དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

ཁྱེད་ཀྱིས་འདི་འདྲའི་ཞྭ་མོ་ཞིག་རིག་མྱོང་ངམ།

སྤེལ་དུས 2020-04-26 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།

          དེ་ཡང་ཁམས་ཉག་ཆུ་ཨོ་ཐོག་ཅེས་པ་ནི་འབྲོག་སྡེ་ཚོ་བ་ཆེན་པོ་དྲུག་ལས་གྲུབ་པ་ཞིག་ཡིན་ལ། ཡུལ་འདི་ནི་ས་ལ་དགེ་བཅུའི་ཡོན་ཏན་ཕུན་སུམ་ཚོགས་པའི་གནས་ཤིག་ཏུ་མ་ཟད།   སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཟུང་གི་གཟི་བྱིན་རབ་ཏུ་འབར་བའི་ཡུལ་སྡེ་ཞིག་ཀྱང་ཡིན།  ད་དུང་།  གནས་འདི་རུ་ཐུན་མིན་ཤུལ་བཞག་རིག་གནས་དུ་མ་ཞིག་མཆིས་ཀྱང་།  དུས་ཀྱི་སོ་མཚམས་ཅི་རིགས་པ་ཞིག་གི་རྐྱེན་ལ་བརྟེན་ནས་ཉམས་རྒུད་དུ་སོང་བ་དུ་མ་ཞིག་མཆིས་ཀྱང་དེ་དག་ནི་སྔོན་གྱི་དུས་སུ་བླང་དོར་གྱི་ཆ་ལ་འཁྱུག་པས་ཡིན་པར་མ་ཟད་དེ་དག་གི་ལོ་རྒྱུས་དང་ངོ་སྤྲོད་རགས་བསྡུས་ཙམ་ཡོད་ན་ཆོག་ཀྱང་།  དེ་ཡང་ཤིན་ཏུ་དཀའ་བའི་གནས་སུ་གྱུར་བ་ནི་སྲོལ་རྒྱུན་གྱི་རིག་གནས་དག་ལ་མཐོང་ཆེན་པོར་མ་བརྩིས་པས་ཡིན་ནམ་སྙམ།   ད་དུང་ཡིག་ཐོག་ཏུ་འབེབ་མ་ནུས་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཉམས་སོང་བ་ཞིག་ཡིན་ངེས་པས་རེབ་འདིར་སྔོན་ནས་རྒན་པ་མང་པོ་ལ་བཅར་འདྲི་བགྱིས་པ་སོགས་གཞིར་བྱས་ནས་ཨོ་ཐོག་ཡུལ་གྱི་ཐུན་མིན་སྲོལ་རྒྱུན་ཞྭ་མོ་སྟེ་ཞྭ་འོབས་ཀྱི་སྐོར་ནས་ཅུང་ཟད་འབྲི་བར་བྱས་ན།

          དེ་ཡང་ཞྭ་འོབས་ཞེས་པ(ཞྭ་ཝོབ)འདི་ནི་དབྱར་ཞྭ་ཞིག་ཡིན་ལ།   གནའ་སྔ་མོའི་དུས་སུ་ཨོ་ཐོག་ཡུལ་ནས་བཟོ་བ་རྩེ་གྲ་སྐོར་ཞིག་བསྡུས་ནས་བཟོས་པ་ཡིན་འདུག་ལ། འདི་ནི་ཨོ་ཐོག་ཡུལ་གྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞྭ་མོ་ཞིག་ཀྱང་ཡིན་པས་འདི་དང་འབྲེལ་བའི་ཨོ་ཐོག་སྐོར་གྱི་ལོ་རྒྱུས་ཁ་ཤས་ཀྱང་ཡོད་པར་གྲགས།  ཞྭ་མོའི་འདི་ལ་ཚོན་མདོག་རྣམ་པ་གསུམ་ཡོད་ལ།   དེ་ནི་ནམ་མཁའ་དང་ས་གཞི་སོགས་ཀྱི་མཚོན་དོན་ཡིན་འདུག་པར་མ་ཟད་དཀྱིལ་གྱི་དམར་པོ་དེའི་སྟེང་དུ་གནས་དུས་ཀྱི་བཟོ་སྟངས་ལ་པདྨ་ཞིག་ཡོད་པ(ད་ལྟའི་ཆར་པདྨའི་འདབ་མ་ལྟར་བྲིས་མེད)དེ་ནི་ས་ལ་པདྨ་འདབ་བརྒྱད་ཀྱི་མཚོན་དོན་ཡང་ཡིན་འདུག   ད་དུང་ཚོན་མདོག་གསུམ་ཡོད་པ་དེ་ཡང་རྒན་དར་གཞོན་གསུམ་གྱི་མཚོན་དོན་ཡིན་འདུག་པ་དང་དེ་དག་གི་གོ་རིམ་མ་འཕྱུག་པར་ཡོད་པས་གང་ནས་བལྟས་ཀྱང་ངོས་གཙང་བ་དང་ཧ་ཅང་མཛེས་པོ་ཞིག་ཏུ་ཡོད།    མ་གཞི་ནས་ཞྭ་མོ་འདི་ལ་གནའ་མྱི་རྒན་པ་དག་གི་ངག་རྒྱུན་དུ་རྟེན་འབྲེལ་ཀུན་འཛོམས་ཀྱི་ཞྭ་མོ་ཞིག་ཡིན་རབས་ཐོས་ལ།  ད་དུང་སྔོན་ཆད་བླ་མ་གདན་འདྲེན་ཞུ་སྐབས་སོགས་དུས་ཚོད་དམིགས་བསལ་བ་མ་གཏོགས་མི་གྱོན་པས་ཞྭ་མོ་འདི་ལ་ཕྱོགས་ཀུན་ནས་རྩ་ཆེན་དང་འགངས་ཆེན་གནང་བཞིན་པ་མངོན་གསལ་རེད།

          ད་དུང༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རབས་ང་དྲུག་པའི་རྨད་བྱུང་སྐྱེ་རབས་ཀྱི་ཕྲེང་བ་འཛིན་པ་ལི་ཐང་སྐྱབས་མགོན་བློ་བཟང་དྲི་མེད་མཆོག་ནས། ཁྲ་ཆེན་ཐང་དཀར་མ་རུ་ལམ་རིམ་གསུང་ཆོས་སྐབས་སུ་ཞྭ་མོ་འདི་ཡི་མཐའ་དཀར་པོ་ཡིན་པ་ནི་ཧ་ཅང་ལེགས་པ་དང་རྟེན་འབྲེལ་གྱི་གནད་ཅིག་ཏུ་འདུག་ཅེས་གསུངས་མྱོང་འདུག   དེ་ནས་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་ཀྱང་ཞྭ་མོ་འདི་ལ་ནང་ཆོས་ཀྱི་ཐོག་ནས་ཀྱང་འགྲེལ་བཤད་ཕུན་སུམ་ཚོགས་པ་ཞིག་གནང་འདུག་ཀྱང་། ཁོང་གིས་གསུངས་པའི་འགྲེལ་བཤད་དེ་ཉིད་ཡིག་ཐོག་ཏུ་འབེབ་མ་ནུས་པས་ད་ལྟའི་ཆར་རྒན་པ་ལ་ལའི་ངག་རྒྱུན་ཏུ་ཅུང་ཙམ་རེ་ཡོད་ཀྱང་།  མཐུས་ཚང་ཞིག་མེད་པས་འདི་ཙམ་ཞིག་རེད་དོ་ཞེས་འབྲི་མ་སྤོབས།  འོན་ཀྱང་།   རྣམ་པ་གཉིས་ནས་ཞྭ་མོ་འདིའི་མཐའ་དཀར་པོ་ཡིན་པ་དེ་ཧ་ཅང་ཡག་པོ་འདུག་སྟེ། ང་ཚོས་ལས་དང་བྱ་བ་ཅི་ཞིག་སྒྲུབ་རུང་ལས་ཀྱི་མཐའ་མ་དཀར་པོ་ལ་འགྱུར་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པས་འདི་ནས་རྟེན་འབྲེལ་དཔེ་མེད་ཅིག་འགྲིག་འདུག་ཅེས་རྟེན་འབྲེལ་ཧ་ཅང་ལེགས་པོ་ཞིག་བརྩིས་འདུག 

          ད་དུང་ཞྭ་མོ་འདི་ནི་གནའ་དུས་སུ་རྒན་གཞོན་ཀུན་གྱི་ཧ་ཅང་རྩ་ཆེན་པོ་ཞིག་བརྩི་བར་འདུག་ཀྱང་རིག་གསར་སོགས་ཀྱི་ནང་དུ་དུས་ཀྱི་འགྱུར་བ་སོགས་ཀྱིས་ཉམས་རྒུད་དུ་འགྲོ་གྲབས་བྱས་ཀྱང་རྒན་པ་ལ་ལས་གཅེས་སྤྲས་དཔེ་མེད་བྱས་པས་བཟོ་དཔེ་རྙིང་བ་འགའ་རེ་བསྡུ་ཉར་བྱས་ནས།  ལི་ཐང་དགའ་བཞག་གྱོང་གསུམ་དང་ཉག་ཆུ་དབལ་རོང་གཉིས་ནས་བཟོ་བ་ཚད་ལྡན་དུ་མ་རེ་རོགས་སུ་བོས་ནས་བཟོ་གྲབས་བྱས་ཀྱང་། མང་པོ་ཞིག་གིས་ཀྱང་བཟོ་མ་ཐུབ་པ་རེད་འདུག  རྗེས་ནས་ཨོ་ཐོག་ཡུལ་གྱི་མི་རྒན་རྒས་པ་འགའ་ཡིས་མཉམ་རུབ་བྱས་ནས་བཟོ་དཔེ་རྙིང་བ་གཞིར་བྱས་ནས་བཟོས་པས་བཟོ་ཐུབ་འདུག་ཀྱང་། སྔར་བཞིན་བཟོ་སྟངས་དེ་འདྲ་ཞིག་འཁྱོངས་མེད་ཅེས་རྒན་པ་འགའ་ཡི་གསུང་སྒྲོས་ལས་ཐོས་སོང་།  འོན་ཀྱང་།  དེ་འདྲའི་སྲོལ་རྒྱུན་རིག་གནས་དག་ལ་མཐོང་ཆེན་པོ་གནང་བའི་རྒན་པ་དེ་དག་གི་སྐུ་དྲིན་ལ་བརྟེན་ནས་དུས་ད་ལྟའི་བར་དུ་མ་ཉམས་པར་གནང་འདུག་པ་དེ་རེད།   ད་ལྟ་དབྱར་དུས་ཀྱི་དྲུག་པའི་རུ་སྐྱིད་སོགས་ཀྱི་སྐབས་སུ་ཞྭ་འདི་ངེས་པར་དུ་གྱོན་དགོས་པ་ཞིག་ཀྱང་ཡིན།

          ཞྭ་འདིའི་མིང་ལ་ཚེ་རིང་དཀྱིལ་འཁོར་ཞེས་བརྗོད་པ་དེ་ནི་གནའ་དུས་སུ་བཏགས་པ་ཡིན་མིན་གྱི་བདེན་པའི་ཁུངས་མ་རྙེད་ཀྱང་རྒན་པ་ལོ་ན་དགུ་བཅུ་ལ་སོན་པ་འགའ་ཡི་ངག་ཏུ་ཐ་སྙད་དེ་འདུག་པས་ཅུང་ཁུངས་བཙུན་པ་རེད་འདུག་སྙམ།   སྤྱིར་ན་དཀྱིལ་འཁོར་ཞེས་པ་ནི་དབྱིབས་གོར་མོ་དང་ཆ་ཤས་ཡོངས་སུ་ཚང་བ་སོགས་ལ་གོ་བས་ཞྭ་མོ་འདིའི་དབྱིབས་གོར་གོར་ཡིན་པས་དེ་ལྟར་བཏགས་པ་ཡིན་འདུག་ལ་ཚེ་རིང་ཞེས་པ་ནི་རྟེན་འབྲེལ་གྱི་ཚིག་གཅིག་ཏུ་བགྲང་ན་ཆོག་མོད་སྐབས་འདིར་གོང་ནས་བརྗོད་པ་བཞིན་མི་ཞིག་གི་མི་ཚེའི་བརྒྱུད་རིམ་ཡོངས་སུ་ཚང་བས་ན་ཚེ་རིང་དཀྱིལ་འཁོར་ཞེས་བཏགས་པར་མངོན་ལ།  ད་དུང་ཚེ་རིང་དཀྱིལ་འཁོར་ཞེས་པ་ནི་ཚེ་རིང་ལོ་བརྒྱ་ཞེས་པ་ལྟར་ཚེ་ཡི་ཡུན་ཚད་རིང་དུ་བརྟན་པ་དང་ཡོངས་སུ་རྫོགས་པའི་རྟེན་འབྲེལ་གྱི་སྒོ་ནས་ཚེ་རིང་དཀྱིལ་འཁོར་ཞེས་བཏགས་པའང་ཡིན་པར་སྐད།  ཞྭ་མོ་འདི་ལ་ཁ་སྐད་དུ་ཞྭ་ཝོབ་ཅེད་བརྗོད་ཀྱིན་པ་དེ་ནི་ཡུལ་འདིའི་ཁ་སྐད་དུ་འོབས་ལ་ཝོབ་ཞེས་བརྗོད་པ་ཡིན་པས་ཡིག་སྐད་དུ་ཞྭ་འོབས་ཞེས་བཏགས་ན་གང་ཅིའི་ཐད་ནས་ཀྱང་འོས་འཚམ་ཞིག་ཡིན་པར་སྣང་ལ།   ཞྭ་འོབས་ཞེས་བཏགས་པ་དེ་ཡང་ཞྭ་མོ་འདི་གྱོན་པ་སོགས་ཀྱི་སྐབས་ཀྱང་འོབས་སམ་ཀོང་ཀོང་ལྟ་བུ་ཞིག་ཡིན་པས་དེ་ལྟར་བཏགས་པར་སོམ་ཉི་མི་འདུག་སྙམ།  ཞྭ་མོ་འདི་ནི་ཨོ་ཐོག་ཡུལ་གྱི་ཐུན་མིན་གྱི་སྲོལ་རྒྱུན་ཞྭ་མོ་ཞིག་ཡིན་པས་འདིའི་སྟེང་ནས་ཨོ་ཐོག་ཡུལ་གྱི་བཟོ་ལས་ལག་རྩལ་དང་སྲོལ་རྒྱུན་གྱི་འདུ་ཤེས་དང་ཆོས་ལ་འདུན་པའི་དད་པ་གང་འདྲ་ཞིག་ཡིན་པ་སོགས་ཀྱང་ཅུང་ཟད་རེ་རྟོགས་ཐུབ་པར་སྙམ།  ད་དུང་ཞྭ་མོ་འདི་ནི་ཨོ་ཐོག་ཡུལ་ཁོ་ནའི་ཞྭ་མོ་ཞིག་ཀྱང་ཡིན་པས་ཞྭ་མོ་འདི་གྱོན་དུས་སུ་ཉྭ་ཆུང་གསེར་མིག་གི་མགོ་དང་ཨེན་ཙམ་འདྲ་བས་གཞན་གྱིས‘ཨོ་ཐོག་གསུམ་པོ་ཉྭ་མགོ་རོ’ཞེས་འཚང་འབྲུའི་མིང་ཡང་དེ་ལྟར་བཏགས་མྱོང་སྐད། མདོར་ན་ཞྭ་མོ་འདི་ནི་ཨོ་ཐོག་ཡུལ་གྱི་ཐུན་མིན་གྱི་བཟོ་ལས་ལག་རྩལ་ལས་ཐོན་པའི་ཞྭ་མོ་ཞིག་ཡིན་པར་མ་ཟད།  སྔར་གྱི་ཡུལ་འདི་གའི་སྲོལ་རྒྱུན་གྱི་ཆ་ལུགས་སོགས་ཀྱང་མཚོན་པར་ནུས་པའི་ཞྭ་མོ་ཞིག་ཡིན།  ཞྭ་མོ་འདི་དང་འབྲེལ་བའི་ལོ་རྒྱུས་རགས་བསྡུས་ཙམ་བརྗོད་ན་དེ་ལྟར་ལགས་སོ། །
རྩོམ་སྒྲིག་པ།སྣང་རྡོར།