲངས་ཚེ་གནས་ཚུལ་མང་པོ་ཞིག་ཐོན་ཡོང་བ་ཡིན། ང་ཚོས་ཞིབ་འཇུག་གི་གནད་ཀྱང་མི་ཆོས་རིང་ལུགས་ལ་བཅོལ་དགོས་ཤིང་དེ་ལྟར་ན་དེང་གི་སྒྱུ་རྩལ་བྱ་གཞག་ལ་ཕན་པའི་ངེས་ཤེས་གསར་པ་རེ་རྙེད་པར་ཕན་སྙམ། ཕྱོགས་འདི་ནས་བལྟས་ཚེ་བརྩམས་ཆོས་འདི་ནི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་གང་རུང་དུ་བྱུང་ཆོག་པ་སྟེ། ངག་རྒྱུན་ལ“མིས་མི་བཀུར་ན་བླ་མ་དཔོན་པོ། ཤིང་གིས་ཤིང་བཀུར་ན་ལྷ་ཁང་གསས་ཁང་།”ཞེས་པ་ལྟ་བུའི་བསམ་བློ་ཞིག་བརྩམས་ཆོས་འདིའི་དངོས་སམ་ཤུགས་གང་རུང་ནས་ཡོང་ལ། ལོ་རྒན་གཞོན་གྱི་དབང་གིས་གཞོན་པས་རྒན་པ་བཀུར་བའི་ལུགས་འདི་ནི་རང་རིགས་ཙམ་མ་ཟད་རྒྱ་རིགས་སོགས་མི་རིགས་གཞན་ལའང་སྔ་མོ་ནས་དར་ཡོད་པའི་ཆ་ནས་ཀྱང་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ན་གཞི་ནས་བྱུང་བ་ཞིག་མིན་པ་ནི་རིག་པས་དཔྱད་ན་ཤེས་ལ། འགྲོ་བ་མི་རྣམས་དུད་འགྲོའི་རིགས་ལས་ཁྱད་དུ་འཕགས་པའི་སྒྲུབ་བྱེད་གཙོ་བོ་ཡང་ཀུན་སྤྱོད་ཀྱི་འདུ་ཤེས་ཡོད་མེད་ལ་ཐུག་ཡོད་པ་ཡིན། དེས་ན་ཀུན་སྤྱོད་ཀྱི་ཚད་གཞི་ནི་མིའི་རིགས་ཚོགས་པའི་འཚོ་བ་སྐྱེལ་བ་ནས་ཡོད་ངེས་ལ་དུས་རབས་རེ་རེར་མངོན་སྟངས་མི་འདྲ་བ་རེ་ཡོད་པ་ཙམ་རེད། རྒྱན་རིས་འདིར་ལོ་རྒན་གཞོན་གྱི་ཆོས་ཉིད་ལ་བརྩི་བཀུར་བྱས་ཡོད་པ་ཕུད། མི་མངོན་པའི་ཆོས་ཉིད་ཅིག་མཆིས་པ་ནི་སེམས་ཅན་འདི་དག་གི་ལྷན་སྐྱེས་ཀྱི་ལུས་ཆེ་ཆུང་གི་ཆོས་ཉིད་འདི་བཞིན་བྱ་དེ་ལོ་གཞོན་ཤོས་སུ་སྲིད་ཀྱང་ལུས་ཤུགས་ཀྱིས་གླང་ཆེན་འདེགས་མི་ཐུབ་པ་ནི་དོན་གྱི་གནས་ལུགས་ཡིན་པས་ན། ལོ་རྒན་གཞོན་མ་དབྱེ་ཡང་ད་ལྟའི་གནས་སྟངས་འདི་ལས་གཞན་དུ་འདའ་མི་སྲིད། ལྷག་པར་དུ་དེང་གི་ཀུན་སྤྱོད་ཀྱི་མིག་གིས་བལྟས་ཚེ་སྤྲེའུ་ནི་ཡལ་གའི་རི་དྭགས་དང་བྱ་ནི་མཁའ་ལ་འཕུར་ནུས་པ་ཡིན་བཞིན་ཀུན་སྤྱོད་ལ་བརྩི་འཇོག་བྱ་ཕྱིར་གཅིག་གིས་གཅིག་ལ་ཞོན་ཏེ་སྡོད་དགོས་པར་ཤར་ཞིང་། ཡོན་ཏན་རྣམས་ཕྱིར་མངོན་པའི་གོ་སྐབས་འཕྲོགས་པའི་དབང་གིས་དངོས་པོའི་དཔལ་ཡོན་བསྐྲུན་པའི་ནུས་ཤུགས་ཉམས་པའི་སྐྱོན་ལྡན་ཡང་། བརྩམས་ཆོས་ཀྱིས་དུས་རབས་མཚོན་དགོས་པ་ནི་སྒྱུ་རྩལ་གྱི་བླང་བྱ་ཡིན་པས་ན་མཐུན་པ་སྤུན་བཞི་ནི་མེས་པོའི་ཤུལ་བཞག་རྩ་འགངས་ཆེ་བ་ཞིག་ཡིན་པ་སྨྲ་མི་དགོས་ཤིང་། བོད་མི་རིགས་འདི་བཞིན་ཡ་རབས་སྤྱོད་བཟང་ཅན་ལ་གོང་བཀུར་དང་སྤྱི་ཡོངས་ཀྱི་ཀུན་སྤྱོད་ཁེ་ཕན་ལ་བརྩི་འཇོག་བྱེད་མཁན་གྱི་མི་རིགས་ཤིག་ཏུ་གྲུབ་པའི་རྒྱུ་རྐྱེན་གཙོ་བོའང་གཅིག་ནས་ཡ་རབས་ཀུན་སྤྱོད་ཀྱི་ལོ་རྒྱུས་རིང་ཞིང་། གཉིས་ནས་འགྲོ་ཀུན་འཚེ་མེད་སྙིང་རྗེས་སྐྱོང་བའི་ཆོས་ལུགས་འདི་ལྟ་བུ་ལྡན་པས་སོ།
8.ཚེ་རིང་རྣམ་དྲུག
དེ་ཡང་བོད་ཀྱི་སྤྱི་ཚོགས་སུ་བེད་སྤྱོད་ཆེ་ཤོས་དང་མི་རྣམས་དགའ་ཤོས་ཀྱི་རི་མོའི་རིགས་ཤིག་ཡིན་ལ། ཚེ་རིང་རྣམ་དྲུག་ཞེས་པའི་མཚན་བྱང་དང་རི་མོའི་ངོ་ཙམ་གྱི་བརྗོད་བྱ་མཐོང་བ་ཙམ་གྱིས་ཀྱང་མི་ལ་ཞི་བདེ་བག་ཡངས་ཀྱི་སྣང་བ་ཞིག་དབང་མེད་སྟེར་ཡོང་བ་ཡིན། དེ་ཡང་རྒྱན་རིས་འདིའི་བརྗོད་དོན་དངོས་ཀྱི་ཐད་མི་མང་པོ་ཞིག་གིས་ཁུངས་བཅོལ་ཡུལ་ནི་པཎ་ཆེན་དགུ་པ་མཆོག་གིས་མཛད་པའི《ཚེ་རིང་རྣམ་དྲུག་གི་བྱུང་བ་མདོར་བསྡུས་ཚིགས་སུ་བཅད་པ》ཞེས་པ་དེ་ཡིན་ལ། དེར“སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་གྲུ་འདིར།། དུས་གསུམ་སྲས་བཅས་རྒྱལ་བས་བྱིན་བརླབས་པས།། མི་འགྱུར་མི་ཞིགས་ཁྱད་ཆོས་བདུན་ལྡན་པའི།། གཞོམ་བྲལ་རྡོ་རྗེའི་རང་བཞིན་བྲག་རི་བསྐྲུན།།”ཞེས་འབྱུང་ཞིང་རྗེས་སུ་ཁག་ཅིག་གིས་མ་ཧཱ་ཙི་ནའི་ཡུལ་གྲུ་ཆེན་མོའི་རྣམ་དག་བདེ་ཆེན་གྱི་ཚལ་ཞེས་བྱ་བ”ཞེས་ས་མིང་གསལ་མདོག་ཁ་པོ་ཞིག་བྲིས་འདུག་ཀྱང་གཞི་གང་ལ་བརྟེན་པ་ནི་མ་མཐོང་། དེས་ན་བོད་ཀྱི་དོན་མཚོན་རི་མོའི་གསར་རྩོམ་གྱི་སྤྱི་ལུགས་དང་རྒྱན་རིས་ཁྲོད་ཀྱི་མི་སྣའི་ངོ་གཞིའི་མཚོན་དོན་བཅས་ལ་བརྟགས་ཚེ། རྒྱན་རིས་འདི་ནི་བོད་རྒྱ་མི་རིགས་གཉིས་ཀྱི་སྒྱུ་རྩལ་འབྲེལ་འདྲེས་བྱས་པའི་མཚོན་རྟགས་ཤིག་དང་། བོད་ཀྱི་སྒྱུ་རྩལ་བ་གོང་མ་དག་གིས་གཞན་གྱི་ལེགས་ཆ་བསྡུ་བའི་གསར་རྩོམ་ཐད་ཀྱི་ལྟ་སྟངས་ཤིག་མཆིས་པ་ནི་སྣོད་བཅུད་མཐུན་གནས་མཚོན་པ་དེ་རེད། ལྟ་སྟངས་འདི་ནི་དོན་དངོས་དང་འཚམས་ཤོས་ཀྱི་ལྟ་སྟངས་ཉིད་ཡིན་པར་འདོད། དེ་ཡང་བོད་རྣམས་ཀྱིས་འཇིག་རྟེན་ལ་འཛིན་པའི་ལྟ་སྟངས་ནི་སྣོད་བཅུད་གཉིས་གཅིག་མཐུན་གྱི་རྫས་ལས་གྲུབ་ཕྱིར་འདྲ་མཐུན་མཉམ་གནས་ཤིག་ཡིན་པ་དེ་རེད། ལོ་རྒྱུས་ཀྱི་གནས་སྐབས་འདི་ཙམ་ལ་སླེབས་ཚེ་དང་ཐོག་གི་ལྟ་སྟངས་དེ་གོང་འཕེལ་ངེས་ཅན་སོང་ཡོད་པ་ནི་དངོས་པོ་འཕེལ་བའི་ཆོས་ཉིད་ཡིན་ལ། སྒྱུ་རྩལ་རང་སྟེང་ནས་གོང་འཕེལ་ངེས་ཅན་བྱུང་ཡོད་པ་ནི་བརྩམས་ཆོས་རེ་རེའི་ངོས་གཞི་ནས་མཐོང་ཐུབ། དཔེར་ན་ཚེ་རིང་རྣམ་དྲུག་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་མཆིས་པ་ནི་སྤྱིའི་བརྗོད་བྱ་སྣོད་བཅུད་མཐུན་གནས་ཡིན་ཀྱང་དེ་དག་ལས་མི་གཙོ་བོར་བཞག་ཡོད་པ་དང་། དེས་མ་ཟད་བྱ་དང་རི་དྭགས་གཉིས་ཀྱང་དེ་དག་སོ་སོའི་རིགས་ལས་ཉམས་ཆུང་ཞི་དུལ་ཅན་གྱི་སེམས་ཅན་རིགས་གདམས་ཡོད་པ་ལས་ཁྱུང་དང་སྟག་ལྟ་བུ་མ་ཡིན་པ་བཅས་རེད། འདི་ལ་རྒྱུ་མཚན་ཆེན་པོ་དང་ལྡན་པ་སྟེ། མི་ནི་འཇིག་རྟེན་བརྗོད་བྱ་གཙོ་བོ་ཡིན་པའི་ཆ་ནས་མིའི་རིགས་ཀྱི་ཤེས་རིག་ཀྱང་འཇིག་རྟེན་འདིར་སྟོབས་ཤུགས་ཆེ་ཤོས་སུ་གྱུར་པ་རེད། དེ་བས་ན་སྣོད་བཅུད་དོ་མཉམ་ན་འཇིག་རྟེན་གྱི་ཕུན་ཚོགས་རིང་དུ་གནས་པའི་གནས་ལུགས་ཤེས་མཁན་ནི་མི་ཡིན་ལ། སྣོད་བཅུད་ལ་གཏོར་སྐྱོན་ཚབས་ཆེན་བཟོ་མཁན་ཡང་མིའི་རིགས་རང་ཡིན། ལྷག་པར་དུ་བདེ་སྐྱིད་ལ་ལོངས་སུ་སྤྱོད་པ་དང་མི་ཚེ་ཡུན་རིང་དུ་གནས་རྒྱུ་ནི་མིའི་རིགས་ཀྱི་གཏན་དུ་གནས་པའི་མོས་འདུན་དྲག་པོ་ཞིག་ཡིན་པའི་ཆ་ནས་ཀྱང་། སྣོད་བཅུད་གཉིས་ཀྱི་གནས་བབས་དང་འབྲེལ་བའི་ཐད་བསམ་བློ་གཏོང་མཁན་ནི་ཧ་ཅང་མང་བ་ཡིན། དེ་ཡང་སངས་རྒྱས་ཆོས་ལུགས་བོད་དུ་རྒྱ་ཆེར་དར་བ་དང་བསྟུན་ཏེ་བོད་མིས་སྣོད་བཅུད་ཐད་ཀྱི་ལྟ་བ་ལའང་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་སྟེ། བོད་རྣམས་ཀྱིས་“ཚེ་སྲོག་འདྲ་མཉམ་”དུ་ལྟ་ཞིང་འབུ་སྲིན་ཕྲ་མོ་ཙམ་ལའང་འཚེ་བར་མི་བྱེད་ཅིང་གཞན་སུ་ཞིག་སྡིག་བསྔལ་བ་མཐོང་ཚེ་ཚད་མེད་པའི་སྙིང་རྗེ་སྐྱེ་བར་བྱེད་ལ། ཁོར་ཡུག་གི་རི་ཆུ་ཀུན་ལ་མཛེས་པའི་མིང་གིས་འབོད་ཅིང་རྩྭ་ལྗང་རྐང་གཅིག་ཡིན་ཀྱང་རྡོག་བརྫིས་མི་གཏོང་བ་ཡིན། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་བཟུང་སྟེ་གང་དུ་དགོན་སྡེ་ཡོད་ན་དེར“བཙུགས་ཤིང་”ཞེས་ནགས་ཚལ་གླིང་ག་རེ་ཅིས་ཀྱང་ཡོད་དགོས་པའི་སྲོལ་བྱུང་ཞིང་། མ་གྱུར་སེམས་ཅན་གྱི་ལྟ་བས་མི་དང་སེམས་ཅན་གཞན་བར་འདྲ་མཉམ་གྱི་ཐོབ་ཐང་བསྐྲུན་པས་བོད་ཡུལ་ནི་རི་དྭགས་མང་ཤོས་དང་ས་གཙང་ཤོས་ཀྱི་གནས་མཆོག་ཅིག་ཡིན་ཞེས་ཀུན་ལ་གྲགས་སོ།། མདོར་ན་སྣོད་བཅུད་ལ་ཤེས་རྟོགས་སྔ་བའི་དབང་གིས་རྒྱན་རིས་ཀྱི་ལམ་ནས་མཚོན་པའང་མི་རིགས་གཞན་ལས་སྔ་ངེས་སོ།།
9.སོག་པོ་སྟག་ཁྲིད།
དེ་ཡང་རྒྱན་རིས་འདི་དུས་ནམ་བྱུང་དང་བཟོ་བོ་སུ་ཡིན་སྐོར་ལ་དཔྱད་པ་བཏང་བ་ཞིག་ད་ལྟའི་བར་མ་མཐོང་ཞིང་། ཡི་གེར་བཀོད་པའི་དཔྱད་གཞིའང་རེ་འགའ་ཙམ་ལས་མེད་པ་མ་ཟད། དེ་རྣམས་ནི་ཆོས་ལུགས་ཀྱི་བརྗོད་དོན་ལྟར“རིག་གསུམ་མགོན་པོ”མཚོན་པར་བཤད་པ་ཙམ་རེད། དེ་བས་ན་ད་ལྟའི་བར་གདོན་རིགས་འགོག་བྱེད་ཀྱི་སྒོ་སྲུང་ཙམ་མམ། ཡང་ན་རྒྱན་རིས་ཙམ་ལ་བརྩིས་ཏེ་བོད་ཀྱི་ཡུལ་དབུས་སོགས་སུ་ཁང་ཁྱིམ་ལ་རྣམ་པ་འདོན་བྱེད་གཙོ་བོ་ཞིག་ཏུ་གྱུར་ཅིང་མི་རྣམས་དགོངས་དོན་མཚོན་པའི་རྗོད་བྱེད་ཅི་ཡང་མི་མཐོང་སྟེ། རྒྱན་རིས་ཤིག་ཏུ་ངེས་ཚེ་མི་ལ་ཉམས་དགའ་ཞིང་ལྷོད་བག་བྲོ་བའི་ཚོར་སྣང་སྐྱེས་དགོས་པ་ཞིག་ཡིན་ཡང་འདིར“མིས་སེམས་ཅན་དབང་དུ་བསྒྱུར་བའི”རྣམ་པ་འདི་ལྟ་བུས་བདེ་སྣང་སྦྱིན་པའི་མཛེས་ཉམས་ཅི་ཞིག་ཐོན། ཆོས་ལུགས་ཀྱི་ནང་དོན་ཞིག་མཚོན་ཟེར་ན་འཇམ་དབྱངས་དང་ཕྱག་རྡོར་གཉིས་ཀྱིས་སྤྱན་རས་གཟིགས་དབང་དུ་བྲན་ཅིང་མཆིས་ལ། བོད་མིས་དགའ་པོ་བྱེད་པའི“རིག་གསུམ་མགོན་པོ”སྒོ་སྲུང་དུ་བཀོད་སྲིད་དམ། དེ་བས་ན་བརྩམས་ཆོས་འདི་ཡང་བོད་ཀྱི་དོན་མཚོན་རི་མོའི་ཁྱད་ཆོས་འབུར་དུ་ཐོན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ལ། ཆབ་སྲིད་ཀྱི་དམིགས་བྱ་ངེས་ཅན་ལྡན་པའི་བརྩམས་ཆོས་ཤིག་ཀྱང་ཡིན་པར་འདོད། དེ་ཡང་ཐོག་མར་བརྩམས་ཆོས་འདིའི་ངོས་གཞི་ཙམ་ལ་གཟིགས་ཚེ། སོག་རིགས་ཀྱི་ཕོ་རྒོད་དར་མ་གཅིག་གིས་རྒྱ་སྟག་རྔམ་ཟིལ་ལྡན་པ་ཞིག་གི་སྐེ་ལ་ལྕགས་ཐག་བསྐོན་དེ་དབང་དུ་བྲན་པའི་ཚུལ་མཐོང་ཡོང་བ་ཡིན། སྣང་ཚུལ་འདི་མཐོང་ཚེ་དཔྱོད་ལྡན་ཚོར་དོག་གཞི་མང་པོ་ཞིག་འབྱུང་སྲིད་ཀྱང་། བརྗོད་བྱའི་ཐད་གོ་བ་གཅིག་མཚུངས་ཤིག་སྐྱེས་ངེས་པ་ནི་བརྩམས་ཆོས་འདིས“སོག་པོའི་དཔའ་ཉམས་ལ་བསྟོད་བསྔགས་བཏང་འདུག་པ”དེ་རེད། དེས་ན་སོག་པོའི་དཔའ་ཉམས་ལ་བསྟོད་བསྔགས་བླ་མེད་བཏང་བའི་བརྩམས་ཆོས་འདི་ཅིའི་ཕྱིར་སོག་པོ་ནས་མ་བྱུང་བར་བོད་ལ་བྱུང་དགོས་པ་ཡིན་ནམ། འདིའི་ཐད་ནས་བལྟས་ཚེ་བོད་དང་སོག་པོའི་བར་གྱི་འབྲེལ་བའི་སྐོར་ལ་བསམ་བློ་གཏོང་དགོས་ངེས་ཤིག་ཡིན་པར་མཐོང་བས། ཉེ་བའི་དུས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ་ཡོངས་གྲགས་སུ་སྤྱི་ལོ1206ལོར་སོག་རྒྱལ་ཇིང་གིར་ཧན་གྱིས་བོད་ཀྱི་དབུས་གཙང་དུ་དམག་དྲངས་བ་ནས་བཟུང་བོད་སོག་བར་ཆབ་སྲིད་ཐད་ཀྱི་འབྲེལ་བ་ཐོག་མར་བྱུང་བར་བཤད་ལ། སྐབས་དེར་ས་སྐྱ་བས་གཙོས་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་རྣམས་སྔ་རྗེས་སུ་སོག་རྒྱལ་དང་རྒྱལ་སྲས་རྣམས་ལ་མགོ་བཏགས་ཞུས་ཤིང་སོ་སོར་རྒྱབ་རྟེན་བཙལ་བརྩམས། སྤྱི་ལོ1244ལོར་གོ་དན་རྒྱལ་པོས་ས་སྐྱ་པཎ་ཆེན་གདན་དྲངས། རྗེས་སུ་རྒྱལ་པོ་ཧུ་པི་ལི་སེ་ཆེན་ཧན་གྱིས་འགྲོ་མགོན་འཕགས་པ་གདན་དྲངས་ཤིང་ཆོས་ཀྱི་དབང་གནང་བའི་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ་ཏེ་བོད་ཆེན་པོར་དབང་བསྒྱུར་བར་གྲགས་པའི་ལོ་རྒྱུས་རྣམས་ཀུན་ལ་གསལ་ཕྱིར་མང་དུ་སྤྲོས་པའི་ངལ་བ་སྤངས་སོ།། མདོར་ན་ཡོན་རྒྱལ་རབས་ནས་བོད་སོག་བར་འབྲེལ་བ་བྱུང་ནས་བཟུང་འབྲེལ་བ་ཟབ་ཤོས་ཀྱི་དུས་རིམ་གཉིས་ནི་ས་སྐྱ་བའི་དུས་དང་དགའ་ལྡན་ཕོ་བྲང་གི་དུས་ཡིན་པའི་ཕྱིར་ན། སོག་པོ་སྟག་ཁྲིད་འདི་འབྱུང་བའི་དུས་ཀྱང་དུས་རིམ་འདི་གཉིས་ལས་གཅིག་ལ་ངེས་དགོས་པ་ནི་རིག་པས་དཔྱད་ན་ཤེས་ལ། ལོ་རྒྱུས་སྟེང་བྱུང་མྱོང་བའི་དོན་རྐྱེན་མང་པོ་ཞིག་བསྡུས་ཏེ་དཔྱད་ཚེ་དུས་རིམ་རྗེས་མ་དེར་འབབ་པའི་དཔང་རྟགས་ཅུང་མང་བར་མཐོང་བ་སྟེ། བོད་ཀྱི་ཆོས་ལུགས་པ་རྣམས་ཀྱི་འགྲེལ་ལུགས་ལ་བརྩམས་ཆོས་འདིས་རིག་གསུམ་མགོན་པོ་མཚོན་གྱི་ཡོད་པར་བཤད་དོ།། དེ་ལྟར་ན་སོག་མིས་འཇམ་དབྱངས་དང་སྟག་གིས་སྤྱན་རས་གཟིགས་མཚོན་པ། ལྕགས་ཐག་གིས་ཕྱག་ན་རྡོ་རྗེ་མཚོན་གྱི་ཡོད་པ་ཡིན། བཤད་སྟངས་འདིས་གནད་དོན་ཞིག་སྟོན་གྱི་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡོངས་གྲགས་སུ་ཏཱ་ལའི་བླ་མ་ནི་པད་དཀར་འཛིན་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ནི་ཕྱག་ན་རྡོ་རྗེ་རྣམ་སྤྲུལ་ཡིན་པ། གོང་མ་རྒྱལ་བོ(སེ་ཆེན་ཧན)ནི་འཇམ་དབྱངས་རྣམ་སྤྲུལ་ཡིན་པར་བཤད་པ་དེ་རེད། ཤོད་རྒྱུན་འདིས་ང་ཚོར་སྐབས་དེའི་བོད་སོག་བར་གྱི་ཆབ་སྲིད་གནས་སྟངས་གསལ་པོར་བསྟན་ཅིང་། མཚན་མི་སྣང་བའི་སྒྱུ་རྩལ་བ་གང་གི་ཁྱད་དུ་འཕགས་པའི་རྩལ་ནུས་ལ་བརྟེན་ནས་ཧ་ཅང་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་ངོ་བོ་དོན་མཚོན་རི་མོའི་ལམ་དུ་གསལ་བསྒྲགས་བྱས་པ་ཞིག་ཡིན་པ་ཤེས་སླ། དེ་ཡང་བརྩམས་ཆོས་ཁྲོད་ཀྱི་སོག་མིས་ཏཱ་ལའི་སྐུ་ཕྲེང་ལྔ་པ་མཚོན་ཞིང་ལྕགས་ཐག་གིས་གུ་ཤྲཱི་ཧན་མཚོན་པ། སྟག་གིས་དགེ་ལུགས་པའི་གྲུབ་མཐར་སྡང་བའི་གཙང་པ་སྡེ་སྲིད་སོགས་མཚོན་པར་བཤད་ལ། གཞན་ཡང་སྐབས་དེའི་བོན་གྱི་ལུགས་སྤེལ་མཁན་དེའི་ལོ་རྟགས་ཀྱང་སྟག་ཡིན་པར་བཤད་དོ།། གོང་གི་བཤད་སྟངས་འདི་རྣམས་བསྡུས་ཏེ་བལྟས་ཚེ། བཤད་སྟངས་རྗེས་མ་འདི་ཅུང་གནས་ཚུལ་དངོས་དང་མཐུན་པར་སྙམ་སྟེ། ཏཱ་ལའི་སྐུ་ཕྲེང་ལྔ་པའི་དུས་སུ་དགེ་ལུགས་པའི་གྲུབ་མཐའ་རྒྱ་སྐྱེད་ཅིང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྲ་བརྟན་ཡོང་ཕྱིར་གུ་ཤྲཱི་ཧན་གྱི་དམག་ཤུགས་ལ་བརྟེན་ནས་གྲུབ་མཐའ་གཞན་རྣམས་ལ་རྡུང་རྡེག་ཤུགས་ཆེན་བཏང་བ་རེད་ལ། གུ་ཤྲཱི་ཧན་གྱི་རོགས་རམ་དང་རྒྱབ་སྐྱོར་བྱས་པའི་དྲིན་ལན་མཚོན་ཕྱིར་བསྟོད་བསྔགས་བཏང་བ་ཞིག་ཡིན་པར་འདོད་དེ། ལྔ་པ་མཆོག་གིས་གུ་ཤྲཱི་ཧན་ལ“བསྟན་འཛིན་ཆོས་ཀྱི་རྒྱལ་པོ”ཞེས་པའི་མཚན་གྱིས་ཆེ་བ་བརྗོད་པ་སོགས་ལས་ཟུར་ཙམ་རྟོགས་ནུས་ཤིང་། ས་སྐྱ་བའི་དུས་སུ་བོན་ཕུད་པའི་གྲུབ་མཐའ་གཞན་རྣམས་ལ་འདྲ་མཉམ་དང་མཐུན་སྒྲིལ་གྱི་བྱེད་ཕྱོགས་བསྟར་ཡོད་པར་བཤད་པས་གྲུབ་མཐའི་བར་གྱི་འཐབ་རྩོད་དགའ་ལྡན་ཕོ་བྲང་གི་དུས་སྐབས་ནང་བཞིན་ཛ་དྲག་མེད་པ་དང་། ཆོས་ལུགས་པའི་འགྲེལ་སྟངས་དང་ཡང་གཅིག་ཏུ་མི་གནས་པ་སྟེ། སྤྱིར་ས་སྐྱ་པ་ནི་འཇམ་དབྱངས་འཁོན་གྱི་རིགས་དང་འགྲོ་མགོན་འཕགས་པ་ནི་སྣང་བ་མཐའ་ཡས་ཀྱི་རྣམ་སྤྲུལ་ཡིན་པར་བཤད་དོ། ། གོང་གི་ལྟ་ཚུལ་དང་མཐུན་པའི་སྣང་ཚུལ་གཞན་ཞིག་ནི་བོན་སོགས་གྲུབ་མཐའ་འགའ་ཞིག་ལ་ད་ལྟའི་སོག་པོ་སྟག་ཁྲིད་འདི་འབྲི་བའི་སྲོལ་མེད་པ་མ་ཟད་དེ་ལ་དགའ་པོ་མི་བྱེད་པ་ཡིན་ཞེས་གྲུབ་མཐའ་དེ་དག་གི་རྗེས་འཇུག་རྣམས་ཀྱིས་སྨྲའོ།། དེ་བས་ན་དོན་མཚོན་རིང་ལུགས་ཀྱི་བརྩམས་ཆོས་འདི་ཡང་ན་འཇམ་པའི་དབྱངས་དང་ཕྱག་ན་རྡོ་རྗེ་གཉིས་ཀྱིས་སྤྱན་རས་གཟིགས་དབང་དུ་བཀོལ་བའི་སོག་པོ་སྟག་ཁྲིད་འདི་ནི་དགའ་ལྡན་ཕོ་བྲང་གི་དུས་སུ་དགེ་ལུགས་པའི་རྗེས་སུ་འཇུག་པའི་སྒྱུ་རྩལ་པ་གསར་རྩོམ་ལ་བློ་རྒྱ་ཡངས་ཤིང་ཆབ་སྲིད་ཀྱི་རྟོགས་པ་མཐོ་བ་ཞིག་གིས་གསར་རྩོམ་གནང་ཞིང་། སོག་པོའི་ཆེ་བ་བརྗོད་ཅིང་སོག་པོར་ངོ་སོ་བསྟོད་པའི་ཞོར་དུ་རང་རིགས་ཀྱི་ཆབ་སྲིད་མདུན་ལམ་ལ་མནོ་བསམ་ཟབ་མོ་མཛད་ཡོད་པ་ཞིག་རེད། (སྐབས་དེ་ནི་བོད་ལ་སྒྱུ་རྩལ་པ་གྲགས་ཅན་མང་པོ་འབྱུང་བའི་དུས་ཤིག་ཡིན། )དེ་ཡང་དང་ཐོག་བརྩམས་ཆོས་འདི་སོག་པོའི་གཞིས་སྒར་དུ་བྲིས་ཤིང་རིམ་གྱིས་བླ་བྲང་ཁག་དང་སྐུ་དྲག་རྣམས་ཀྱི་ཁྱིམ་ཚང་སོགས་སུ་དར་ཏེ་དབང་ཐང་དང་སྟོབས་འབྱོར་མཚོན་པའི་རྟགས་སུ་བརྩི་ཞིང་། ཕྱིས་སུ་མི་རྣམས་ཀྱི་འཚོ་རྐྱེན་ལེགས་སུ་འཕེལ་བར་བསྟུན་ཏེ་སྤྱི་ཡོངས་ནས་སྤྱོད་པའི་རྒྱན་རིས་ལྟ་བུ་ཞིག་ཏུ་འགྱུར་བར་སྙམ་མོ། །
གཉིས། སྲོག་ཆགས་ཀྱི་གཟུགས་བཀོད་པའི་རྒྱན་རིས།
ཡོ་བྱད་ཀྱི་རྒྱན་རིས་སུ་སྲོག་ཆགས་ཀྱི་གཟུགས་འགོད་པ་དེ་བོད་ཡུལ་དུ་ཧ་ཅང་དར་ཆེ་ཞིང་། དེའི་ལོ་རྒྱུས་ཀྱང་མི་ལོ3500-3750སྔོན་དུ་བསྙེགས་ཆོག ལྷ་སའི་ཆུ་གོང་གནའ་ཤུལ་ནི་བོད་ཀྱི་རྡོ་ཆས་གསར་པའི་དུས་ཀྱི་གནའ་ཤུལ་སྐད་གྲགས་ཆེ་ཤོས་ཤིག་ཡིན། དེ་ལས་བྱུང་བའི་འཇིམ་པ་ལས་བཟོས་པའི་སྤྲེའུའི་འདྲ་གཟུགས་དང་། སྣོད་ཁེབས་ཐོག་གི་བྱའི་མགོ་བརྙན་ནི་བོད་ཀྱི་གནའ་སྔ་མོའི་དུས་ཀྱི་སྲོག་ཆགས་ཀྱི་རྒྱན་རིས་ཀྱི་ཚབ་མཚོན་ལྟ་བུ་རེད། དེ་མིན་བོད་ལྗོངས་སུ་ད་དུང་ལི་ཡིས་བཟོས་པའི་སྤྲེའུའི་སྲུང་འཁོར་བྱུང་མྱོང་བ་དེའི་ལོ་དུས་གསལ་པོར་མི་རྟོགས་ཀྱང་གང་ལྟར་དེ་ལས་སྤྲེའུ་ཡི་གཟུགས་རིས་རྒྱན་རིས་སུ་འགོད་པའི་ལོ་རྒྱུས་ཤིན་ཏུ་རིང་བ་རྟོགས་ཐུབ། དེ་ནི་བོད་རིགས་ཀྱིས་རང་ཉིད་སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པར་འདོད་པའི་ངག་རྒྱུན་དང་འབྲེལ་བ་ལྡན་ཡང་སྲིད། བོད་ཀྱིས་རྒྱན་རིས་སུ་འགོད་པར་དགའ་བའི་སྲོག་ཆགས་གཞན་ཡང་མང་ཞིང་། སྣོད་ཁེབས་ཐོག་གི་བྱ་མགོ་གསོན་ཉམས་ལྡན་པ་དེ་ལས་ཀྱང་གནའ་བོའི་ཆུ་གོང་གི་མིའི་བྱང་ཆུབ་པའི་རྒྱན་རིས་ལག་རྩལ་ཉམས་སུ་མྱོང་ཐུབ། ལོ་རྒྱུས་དེབ་ཐེར་དུ་སྲོང་བཙན་སྒམ་པོས་བུམ་པ་བཅུ་གཏེར་དུ་སྦས་པ་ལས་གསུམ་གྱི་མཆུ་ནི་རྔ་མོང་གི་མགོའི་དབྱིབས་ཅན་དང་། བདུན་ནི་ངང་པའི་མགོའི་དབྱིབས་ཅན་ཡིན་ཞེས་བཀོད་པ་དང་། 1645ལོར་རྒྱལ་དབང་ལྔ་པ་ཆེན་མོས་ཀྱང་ལྷ་སའི་གཙུག་ལག་ཁང་གི་རྟ་མགོའི་དབྱིབས་ཅན་གྱི་དངུལ་བུམ་གྱི་སྐོར་གསུངས་མྱོང་ཞིང་དེ་ནི་རྗེ་ཙོང་ཁ་པས་གཏེར་ནས་བཏོན་པར་བརྗོད། དེ་དག་ལས་བོད་ཀྱིས་སྲོག་ཆགས་ཀྱི་གཟུགས་རྒྱན་རིས་སུ་བྱེད་པའི་ལོ་རྒྱུས་ཧ་ཅང་རིང་བ་རྟོགས་ཐུབ། བོད་ཡུལ་དུ་སྲོག་ཆགས་ཀྱི་རྒྱན་རིས་སྐོར་སྐྱེ་བོ་སུར་དྲིས་ཀྱང་ཁོ་ཚོས་དེ་མ་ཐག་ཁྱོད་ལ་སྟག་སེང་ཁྱུང་འབྲུག་ཅེས་ཐགས་ཐོགས་ཅི་ཡང་མེད་པར་བརྗོད་ངེས་ཡིན།
1.ཁྱུང་།
འདིར་སྐབས་སུ་བབས་པའི་གླེང་བྱ་ནི་ང་ཚོའི་འཚོ་བའི་ཁོར་ཡུག་ནང་རྒྱུན་དུ་མཐོང་རྒྱུ་ཡོད་པའི་བྱ་ཁྱུང་གི་སྐོར་དེ་ཡིན། དེ་ཡང་ཁྱུང་གི་མིང་གི་རྣམ་གྲངས་ལ། ཁྱུང་། བྱ་ཁྱུང་། བྱ་རྒྱལ་ཁྱུང་ཆེན། དེ་བཞིན་མཁའ་ལྡིང་སོགས་མང་པོ་ཡོད།
ཐོག་མར་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་མཚོན་བྱེད་ཀྱི་དཔེ་རིས་དེ་དག་ནི་གཙོ་བོ་མཚོན་བྱའི་ནང་དོན་ངེས་ཅན་ཞིག་བརྡ་སྤྲོད་བྱེད་དུ་བྲིས་པ་ལས་ཁྱུང་གི་ཆེད་དུ་ཁྱུང་རིས་བྲིས་པ་ནི་ཡེ་ནས་མིན་པའི་གནས་ལུགས་དེ་རེད།
སྤྱིར་བྱ་ཁྱུང་ལྟ་བུར་མཚོན་ནས་བཤད་ན། བྱ་དེ་འདྲ་ཞིག་ཤར་ཕྱོགས་ཀྱི་མི་རིགས་མང་པོའི་དམངས་ཁྲོད་བཤོད་རྒྱུན་ནང་ལ་གྲགས་ཆེ་མོས། འོན་ཀྱང་ཡང་སྙིང་ལོ་སྒྱུས་ཀྱི་ཐོག་དངོས་སུ་བྱུང་མྱོང་བ་ཞིག་ཡིན་མིན་ནི་ཁ་ཚོན་གཅོད་དཀའ་བ་ཞིག་རེད། དཔེར་ན་རྒྱ་མི་རིགས་ཀྱིས་ཧ་ཅང་གཙིགས་ཆེར་འཛིན་པའི་འབྲུག་ལྟ་བུར་མཚོན་ནས་བཤད་ན། ད་བར་སུས་ཀྱང་འབྲུག་དངོས་སུ་བྱུང་མྱོང་ཡོད་པར་ཐག་གཅོད་ཐུབ་མེད་ལ། རྒྱའི་ལོ་རྒྱུས་ཞིབ་འཇུག་པ་འགས་དེ་ནི་སྦྲུལ་གྱི་གཟུགས་ལ་རྟའི་མགོ་དང་ཤྭ་བའི་རྭ། དེ་བཞིན་བྱ་ཡི་སྡེར་མ་བཅས་ཀྱིས་རྒྱན་ནས་རྟོགས་བཟོ་བྱས་པའི་སྲོག་ཆགས་ནུས་པ་ཀུན་ལྡན་ཞིག་ལ་ངོས་འཛིན་བྱས་ཡོད། ཁོང་ཚོའི་ངོས་ནས་བཤད་ན་འབྲུག་དངོས་སུ་བྱུང་མྱོང་ཡོད་མེད་ཀྱི་སྐད་ཆ་དེ་གལ་ཆེན་པོ་མིན་པར་འབྲུག་གིས་མཚོན་པའི་སྙིང་སྟོབས་དང་གཞན་ཀུན་ཟིལ་གྱིས་གནོན་པའི་ནུས་པ་དེ་རེད། དེ་བཞིན་དུ་ང་ཚོའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བྱ་ཁྱུང་གི་སྐོར་གླེང་སྐབས་ཀྱང་བྱ་ཁྱུང་དངོས་སུ་བྱུང་མིན་དེ་གཙོ་བོ་མིན་པར་བྱ་བྱུང་གི་མཚོན་དོན་དེ་གཙོ་བོར་འཛིན་དགོས་པ་རེད། འདིར་བོད་ལུགས་ཁྱུང་གི་མཚོན་དོན་དེ་དག་ཕྱི་ཡི་དོན། ནང་གི་དོན། གསང་བའི་དོན་བཅས་ཕྲ་རགས་གསུམ་གྱི་ཐོག་ནས་གླེང་རྒྱུ་ཡིན།
དང་པོ་ཕྱི་ཡི་མཚོན་དོན་ནི། གངས་ལྗོངས་ས་མཐོའི་ཡ་ཐོག་བོན་གྱི་རིག་གནས་ལྟ་བ་ལྟར་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ནི་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་ལས་གྲུབ་པར་འདོད་ལ། དེ་ཚོ་རེ་རེ་ལའང་ནུས་པ་མི་འདྲ་བ་རེ་ཡོད་པར་འདོད། དེ་དག་མ་འཁྲུག་པར་སྙོམས་སྒྲིག་ཡོང་བ་བྱ་རྒྱུ་ནི་སེམས་ཅན་ཀུན་གྱི་བདེ་སྐྱིད་ཀྱི་རྨང་གཞིར་ངོས་འཛིན་གྱི་ཡོད་ལ། ལྷག་པར་དུ་འགྲོ་བ་མིའི་རིགས་ཀྱིས་ཕྱིའི་འབྱུང་བ་བཞིའི་ནུས་པ་དེ་ཚོ་ཡང་དག་པའི་ངང་བེད་སྤྱོད་བྱེད་ཐུབ་ན་རླུང་རྟ་ཡར་ལ་འཕེལ་ནས་བདེ་སྐྱིད་ཡོང་ཐུབ་པར་འདོད། དེ་ལས་ལྡོག་སྟེ་རང་བྱུང་ཁམས་ལ་ཚད་ལས་བརྒལ་བའི་གཏོར་བརླག་བཏང་ན་འབྱུང་བའི་གནོད་འཚེ་དང་ནད་ཡམས་ལ་སོགས་པ་ཡོང་བར་བཤད། དེར་བརྟེན་རླུང་རྟ་དར་བའི་དར་ལྕོག་གི་ཟུར་བཞིར་སྟག་སེང་ཁྱུང་འབྲུག་བཞི་ཡི་རི་མོ་བྲིས་པ་དེ་དག་ལས། སྟག་གིས་ས། སེང་གེས་ཆུ། ཁྱུང་གིས་མེ། འབྲུག་གིས་རླུང་བཅས་མཚོན་གྱི་ཡོད། དབུས་སུ་ནོར་བུས་རྒྱན་པའི་རྟ་ཕོ་ནམ་མཁར་ཕུར་བ་དེས་ཕྱི་ནང་གི་འབྱུང་བཞི་སྙོམས་སྒྲིག་ལེགས་པར་བྱུང་ནས་ཁ་ལས་རླུང་རྟ་ཡར་ལ་དར་བ་དང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཀྱི་རེ་སྨོན་མཚོན་གྱི་ཡོད།
གཉིས་པ་ནང་གི་མཚོན་དོན་ནི། བན་བོན་གཉིས་ཀྱི་ཆོས་གཞུང་ལྟར་ན། ང་ཚོར་སྡུག་བསྔལ་ཡོང་བྱེད་ཀྱི་རྒྱུ་གཙོ་བོ་ནི་ཉོན་མོངས་དུག་གསུམ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡིན་པ་དང་། དེ་དག་དུད་འགྲོའི་གཟུགས་སུ་བཀོད་ནས་འདོད་ཆགས་མཚོན་བྱེད་བྱ་ཡི་རི་མོ། ཞེ་སྡང་མཚོན་བྱེད་སྦྲུལ་གྱི་རི་མོ། དེ་བཞིན་གཏི་མུག་མཚོན་བྱེད་ཕག་པའི་རི་མོ་བཅས་འབྲི་སྲོལ་ཡོད། དེ་དག་གསུམ་ལས་ཞེ་སྡང་ནི་འཇིགས་སུ་རུང་བའི་དུག་སྦྲུལ་ལམ་ཀླུ་གདུག་པ་ཅན་དང་འདྲ་བས་དེ་འདུལ་བར་གནས་ལུགས་རྟོགས་པའི་ཤེས་རབ་དགོས་སྟབས། དེ་མཚོན་བྱེད་དུ་མཐོང་བ་ཙམ་གྱིས་ཞེ་སྡང་ཅན་གྱི་སྦྲུལ་ཟིལ་གྱིས་གནོན་ཐུབ་པའི་ཁྱུང་གིས་སྦྲུལ་བཟུང་བའི་རི་མོ་བྲིས་ཡོད་པ་དེས། གཙོ་བོ་ཤེས་རབ་ནི་ཕྱི་ནང་གི་དགྲ་བོ་འཇོམས་བྱེད་བླ་ན་མེད་པ་དེ་ཡིན་པ་མཚོན་གྱི་ཡོད། བླ་ཆེན་ཁག་གི་བཞུགས་ཁྲིའི་ཐོས་སུའང་ཁྱུང་གི་རི་མོ་དེ་འདྲ་བཀོད་ཡོད་པའང་དོན་དེ་རང་མཚོན་བྱེད་ལགས།
གསུམ་པ་གསང་བའི་མཚོན་དོན་ནི། རྫོགས་ཆེན་གྱི་རྒྱུད་གཞུང་དག་ལས། ནང་པའི་ཉམས་ལེན་པ་དག་གི་མཐར་གཏུགས་དོན་དུ་གཉེར་བྱའམ་མངོན་དུ་འགྱུར་བྱའི་འོད་གསལ་སེམས་གྱི་རང་བཞིན་ནམ། ཁམས་བདེ་གཤེགས་སྙིང་པོ་ཡང་ན་ཆོས་སྐུ་ཞེས་པ་དེར་རྫོགས་ཆེན་རང་སྐད་ལ་ཀ་དག་དང་ཆོས་དབྱིངས། དེ་བཞིན་རིག་པ་བཅས་ཐ་སྙད་མི་འདྲ་བ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནི་སེམས་ཅན་ཚང་མར་རང་ཆས་སུ་ཡོད་པའི་ཡོན་ཏན་ཞིག་ཡིན་ཀྱང་ད་ལྟ་འདོད་ཆགས་ཞེ་སྡང་གཏི་མུག་བཅས་དུག་གསུམ་གྱིས་བསྒྲིབས་ནས་མངོན་ཐུབ་ཀྱི་མེད་ལ་ཁྱད་འཕགས་ཀྱི་སེམས་ཀྱི་ཡོན་ཏན་དེ་མཚོན་བྱེད་དུ་ཁྱུང་གི་རི་མོ་བེད་སྤྱོད་བྱེད་ཀྱི་ཡོད། རྒྱུ་མཚན་ནི་བཤད་རྒྱུན་ལ་ཁྱུང་གི་ནམ་མཁར་འཕུར་བའི་རྩལ་དེ་སྒོང་ངའི་ནང་ན་གནས་པའི་སྐབས་ནས་ཡོངས་སུ་གྲུབ་ཟིན་ནས། སྒོང་ང་ཁ་བྱེ་མ་ཐག་ཏུ་ནམ་མཁར་འཕུར་ཐུབ་པའི་བྱ་རླབས་ཆེན་ཞིག་ཡིན་པར་བཤད།
འོན་ཀྱང་ཁྱད་དུ་འཕགས་པའི་སེམས་ཀྱི་ཡོན་ཏན་དེ་ནི་ང་ཚོས་རྗེ་བཙུན་མི་ལ་རས་པ་ལྟར་ཐོས་བསམ་སྒོམ་གསུམ་ལ་འབད་བརྩོན་ཤུགས་ཆེར་བྱས་ན་མ་གཏོགས་ལས་སླ་པོར་མངོན་འགྱུར་ཐུབ་དཀའ་བའི་གནས་ལུགས་དེ། ཁྱུང་གིས་ཀྱང་སྒོང་ཤུན་གྱི་ནང་ནས་ཕྱིར་དོན་རྒྱུར་བྱ་རིགས་གཞན་ལས་དཀའ་བ་ཤུགས་ཆེ་བ་སྤྱོད་དགོས་ཀྱི་ཡོད་པའི་དཔེ་དེས་མཚོན་གྱི་ཡོད།
མདོར་བསྡུས་ན། ཁྱུང་གི་རི་མོ་དེས་གཏི་མུག་མུན་པའི་གཉིད་ལས་སངས། ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་ཞེས་གསུངས་པ་ལྟར། མི་རྣམས་ཀྱིས་རང་ཆས་སུ་ཡོད་པའི་ཡོན་ཏན་དེའི་རྨང་གཞིའི་ཐོག་འབད་བརྩོན་བྱས་ན་སངས་རྒྱས་ཐུབ་པའི་གནས་ལུགས་བསྟན་ཡོད། མཉམ་མེད་དག་པོ་རིན་པོ་ཆེས་ཀྱང། རྒྱུ་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེ་ཡི་གདམས་ངག འབྲས་བུ་རྫོགས་སངས་རྒྱས་ཞེས་གསུངས་པ་བཅས་སོ།
2.འབྲུག
འབྲུག་ནི་ཨེ་ཤ་ཡའི་གླིང་གི་སྒྱུ་རྩལ་ཁྲོད་དུ་ཡོངས་ཁྱབ་ཏུ་གནས་ཤིང་སྟོབས་ཤུགས་དང་དབང་ཟིལ་གྱི་མཚོན་བྱེད་ཅིག་ཡིན། འབྲུག་གི་འབྱུང་ཁུངས་སྐོར་ལ་རྩོད་གླེང་མང་ཞིང་། ཨེ་ཤ་ཡའི་གླིང་གི་རྒྱལ་ཁབ་ཚང་མར་རང་རང་གི་གཏམ་རྒྱུད་རེ་ཡོད་པ་དང་། དེའི་ལོ་རྒྱུས་ཡི་གེ་མ་བྱུང་བའི་སྔོན་གྱི་དུས་ལ་བསྙེགས་ཆོག ཨེ་ཤ་ཡ་ཤར་ལྷོ་དང་རྒྱ་གར་དུའང་འབྲུག་གི་སྐོར་གྱི་ལྷ་སྒྲུང་དང་ངག་རྒྱུན་ཧ་ཅང་མང་། རྒྱ་རིགས་ས་ཁུལ་དུ་འབྲུག་གི་སྐོར་བཀོད་པ་ཐོག་མར་ཧན་རྒྱལ་རབས་ཀྱི་དུས་སུ་བྱུང་བ་དང་། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དུས་སུ་གཞི་ནས་འབྲུག་གི་སྣང་བརྙན་ཆ་ཚང་བར་གྱུར་པ་སྟེ། དེར་རྔ་མོང་གི་མགོ་དང་། ཤ་བའི་ར་ཅོ། གདོན་གྱི་མིག སྦྲུལ་གྱི་ལུས། ཉ་ཡི་ཁྲབ། སྦལ་བའི་ལྟོ་བ། སྟག་གི་རྐང་པ། གླག་གི་སྡེར་མོ་བཅས་ཡོད། འབྲུག་གི་རི་མོ་དབང་སྒྱུར་པ་ཁོ་ནས་སྤྱད་བྱ་ཡིན་པའི་ལམ་ལུགས་དེ་སུའེ་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་དུས་སུ་ཐོག་མར་བྱུང་། བོད་དུ་ནི་བོན་གྱི་རིག་གནས་དར་བའི་དུས་ནས་ཀླུ་ཞེས་པ་བྱུང་ཡོད་ཅིང་དེར་བྱེ་བྲག་གི་སྣང་བརྙན་མེད་ལ་དོན་དམ་པར་སྲོག་ཆགས་གང་ལ་གཏོགས་པ་ཡང་གསལ་པོར་རྗོད་དུ་མེད། དོན་དངོས་སུ་བོན་པོའི་ཆོས་ལུགས་ལྟར་ན་ཀླུ་ལ་གཏོགས་པའི་སྲོག་ཆགས་ནི་ཉ་དང་། སྦྲུལ། སྡིག་སྲིན། སྦལ་ལྕོང་སོགས་ཡོད་པ་རེད། འབྲུག་གི་སྣང་བརྙན་གྱི་སྐོར་ཞིབ་ཏུ་བཀོད་པའི་དུས་ནི་དུས་རབས་བདུན་པ་ནས་དགུ་པའི་བར་གྱི་བཙན་པོའི་རྒྱལ་རབས་ཀྱི་དུས་རེད། སྐབས་དེའི་བོད་ཀྱིས་འབྲུག་ཅེས་པ་ནི་གློག་དང་ཐོག་ལ་ཁ་ལོ་སྒྱུར་བའི་ནམ་མཁའི་སྲོག་ཆགས་ཤིག་ལ་ངོས་འཛིན་ལ། དེའི་སྣང་བརྙན་གྱི་བློས་བསླངས་ཀྱང་རྒྱ་རིགས་ཀྱིས་བརྗོད་པའི་འབྲུག་དང་ཁྱད་པར་ཆེ་བ་སྟེ། དེ་ནི་སེང་གེའི་ལུས་དང་གླང་པོ་ཆེའི་སྣ་དང་ལྡན་པའི་སྲོག་ཆགས་ཤིག་ཏུ་འདོད། དེ་ལྟའི་འབྲུག་གི་རི་མོ་ནི་དུས་རབས་བརྒྱད་པའི་ནང་དུ་བརྐོས་པའི་དགོན་པའི་རྐོ་བཟོ་སྒྱུ་རྩལ་ཁྲོད་དུ་མཐོང་དུ་ཡོད་ལ། དུས་རབས་བཅུ་བཞི་པའི་ནང་དུ་བཏབ་པའི་ཞ་ལུ་དགོན་པར་ཡང་དེ་དང་ཕྱོགས་མཚུངས་པའི་ཤིང་བརྐོས་ཡོད། བརྩམས་ཆོས་དེ་དག་ཁྲོད་ཀྱི་འབྲུག་ཚང་མར་རིང་ཞིང་ཤུགས་དང་ལྡན་པའི་ལུས་གཟུགས་ལྡན་པ་རེད། སྣང་བརྙན་དེ་འདྲ་རྒྱ་ཡུལ་ནས་བྱུང་བའི་མིང་རྒྱལ་རབས་དུས་ཀྱི་རྫ་ཆས་ཐོག་ཏུའང་ཡོད། དེ་ནི་ཕལ་ཆེར་བོད་ཀྱི་ཡོ་ཆས་ཐོག་གི་རི་མོར་ལད་མོ་བྱས་པ་ཡིན་སྲིད། དེ་མིན་གུ་གེའི་ཕོ་བྲང་གི་དཀྱིལ་འཁོར་ལྷ་ཁང་ནང་གི་ལྡེབས་རིས་སུའང་དེ་དང་ཆ་འདྲ་བའི་རི་མོ་ཡོད་མོད། དེའི་ཡན་ལག་བཞི་དང་ལུས་གཟུགས་རྒྱ་ཡུལ་གྱི་འབྲུག་དང་འདྲ་ཙམ་ཡོད་པ་སྟེ་འབྲུག་ཁྲབ་དང་གླག་གི་སྡེར་མོ་སོགས་ཀྱང་ཡོད་མོད་རྐང་པ་བཞི་ལས་མེད་པ་དང་། སྲོལ་རྒྱུན་གྱི་འབྲི་སྟངས་ལྟར་གླང་པོ་ཆེའི་སྣ་དང་ལྡན་པ་རེད། ཕོ་བྲང་པོ་ཏ་ལར་བཀོད་པའི་ལྔ་བ་ཆེན་མོའི་དུས་ཀྱི་ལྡེབས་རིས་དང་། རྒྱལ་དབང་བཅུ་གསུམ་པའི་སྐུ་གདུང་མཆོད་རྟེན་གྱི་སྟེང་ཁའི་གདུང་མའི་ཐོག་ཏུའང་དེ་མཚུངས་ཀྱི་རི་མོ་ཡོད་པ་རེད། ཉེ་རབས་ཀྱི་བཟོ་སྐྲུན་དང་ཐང་ག་ལས་མང་དུ་མཐོང་ཐུབ་པ་ནི་རྒྱ་གར་ནས་དར་བའི་ཆུ་སྲིན་གྱི་གཟུགས་ཅན་རེད། བོད་ལྗོངས་རྟེན་མཛོད་ཁང་དུ་ཉར་བའི་ལྕགས་རིགས་ཀྱི་ཟས་སྣོད་ཐོག་གི་འབྲུག་གི་རི་མོ་ནི་རྩ་བའི་ཆར་རྒྱའི་རྒྱན་རིས་ལ་གཏོགས། འབྲུག་ནི་བཀྲ་ཤིས་པའི་སྲོག་ཆགས་ཀྱི་རྒྱན་རིས་ཤིག་ཡིན་པའི་ཆ་ནས། བོད་ཡུལ་དུ་རྒྱ་ཡུལ་ལྟར་གྲལ་རིམ་གྱི་དབྱེ་བ་མངོན་གསལ་དོད་པོ་དེ་འདྲ་མེད་པར་སྐྱེ་བོ་སུས་ཀྱང་རྒྱན་དུ་བཀོད་ཆོག་པ་དང་། ཁ་གདན་དང་། གོས་སྒམ། དཀར་ཡོལ། གྱོན་གོས། དགོན་པའི་བཟོ་སྐྲུན་སོགས་གང་དང་གང་ལའང་སྤྱད་ཆོག་པ་རེད། ཧན་རྒྱལ་རབས་ཀྱི་ས་འོག་ནས་ཐོན་པའི་འབྲུག་རིས་དང་བོད་བཙན་པོའི་དུས་ཀྱི་འབྲུག་རིས་ལ་ལར་གཤོག་པ་ཡོད་པའང་མཆིས་པ་དང་། དུས་རབས་རིམ་བྱུང་གི་འབྲུག་རིས་རྣམས་ལ་རྣམ་འགྱུར་མི་འདྲ་བའང་མང་དུ་མཆིས་པས། འབྲུག་བྱ་བ་ནི་མཐའ་གཅིག་ཏུ་འདི་རེད་ཅེས་སུས་ཀྱང་བཤད་དཀའ་འོ།།
3.སེང་གེ།
བོད་རིགས་མི་དམངས་ཀྱི་སེམས་ཁོང་དུ་སེང་གེའི་གོ་གནས་སྲོག་ཆགས་ལས་མཐོ་བ་རེད། དེ་ནི་བོད་རིགས་ཀྱིས་སེང་གེའི་སྟེང་ལ་སྦྱར་བའི་མི་གཤིས་ཅན་གྱི་ངག་རྒྱུན་མང་པོ་དང་འབྲེལ་བ་ཡོད་ཀྱང་སྲིད། དབང་ཤུགས་དང་གཟི་བརྗིད་ཀྱི་མཚོན་བྱེད་ཅིག་ཡིན་པའི་ཆ་ནས། སེང་གེའི་གཟུགས་རིས་ཆེས་ཐོག་མར་བཙན་པོའི་དུས་སྐབས་ཀྱི་བཙན་པོའི་ཁྱིམ་རྒྱུད་དང་སྐུ་དྲག་གི་བང་སོ་ལས་བྱུང་བ་དང་། སངས་རྒྱས་ཆོས་ལུགས་དར་རྗེས་ཆོས་སྐྱོང་གི་ཆིབས་པ་སོགས་སུ་གྱུར་ནས་ལྷ་སྐུ་དང་བོན་གྱི་ལྷའི་ཁྲི་ཐོག་ཏུ་བཀོད་པ་མང་ཞིང་། ཡང་ན་རྡོ་བརྐོས་ཀྱི་རྣམ་པའི་ཐོག་ནས་ཕོ་བྲང་གི་སྒོ་ཁར་ཆ་འགྲིག་ཏུ་བསླངས་ཡོད་ལ། ཐ་ན་བཅིངས་འགྲོལ་མ་བྱས་སྔོན་གྱི་དངུལ་ལོར་གྱི་ཐོག་ཏུའང་སེང་གེའི་གཟུགས་རིས་བཀོད་ཡོད། དེ་ལས་བོད་རིགས་མི་དམངས་སེང་གེ་ལ་ཅི་ཙམ་དགའ་བ་རྟོགས་ཐུབ། འཕྱོངས་རྒྱས་རྫོང་གི་བཙན་པོའི་བང་སོའི་མདུན་དུ་སེང་གེའི་རྡོ་བརྐོས་ཡོད་ལ་དེ་ལས་ཐོག་མའི་དུས་ཀྱི་བོད་ཀྱི་སེང་གེའི་རྡོ་བརྐོས་ཀྱི་རྣམ་པ་ག་འདྲ་ཡིན་པ་རྟོགས་ཐུབ། བོད་ཀྱི་སེང་གེ་བཟོ་རིས་ལའང་འགྱུར་ལྡོག་མང་པོ་བྱུང་མྱོང་། ཆེས་ཐོག་མའི་དུས་ཀྱི་སེང་གེའི་རལ་པ་ནི་མགོ་བོའི་ལྟག་རྒྱབ་ཏུ་ཤར་མོ་ཤར་མོར་དཔྱངས་ཡོད་པ་དང་། རལ་པའི་སྣེ་མོ་ནང་ཕྱོགས་སུ་ཅུང་འཁྱིལ་ཡོད་ལ་སྐེ་རུ་རལ་པ་མཐོང་རྒྱུ་མེད། དུས་རབས་བདུན་པའི་ནང་དུ་བཏབ་པའི་ལྷ་སའི་གཙུག་ལག་ཁང་གི་གདུང་མ་དང་ལྕམ་དྲལ་གྱི་སྣེ་མོའི་སེང་གེའི་མགོ་ནས་སྐེའི་བར་དུ་ཡང་པོར་སྐྱོད་པའི་རལ་བ་ཡོད་པ་དང་། ལུས་ཚུགས་ཙོག་པུར་གནས་པའི་རྣམ་པ་ཅན་ཡིན་ལ། ལག་པའི་སྡེར་མོ་བརྐོས་པ་ཞིབ་ཆ་ཆེ་ཞིང་ཤུགས་དང་ལྡན། བཙན་པོའི་དུས་ཀྱི་རི་མོའི་ཁྱད་གཤིས་ཀྱི་རྒྱུན་བསྐྱངས་ཡོད་པའི་སྣར་ཐང་དགོན་པའི་ལྡེབས་རིས་ཁྲོད་ཀྱི་སེང་གེའི་གཟུགས་རིས་ནི་དེ་བས་ཉམས་ཕུན་སུམ་ཚོགས་པ་མངའ་སྟེ། དེའི་ནང་རྐང་པའི་སྡེར་མོས་མགོ་བོར་འཕྲུག་པ་ཡོད་ལ། ཙོག་པུར་བསྡད་པའང་ཡོད། ལ་ལས་ད་དུང་ང་རོ་སྒྲོག་པའི་ཉམས་མངོན་པ་སོགས་སྤྱིའི་ཆ་ནས་གསོན་ཉམས་ལྷག་པར་ལྡན། རི་མོའི་ཁྲོད་ཀྱི་སེང་གེའི་གཟུགས་ཕལ་ཆེ་བའི་ལུས་པོའི་མདོག་དཀར་པོ་དང་རལ་པ་སྔོན་པོ་ཡིན། དེ་ནི་བོད་རིགས་ཁ་དོག་དཀར་པོར་དགའ་བ་དང་འབྲེལ་བ་ཡོད་པར་བསམས། དུས་རབས་བཅོ་ལྔ་བ་ནས་དུས་རབས་བཅུ་བདུན་པའི་བར་གྱི་སེང་གེའི་གཟུགས་ནི་གཏུམ་དྲག་ཆེ་ཞིང་སྟོབས་དང་ལྡན་ལ་གསོན་ཤུགས་བརྟས་པའི་ཉམས་དང་ལྡན་ཞིང་། རྩ་བའི་ཆར་བཙན་པོའི་རྒྱལ་རབས་དུས་ཀྱི་སེང་གེའི་གཟུགས་དང་མཚུངས། འོན་ཀྱང་སྣའི་དབྱིབས་ཁྱི་སྣ་དང་ཅུང་མཚུངས། དམིགས་བསལ་གྱི་སེང་གེའི་གཟུགས་ཤིག་མཐོ་ལྡིང་དགོན་པའི་ལྷ་ཁང་གི་ལྡེབས་རིས་སུ་ཡོད་པ་སྟེ། དཀྱིལ་འཁོར་གྱི་ཕྱི་རུ་ར་ཅོ་ཅན་གྱི་སེང་གེ་ཞིག་བྲིས་ཡོད། དུས་རབས་བཅོ་བརྒྱད་པའི་ནང་དུ་བྲིས་པའི་སེང་གེའི་ངོ་གདོང་ནི་ཧ་པ(རྒྱ་ཁྱི་སྣ་ལེབ་)དང་འདྲ་བར་གྱུར་ཡོད། དེ་ལས་དུས་རབས་བཅོ་བརྒྱད་པར་སླེབས་དུས། རྒྱ་རིགས་ཀྱི་སེང་གེ་འབྲི་སྟངས་ཀྱིས་བོད་ཀྱི་སེང་གེའི་གཟུགས་རིས་འབྲི་སྟངས་ཀྱི་ཚབ་བྱས་པ་རྟོགས་ཐུབ་ཅིང་། ཐ་ན་རྒྱ་ནང་གི་སེང་གེ་ལྟར་གྲུ་གུར་རོལ་བའི་སེང་གེའི་གཟུགས་བརྙན་ཡང་བྱུང་ཡོད། དཔེར་ན་ནོར་བུ་གླིང་ཁའི་སྒོ་ཆེན་ཕྱིའི་རྡོའི་སེང་གེ་དེའི་ལུས་ཚུགས་དང་སྤུ་མདོག་སོགས་ནི་བོད་ལུགས་ཡིན་ཡང་། དེའི་སྣ་དང་། མིག་མདངས་ལས་གསོན་ཉམས་ཤོར་བ་སོགས་ལས་བོད་ཀྱི་སྔ་མོའི་དུས་ཀྱི་གཟི་རྔམ་ཡོངས་སུ་མཐོང་དུ་མེད་པར་གྱུར་ཡོད།
3.སྡིག་པ་རྭ་ཙ།
བོད་ཡུལ་དུ། སྡིག་པ་རྭ་ཙ་དང་འབྲེལ་བའི་རིག་གནས་ནི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་གནས་ཚུལ་ཞིག་རེད། འདིའི་འབྱུང་ཁུངས་དངོས་ནི། ལོ་རྒྱུས་ལ་ལར། སློབ་དཔོན་རིན་པོ་ཆེས་སྡིག་རྭར་སྤྲུལ་ནས་རྒྱལ་པོ་འདུལ་བའི་ལོ་རྒྱུས་དང་སྦྱར་ནས་བཤད་པ་མང་ཡང་། མངའ་རིས་དང་། བྱང་ཐང་གི་བྲག་བརྐོས་རི་མོའི་གྲས་སུ་སྡིག་པ་རྭ་ཙ་འདྲ་བའི་རི་མོ་ཡོད་པ་དེར་བརྟགས་ན། སྡིག་པ་རྭ་ཙ་དང་འབྲེལ་བའི་ཐོག་མའི་ཡུལ་སྲོལ་རིག་གནས་ནི་ཆེས་སྔ་མོ་ཞིག་ནས་དར་ཡོད་པ་མིན་ནམ་སྙམ།
སྡིག་རྭའི་རྒྱན་རིས་མང་ཤོས་ནི་ཁྱིམ་གྱི་ཕུག་དང་། ཐབ་ཀའི་ཀླད། གྱང་ངོས། དཔེ་ཆའི་མགོ་ཤོག སྲུང་འཁོར། གྱོན་ཆས་འདྲ་མིན། ཤིང་ལེབ་དང་གཡའ་མ་སོགས་ག་ས་གང་དུ་ཡོད་པ་མཐོང་། དེ་ལྟར་འབྲི་དགོས་པའི་རྒྱུ་མཚན་ནི། གཙོ་བོ་རྒྱལ་པོའི་གནོད་པ་འགོག་བྱེད་དང་དེའི་ཁ་གནོད་གྱི་ཆེད་དུ་བྲིས་པ་རེད། འདིའི་སྐབས་ཀྱི་རྒྱལ་པོ་བྱ་བ་ནི་རྒྱལ་འགོང་ཞེས་པའི་ནང་ཚན་དུ་གྱུར་བའི་རྒྱལ་པོ་ལ་གོ་བ་ལས། མངའ་བདག་རྒྱལ་པོ་ལ་གོ་མི་ཉན། སྲུང་མ་མང་པོ་ཞིག་ཀྱང་རྒྱལ་པོའི་རིགས་ཡིན་པས། དེའི་འགོག་བྱེད་དུ་ཡང་སྡིག་པ་རྭ་ཙ་བྲིས་ཡོད་པའི་རྒྱུ་མཚན་དེ་རེད།།
4.ཙི་པ་ཊ།
ཙི་པ་ཊའི་རྒྱན་རིས་ནི་ཨེ་ཤ་ཡའི་སྒྱུ་རྩལ་གྱི་ཁྲོད་དུ་བྱུང་ནས་ལོ་ཆིག་ཁྲི་ལྔ་སྟོང་ལྷག་ཕྱིན་ཡོད། རྒྱ་གར་དུ་དེའི་འབྱུང་ཁུངས་སྐོར་གྱི་ངག་རྒྱུན་ཤིན་ཏུ་མང་། དཔེར་ན་ཙི་པ་ཊ་ནི་ལྷ་དབང་ཕྱུག་ཆེན་མོས་བཟོས་པའི་གདོན་འདྲེ་ཞིག་ཡིན་པ་དང་། ཁོས་རང་གི་གཟན་མི་ཟ་བར་རང་ལུས་རང་གིས་བཟས་ཏེ་མགོ་དང་ལག་པ་གཉིས་ལས་མ་ལྷག་པ་དང་། དེ་ནི་རང་གི་གཟན་ལ་སྙིང་རྗེ་སྐྱེས་པའི་དབང་གིས་ཡིན་ཚུལ་དང་། ལྷ་དབང་ཕྱུག་གིས་ཁོ་རང་སྒོ་ལྷར་མངགས་ཚུལ་སོགས་བརྗོད། ད་ལྟ་ད་དུང་ཧི་མ་ལ་ཡ་ས་ཁུལ་གྱི་དམངས་སྲོལ་རིག་གནས་ཀྱི་ཁྲོད་དུ་དེའི་གཟུགས་རིས་མཐོང་དུ་ཡོད་ཅིང་། ཁྱིམ་གྱི་སྒོ་མོའི་ངོས་སུ་བྲིས་ནས་སྒོ་ལྷ་ལྟ་བུར་རྩི་བ་དང་། ཡང་ན་སྒོ་ཡོལ་ཐོག་ཏུ་སྦྱར་ནས་གདོན་སྲིའི་གནོད་པ་འགོག་ཐབས་བྱེད། རྒྱ་ཡུལ་དང་། བོད་ལྗོངས། རྒྱ་གར་བཅས་ཀྱི་ལྷ་སྐུའི་རྒྱབ་ཀྱི་འོད་ཀོར་དུའང་དེའི་གཟུགས་བརྙན་མཐོང་དུ་ཡོད། བོད་ལྗོངས་སུ་དེ་ཉིད་སྲུང་མ་ལྟ་བུ་ཞིག་ཏུ་བརྩིས་ནས་སྤྱིར་བཏང་དུ་སྒམ་གྱི་ཐོག་ཏུ་འབྲི་བ་དང་། སྒོ་ཡོལ་གྱི་ཐོག་ཏུ་བྲིས་པ་ཆེས་མང་། དེའི་དམིགས་ཡུལ་ནི་རང་ཁྱིམ་གྱི་རྒྱུ་ནོར་དཀོན་པའི་རིགས་བསྲུང་རྒྱུ་དེ་རེད། དེ་ཉིད་རྒྱན་རིས་ཤིག་ཡིན་པའི་ཆ་ནས་རི་མོ་འབྲི་ལུགས་ཀྱང་མི་འདྲ་བ་མང་། དེ་ལས་མངའ་རིས་ཀྱི་མཐོ་ལྡིང་དགོན་པའི་ལྡེབས་རིས་ཁྲོད་ཀྱི་ཙི་པ་ཊའི་སྣང་བརྙན་དེ་སྒྲོ་འདོགས་ཚད་མཐོན་པོ་བྱས་ཡོད་པ་སྟེ། དེའི་ཆེར་གདངས་པའི་ཁ་ནས་བསྲིངས་པའི་ལྕེ་རིང་པོ་དུ་མ་ནི་ཀྲང་ཉའི་ཡན་ལག་ལྟར་རིང་བ་རེད། སྤྱིར་བཏང་དུ་རྒྱན་རིས་སུ་འགོད་དུས་ཙི་པ་ཊའི་དཔྲལ་བའི་གོང་དུ་ཉི་ཟླ་གཉིས་ཀྱང་འབྲི། ལྷ་སའི་གོམས་སྲོལ་ལྟར་ན་རི་མོ་འདི་འདྲ་ནི་སྤྱིར་བཏང་དུ་དགོན་པའམ་ཡང་ན་གོ་གནས་དང་དབང་ཤུགས་ཆེ་བའི་མི་ཁྱིམ་དུ་ད་གཟོད་སྤྱོད་ཆོག་པར་སྙམ་ལ། རྒྱན་རིས་མང་པོ་ཞིག་ནི་དུས་ཀྱི་འགྱུར་བག་དང་བསྟུན་ནས་རིམ་བཞིན་ཐོག་མའི་དུས་ཀྱི་ཆོས་ལུགས་ཀྱི་ནང་དོན་ཤོར་ཏེ་རྒྱན་རིས་རྐྱང་པ་ཞིག་ཏུ་གྱུར་པ་རེད།
གསུམ། རྩི་ཤིང་གི་གཟུགས་བཀོད་པའི་རྒྱན་རིས།
རྩི་ཤིང་གི་རྒྱན་རིས་ལ་རྩྭ་རིགས་དང་། མེ་ཏོག ཤིང་འབྲས། ལོ་མ་སོགས་ཡོད་ཅིང་། བོད་རིགས་ཀྱིས་ཡོ་བྱད་ཀྱི་ཐོག་ཏུ་རྩི་ཤིང་གི་རྒྱན་རིས་འགོད་པའི་དུས་ནི་རྡོ་ཆས་གསར་པའི་དུས་ནས་འགོ་བརྩམས་ཡོད་པ་སྟེ། གནའ་ཤུལ་སྔོག་འདོན་ལས་བྱུང་བའི་གནའ་སྔ་མོའི་དུས་ཀྱི་རྫ་ཆས་ཀྱི་ཐོག་ཏུ་རྩི་ཤིང་གི་ལོ་མའི་རྒྱན་རིས་བཀོད་ཡོད་པས། རྩི་ཤིང་གི་རྒྱན་རིས་ནི་བོད་རིགས་ཀྱི་ཡོ་བྱད་རྒྱན་རིས་ཀྱི་བརྗོད་བྱ་ཅུང་སྔ་གྲས་ཤིག་རེད།
བོད་ཀྱི་རྩི་ཤིང་གི་རྒྱན་རིས་འབྲི་སྟངས་ནི་དངོས་འབྲིའི་རང་བཞིན་ལས་རྒྱན་སྤྲས་རང་བཞིན་གལ་ཆེར་བཟུང་ཡོད་པས། རྩི་ཤིང་གི་རྒྱན་རིས་མང་པོ་ནི་རྩི་ཤིང་རང་ཉིད་ཀྱི་རྣམ་པ་ལས་བརྒལ་ཡོད་པ་རེད། དུས་མཚུངས་སུ་བོད་རིགས་ཀྱི་བློ་ཁོག་ཡངས་པའི་རང་གཤིས་ཀྱི་རྐྱེན་པས་ཡོ་བྱད་ཀྱི་རྒྱན་རིས་དང་དབྱིབས་ཚུགས་ལ་རང་དབང་གཞན་ལས་ཆེ་བ་སྟེ། རྒྱན་རིས་དང་དབྱིབས་ཚུགས་རིགས་མཐུན་གཅིག་ལག་ཤེས་པ་མི་འདྲ་བའི་ལག་ནས་ཁྱད་གཤིས་ཀྱང་མི་འདྲ་བ་མངོན་སྲིད།
1.མེ་ཏོག་པདྨ།
སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་རྗེས་གོམ་པ་བདུན་སྤོ་ཤུལ་ཚང་མར་མེ་ཏོག་པདྨ་བཞད་ཅེས་པའི་ངག་རྒྱུན་དེར་བརྟེན་ནས་སངས་རྒྱས་ཆོས་ལུགས་དང་མེ་ཏོག་པདྨའི་བར་དུ་དབྱེར་མེད་འབྲེལ་བ་ཆགས་པ་དང་། མེ་ཏོག་པདྨ་ནི་ཉོན་མོངས་ཀྱི་དྲི་མས་མ་གོས་པའི་མཚོན་བྱེད་དུ་གྱུར་པ་རེད། བོད་ལྗོངས་སུ་མཐོང་བའི་མེ་ཏོག་པདྨའི་རྒྱན་རིས་ཚང་མ་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ལྡན་པའི་སྟབས་ཀྱིས་མེ་ཏོག་པདྨ་རྒྱན་རིས་སུ་འགོད་པ་ནི་སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་རྗེས་སུ་བྱུང་བར་འདོད་མཁན་མང་། དོན་དངོས་སུ་སངས་རྒྱས་ཆོས་ལུགས་བོད་དུ་རྒྱ་ཆེར་མ་དར་གོང་ནས་ཁ་ཆེ་ཆོས་ལུགས་ཀྱི་སྒྱུ་རྩལ་དང་བསྡོངས་ནས་མེ་ཏོག་པདྨའི་གཟུགས་རིས་དེ་བོད་དུ་དར་ཡོད་པ་རེད། སྔ་མོའི་དུས་སུ་མེ་ཏོག་པདྨ་ནི་འདབ་མའི་རྣམ་པའི་ཐོག་ནས་ལྷ་སྐུ་དང་། ལྡེབས་རིས། ཐང་ག་བཅས་ཀྱི་གཙོ་སྐུའི་ཁྲི་ཐོག་ཏུ་བཀོད་ཡོད་པ་དང་། མེ་ཏོག་གི་ཁ་དོག་ཀྱང་རི་མོའི་གཞི་མདོག་ལ་གཞིགས་ནས་སྡེབ་པ་རེད། འོན་ཀྱང་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྷ་སྐུའི་པདྨའི་ཁ་དོག་ནི་རང་བྱུང་ཁམས་ཀྱི་པདྨའི་ཁ་དོག་དངོས་དང་མཚུངས་པར་འབྲི། དེ་ནི་སློབ་དཔོན་པད་འབྱུང་ནི་མེ་ཏོག་པདྨ་ལས་འཁྲུངས་པར་བརྗོད་པའི་ངག་རྒྱུན་དང་འབྲེལ་བ་མཆིས། སྔ་མོའི་དུས་ཀྱི་པདྨའི་འདབ་མ་རྣམས་འཇོང་དབྱིབས་སུ་ཡོད་པ་དང་འདབ་མའི་ནང་རོལ་དུ་ཟེའུ་འབྲུས་བརྒྱན་ཡོད། དུས་ཕྱིས་ཀྱི་པདྨའི་འདབ་མ་མང་ཤོས་ཀྱི་དབྱིབས་སྒོར་མོར་ཡོད་པ་དང་འདབ་མའི་སྣེ་མོ་ཕྲ། ནང་རོལ་དུ་ཟེའུ་འབྲུ་ཅན་ཤིན་ཏུ་ཉུང་ལ་མེ་ཏོག་གི་འདབ་མའི་སྒྲིག་སྟངས་ཀྱང་ཤིང་པདྨའི་འདབ་མ་དང་འདྲ་བར་བྲིས་ཡོད། སངས་རྒྱས་ཆོས་ལུགས་ཀྱི་རྒྱན་རིས་རྒྱ་ཆེར་དར་བ་དང་བསྟུན་ནས་པདྨའི་འདབ་མའི་རྒྱན་རིས་ཀྱང་སྐྱེ་བོ་རྣམས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་སྤྱོད་ཆས་ཐོག་ཏུ་སྤྱོད་འགོ་བརྩམས་པ་སྟེ། དཔེར་ན་ཆང་དཀར་དང་ཆང་རྐྱན་གྱི་འདབས་སུ་བཀོད་པ་ལྟ་བུ་རེད།
2. ཕྲེང་རིས།
བོད་རིགས་ཀྱི་ཡོ་བྱད་ཐོག་གི་རྒྱན་རིས་ཁྲོད་དུ་ཕྲེང་བར་འབྲེལ་བའི་རི་མོ་ཡང་རྒྱན་རིས་གལ་ཆེན་ཞིག་ཡིན། རི་མོ་དེ་རིགས་བཙན་པོའི་དུས་སྐབས་ཀྱི་ཏུན་ཧོང་གི་ལྡེབས་རིས་སུ་མཐོང་ཐུབ་པ་དང་། ཡན་ལི་པིན་གྱིས་བྲིས་པའི་རི་མོ་གྲགས་ཅན་《ཕེབས་བྱམས་རི་མོ》ཞེས་པའི་ནང་དུ་བོད་ཀྱི་ཕོ་ཉ་མགར་སྟོང་བཙན་གྱི་ན་བཟའི་སྟེང་དུའང་ཕྲེང་རིས་ཀྱི་ནང་རོལ་དུ་བྱ་རིགས་ཀྱི་རི་མོ་བཀོད་ཡོད། ཡོ་བྱད་ཐོག་གི་ཕྲེང་རིས་ནི། ཨུ་རུ་སུའི་ཀོར་ཁེ་གྲོང་ཁྱེར་རྟེན་མཛོད་ཁང་དུ་ཉར་བའི་བོད་བཙན་པོའི་དུས་ཀྱི་དངུལ་ཕོར་ཞིག་གི་ཕྱི་ངོས་ཀྱི་ཁ་སྟོད་དུ་ཕྲེང་རིས་ཀྱིས་བསྐོར་ཡོད་པ་ལྟ་བུ་རེད། དེ་ལས་ཕྲེང་རིས་ནི་ཡོ་བྱད་ཀྱི་ཐོག་ཏུ་འགོད་སྲོལ་ཡོད་པ་རྟོགས་ཐུབ། བོད་ལྗོངས་རྟེན་མཛོད་ཁང་དུ་ཉར་བའི་ཉེ་རབས་ཀྱི་གསེར་དངུལ་གྱི་ཟས་སྣོད་ཐོག་ཏུ་ནི། དཔྱིད་མགོའི་མེ་ཏོག་དང་། དོང་ཙེ། ནོར་བུ་སོགས་ཕྲེང་རིས་ཀྱི་རྣམ་པའི་ཐོག་ནས་ཟས་སྣོད་ཀྱི་སྐེ་དང་ཁ་སོགས་སུ་བཀོད་ཡོད།། བོད་ཀྱི་རྩི་ཤིང་གི་རྒྱན་རིས་ནི་དེ་ཙམ་གྱིས་མི་ཚད་པར་ད་དུང་ནང་དོན་གཞན་ཡང་མང་སྟེ། དཔེར་ན་ཕྲེང་རིས་སུ་བཀོད་པའི་དཔྱིད་མགོའི་མེ་ཏོག་དང་། བོད་བཙན་པོའི་དུས་ཀྱི་ཁམ་བུའི་ལོ་མ། དབང་ལག་སེ་འབྲུ་སོགས་མང་པོ་ཡོད་དོ།།
དེ་ལྟར་བོད་ཀྱི་གནའ་རབས་རྒྱན་རིས་ནི་དར་སྔ་ཞིང་། དར་ཡུན་རིང་བ། འཕེལ་རྒྱས་ཀྱི་གོ་རིམ་ཡང་ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་པ། རིགས་སྣ་ཧ་ཅང་མང་ཞིང་། ནང་དོན་ཕུན་སུམ་ཚོགས་པ། སྒྱུ་རྩལ་དང་རིག་གནས་ཀྱི་རིན་ཐང་ཆེས་ཆེར་མངའ་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་རྒྱན་རིས་དག་ནི་བོད་མདོ་དབུས་ཁམས་གསུམ་གྱི་ཡབ་མེས་རྣམས་ཀྱིས་གནའ་ནས་ད་ལྟའི་བར་མཚོ་བོད་མཐོ་སྒང་འདིར་འཚོ་སྡོད་དང་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་གསར་གཏོད་དང་གསོག་ཉར། རྒྱུན་འཛིན་བཅས་བྱས་པ་ལས་བྱུང་བའི་ཤུལ་བཞག་རིག་གནས་རིན་ཐང་བྲལ་ཞིག་ཀྱང་ཡིན་པའི་ཆ་ནས། ང་ཚོ་ཕྱི་རབས་པ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་རྒྱན་རིས་འདི་དག་ལ་སྲུང་སྐྱོབ་དང་བདག་ཉར། དར་སྤེལ་བཅས་བྱེད་རྒྱུ་ནི་དུས་རབས་འདིས་ང་ཚོར་སྤྲད་པའི་ལོ་རྒྱུས་ཀྱི་འོས་འགན་ལྕི་མོ་ཞིག་ཡིན་པ་སྨོས་ཅི་དགོས།།
རྩོམ་སྒྲིག་པ།སྣང་རྡོར།