དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

གཞིས་ཀ་རྩེ་རྣམ་གླིང་ཤངས་པའི་ལྷ་མོའི་ཟློས་གར།

སྤེལ་དུས 2020-06-18 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། མི་གསལ།

            དུས་རབས་བཅུ་བཞི་པའི་དུས་དཀྱིལ་གྱི་སྟོན་ཟླའི་ཕྱི་དྲོ་ཞིག་ལ་སྤྲིན་པ་ལང་ལོང་དུ་འཁྲིགས་ཤིང་རླུང་བུ་སིལ་སིལ་ལྡང་། ཡར་ཀླུང་གཙང་པོའི་ངོས་སུ་རླབས་སྒྲ་ཆལ་ཆིལ་དུ་སྒྲོག་བཞིན་སྐྱེ་བོའི་སེམས་ཁམས་སུ་སྐྱོ་ཤས་ཀྱི་རྣམ་པ་མངོན། གཙང་པོའི་ལྷོ་ངོགས་སུ་ཆོས་གོས་ངུར་སྨིག་གིས་བརྒྱན་པའི་བཙུན་པ་ཞིག་གིས་ཡིད་སྐྱོ་བའི་བཞིན་མདངས་ཀྱིས་གཙང་པོའི་ཁ་སྤྲོད་དུ་སྐད་འབོད་བྱེད་བཞིན་འདུག ཁོང་གི་གདངས་དམའ་བའི་སྐད་སྒྲ་དེ་ཆུ་བོའི་རླབས་ཀྱིས་ཅི་ཞིག་འཆད་མིན་མི་ཤེས། ཕར་ངོགས་གཙང་འགྲམ་ནས་ཀྱང་ནག་རོག་གེར་འབུངས་བའི་མི་ཕུང་དག་གིས་རྒྱུན་ཆད་མེད་པར་གཙང་པོའི་ཚུ་རོལ་ལ་ལག་གཡོབ་དང་སྐད་འབོད་བྱེད་པ་མཐོང་། མཐའ་ཤམ་དཀར་པོའི་ཆོས་གོས་གྱོན་པའི་བཙུན་པ་དེ་ནི་གཙང་ཁུལ་དུ་གྲགས་ཆེ་བའི་བཀའ་བརྒྱུད་པའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡིན། འོན་ཀྱང་ཀོ་གྲུས་སྒྲོལ་མི་ཐུབ་པར་བརྟེན། གཙང་པོར་རེ་འབོད་དང་ཕ་རོལ་གྱི་གཉེན་ཉེ་ཚོར་གཟིགས་བཞིན་གསུང་སྐད་ཆེན་པོས་འབོད་རྒྱུ་ལས་ཅི་བྱ་བརྟོལ་བྲལ་དུ་གྱུར་ཡོད། ཁོང་གིས་མིག་ཅེར་རེར་གཙང་པོའི་ངོས་ཀྱི་ཆལ་ཆིལ་གྱི་རྦ་རླབས་ལ་ལྟ་བཞིན་ཐུགས་སུ་གློ་བུར་དུ“ཁ་ག་ཚོད་ཆེ་ཡང་སྣ་ཁུང་གི་འོག ཆུ་མོ་ག་ཚོད་ཆེ་ཡང་ཟམ་པའི་འོག”ཅེས་པའི་བོད་ཀྱི་ཁ་དཔེ་འདི་བཞིན་སྙམ་དུ་སེམས་སོ། རེད་ཨ། ཟམ་པ་བསྐྲུན་དགོས། དེ་ལྟར་བྱུང་ན་གཙང་ཆུས་ངེད་ཚོའི་བགྲོད་ལམ་འགོག་པར་མི་ནུས་ལ། རི་མཐོ་གཡང་གཟར་ཡིན་ཡང་ཤར་གཏོང་ཐུབ་པའི་ལམ་ཆེན་ཞིག་དགོས་ངེས་པས། ཁོང་གིས་མི་ཚེ་གང་པོར་ཁྱོན་བསྡོམས་ལྕགས་ཟམ་བརྒྱ་དང་བརྒྱད་ལེགས་འགྲུབ་བྱ་རྒྱུའི་དམ་བཅའ་ཐུགས་ལ་བཅིངས།  
            ལོ་ངོ་ཕྱེད་ཙམ་སོང་ནས་ཞལ་འདེབས་སུ་བྱུང་བའི་ལྕགས་རིགས་དང་དངུལ་མང་པོ་བྱུང་མོད། ཁོང་གི་སྙིང་སྟོབས་ལ་ལྷ་ཡང་སེམས་འགུལ་ཐེབས་ཅིང་། ཁོང་གི་རྨི་ལམ་དུ་ལྷ་མོ་ཀུན་འགྲོལ་སྒྲོལ་མས་ལྷོ་ཁ་འཕྱོང་རྒྱས་སུ་བུ་མོ་སྤུན་བདུན་འཚོལ་དུ་འགྲོ་དགོས་པ་མངགས་པ་དང་། ལྷ་མོའི་འཁྲབ་སྟོན་ལ་བརྟེན་ནས་ལྕགས་རིགས་དང་དངུལ་གྱི་ཞལ་འདེབས་འབུལ་བའི་ལྟས་བཟང་པོ་བྱུང་། ཁོང་ལྷོ་ཁར་ཕེབས་དུས་ས་དེ་ནས་དངོས་གནས་མཛངས་མའི་ཡོན་ཏན་ལྡན་ཞིང་། གླུ་ལེན་གར་འཁྲབ་ལ་ཤིན་ཏུ་མཁས་པའི་དམངས་ཁྲོད་སྒྱུ་རྩལ་གྱི་བུ་མོ་སྤུན་བདུན་འཚོལ་བརྙེད་ཐུབ། དེའི་ནང་ནས་ལོ་ན་རྒན་ཤོས་ཀྱིས་རྒྱ་གླུ(སྔོན་གྱི་ཚོ་པའི་འགོ་འཛིན་གྱི་མིང་གཡར་པོ་བྱས་ནས་མགོ་བོར་ཞྭ་མོ་དམར་པོ་ཆེན་མོ་ཞིག་གྱོན། ལག་ཏུ་སྨྱུག་གཞུ་འཐོག དེས་བོད་ཀྱི་ལྷ་མོའི་ཁྲོད་ཀྱི་ལས་སྣེ་འཁྲིད་མཁན་གྱི་དབང་གྲགས་མཚོན་པ་ཡིན།)འཁྲབ་པ་དང་བུ་མོ་སྤུན་གསུམ་གྱིས་ལྷ་མོ་བྱེད་པ། བུ་སྤུན་གསུམ་གྱིས་རྔོན་པ་སྟེ་ཉ་པའམ་རྔོན་པ་བྱེད་པ་ཡིན། ཐང་སྟོང་རྒྱལ་པོ་རང་ཉིད་ཀྱིས་ལྷ་མོའི་དགེ་རྒན་དང་རྔ་བརྡུང་མཁན་བྱས་སོ། །
            བོད་ཀྱི་ལྷ་མོའི་ཆེས་སྔ་ཤོས་ཀྱི་རྣམ་པ་ནི་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བའི་དམངས་ཁྲོད་གཞས་མ་གཏམ་གྱི་སྒྱུ་རྩལ་གྱི་ཡ་གྱལ“བླ་མ་མ་ཎི”ཞེས་པ་ཡིན་ཞིང་། འདི་ལྟ་བུའི་དམངས་ཁྲོད་གཞས་མ་གཏམ་གྱི་སྒྱུ་རྩལ་ནི་དམངས་གཞས་དང་སྒྲུང་གཏམ་གཉིས་ཀ་དང་མི་འདྲ་བའོ།། ཕྱིས་ཀྱི་ལྷ་མོའི་ཟློས་གར་ཡང་དེ་དང་མི་འདྲ། དེའི་འཁྲབ་སྟོན་བྱེད་ཚུལ་ནི་བཙུན་པ་ཞིག་གིས་མུ་འབྲེལ་གྱི་པར་རིས་སམ་ཐང་ག་ཞིག་དང་འདྲ་བའི་རས་གཞིའི་སྟེང་སྟོན་པའི་སྐྱེས་རབས་ཀྱི་ཐང་ཀ་འགེལ་ཞིང་། འཁྲབ་ཁྲིད་པས་ལག་ཏུ་དབྱུག་པ་འཐོག་ནས་རིས་མོའི་ངོས་རེ་རེར་བཙུགས་པ་དང་སྦྲགས། གཏན་འཁེལ་བྱས་པའི་སྒྲ་གདངས་བཞིན་སྒྲུང་གི་ནང་དོན་འཁྲབ་སྟོན་བྱེད་ཀྱི་ཡོད། འཁྲབ་གཞུང་གི་ནང་དོན་མང་ཆེ་བ་ནི་ཆོས་ལུགས་ཀྱི་སྒྲུང་ངམ་སྲོལ་རྒྱུན་གྱི་ལྷ་སྒྲུང་ཡིན། སྒྲུང་རིང་པོ་རྣམས་བརྗོད་པའི་སྐབས་སུ་བཙུན་པ་འགས་མཉམ་དུ་གཞས་སྣ་འཁྲིད་དེ་གཏོང་བ་དང་། ཡང་ན་མཉམ་བཤད་མཉམ་གཏོང་བྱེད་ཀྱི་ཡོད། །
            བུ་མོ་སྤུན་བདུན་བྱུང་བའི་རྗེས་ཐང་སྟོང་རྒྱལ་པོས་ཀྱང་དམངས་ཁྲོད་ངག་རྒྱུན་དང་ནང་ཆོས་ཀྱི་སྟོན་པའི་སྐྱེས་རབས་ཁྲོད་ཀྱི « ཆོས་རྒྱལ་ནོར་བཟང »གི་སྒྲུང་ལེགས་བསྒྲིགས་ཀྱིས་ལྷ་མོའི་ཟློས་གར་གྱི་རྣམ་པར་གྲུབ་པར་བྱས། ཤོད་རྒྱུན་ལ་ལྷ་མོའི་འགོ་འཛུགས་ཀྱི་ཆོ་གའི་ཁྲོད་ཀྱི་རྔོན་པ་དང་། རྒྱ་གླུ། ལྷ་མོ་བཅས་གསུམ་ནི«ཆོས་རྒྱལ་ནོར་བཟང»སྒྲུང་ནང་གི་མི་སྣ་ལས་ བྱུང་བ་ཡིན་པར་གསུངས་སོ། །
            དེ་ཡང་ཤངས་པའི་ལྷ་མོ་ནི་འབག་སྔོན་པོའི་ལྷ་མོའི་འཁྲབ་གཞུང་གི་གལ་ཆེའི་ཡ་གྱལ་ཞིག་ཡིན་ཞིང་། དེར་ཁྲང་བཀྲ་ཤིས་གྲགས་པ་ཞེས་སུ་འབོད། རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་སུ་སྐུ་དྲག་ཅིག་ལ་བཀྲ་ཤིས་གྲགས་པ་ཟེར་ཞིང་ཕྱིས་སུ་བཀའ་བློན་གནང་མྱོང་། ཁོང་གིས་རྣམ་གླིང་ཐོབ་རྒྱལ་ཁྲང་གི་མི་རྣམས་ལ་རྒྱལ་མཁར་ལྷ་མོ་སློབ་སྦྱོང་གནང་བར་སྐུལ་ནས་ལྷ་མོའི་ཟློས་གར་གྱི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ཏེ། རིམ་གྱིས་འཁྲབ་སྟོན་དང་དར་ཁྱབ་གཏོང་འགོ་ཚུགས། གཞན་ཡང་འཁྲབ་སྟོན་པ་མང་ཆེ་བ་རྣམ་གླིང་གི་རི་ཁུག་ན་ཤངས་ཞེས་པའི་ཆུ་བོ་རྒྱུག་པའི་ཁ་རུ་ཡིན་རྐྱེན་ཤངས་པ་ལྷ་མོ་ཞེས་སུ་འབོད། དེའི་རྗེས་བཀའ་ཤག་གི་རྩེ་ཕྱག་ལས་ཁུངས་སུ་ཁྲང་བཀྲ་ཤིས་གྲགས་པ་ཅེས་ཐོ་འགོད་བྱས་པ་རེད། པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང་དགུ་པ་གཉིས་ནས་ཤངས་པ་ལྷ་མོར་གཟིགས་སྐྱོང་ཆེན་པོས་རྒྱུན་རིང་རོགས་སྐྱོར་གནང་བས། རིམ་གྱིས་འཕེལ་རྒྱས་བྱུང་ཞིང་རང་གི་ལུགས་ཤིག་ཏུ་གྲུབ་ཡོད། དེ་ནི་གཙོ་བོར་རྣམ་གླིང་རྫོང་གི་ཐོབ་རྒྱལ་དང་། མཁར་རྩེ། ཆུམས། ཧྲན་པ་ལ་སོགས་པའི་ཤང་གྲོང་ཁག་ཏུ་དར་ཁྱབ་ཕྱིན་ཡོད། བཅིངས་འགྲོལ་མ་བཏང་གོང་དེའི་དགེ་རྒན་ནི་དཀོན་མཆོག་ཟེར་བ་དེ་ཡིན་ཞིང་། ཤོད་རྒྱུན་ལ་དཀོན་མཆོག་གི་འཁྲབ་རྩལ་འབུར་དུ་ཐོན་ཞིང་མགོ་བདེ་སྤྲོ་སྣང་ལྡན་པ། གཞུང་ལ་རྒྱུས་མངའ་ཆེ་བར་བརྟེན། སྔོན་གྱི་དགེ་རྒན་པ་རྡོར་གྱིས་ཁོང་ལ་རྒྱུགས་ལེན་དགོས་དགོངས་ཀྱང་ཐེངས་མང་པོར་རྒྱུགས་ལེན་བྱེད་མ་ཐུབ། ཁོང་ནི་པཎ་ཆེན་སྐུ་ཕྲེང་བརྒྱད་པས་འདེམས་ཐོན་བྱུང་བའི་ལྷ་མོའི་དགེ་རྒན་ཞིག་ཡིན་པས། ཤངས་པ་ལྷ་མོའི་ལོ་རྒྱུས་ཐོག་གི་གྲགས་ཆེ་ཤོས་ཤིག་ཡིན་ནོ། །
            དེ་སྔ་ཤངས་པ་ལྷ་མོ་ནི་ལྷ་སར་ཁྲལ་འཇལ་དུ་འགྲོ་མི་དགོས་པ་ཞིག་ཡིན་ཀྱང་། གཅུང་པ་ལྷ་མོ་ཚོགས་པས་ལོ་གཅིག་ལྷ་སར་ཁྲལ་འཇལ་དུ་ཞོ་སྟོན་ལ་བཞུགས་སུ་སོང་། སྐབས་དེར་ཡར་ཀླུང་གཙང་པོ་བརྒལ་དུས་གྲུ་ལོག་ཐེབས་ནས་སྒྱུ་རྩལ་པ་མི་ཉུང་བ་ཞིག་ལྔ་ལམ་དུ་ཕྱིན་པར་བརྟེན། དེ་འཕྲོས་རི་བོ་ཆེའི་སྒྱུ་རྩལ་པ་ཉུང་ཤས་ཀྱིས་རྣམ་གླིང་དུ་ཤངས་པའི་སྒྱུ་སྩལ་པ་འགའ་ཞིག་བཙལ་ནས་ལྷ་སར་འཁྲབ་སྟོན་དུ་འོང་པས། མིང་དུའང་ཤངས་རི་བོ་ཆེ་ཞེས་འབོད། ཕྱིས་ཤངས་པ་བའི་ཤུགས་རྐྱེན་ཆེ་རུ་ཕྱིན་ཏེ «རྒྱ་བཟའ་བལ་བཟའ »དང « དྲི་མེད་ཀུནལྡན » གཉིས་རེས་མོས་བྱས་ནས་ལྷ་སར་འཁྲབ་སྟོན་དུ་འོང་རྒྱུའི་གཏན་འབེབས་བྱས། ཤངས་པ་ལྷ་མོའི་ཁྱད་ཉམས་ཤིག་ནི་རྒྱལ་མཁར་ལྷ་མོ་དང་ཅུང་འདྲ་བ་ཡིན་ཡང་། ཕྱིས་སུ་སྐྱོར་མོ་ལུང་གི་རྣམ་པ་བསྡུ་ལེན་བྱས་པ་ཞིག་ཡིན་ནོ། ཉེ་ཆར་བརྟག་དཔྱད་དུ་ཕྱིན་པ་ལྟར་ན། ད་ལྟ་སྔོན་གྱི་སྒྱུ་རྩལ་པ་ཕལ་མོ་ཆེ་གཤེགས་ཟིན་པས། དགུང་ལོ་ཤིན་ཏུ་བགྲེས་པའི་ཚེ་རྡོར་ལགས་གཅིག་པུ་མ་གཏོགས་འཚོལ་བརྙེད་བྱུང་མེད་དོ། །
            བོད་ཀྱི་ལྷ་མོའི་འཁྲབ་རྒྱུན་ནི་སྲོལ་རྒྱུན་ལྷ་མོའི་ཁྱད་ཆོས་ཆེན་པོ་ལྡན་པ་ཕུད། ཁྱད་ཆོས་གཞན་འགའ་ཡོད་པ་གཤམ་གསལ། ༡ གླུ་གར་གྱི་རང་བཞིན། དེའང་སྲོལ་རྒྱུན་་མོའི་མགོ་མཇུག་བར་གསུམ་དུ་བྲོ་གར་འཁྲབ་ཅིང་། ང་ཚོས་“བྲོ་གར”གྱི་ཆ་ཤས« ལྷ་མོའི་ཞབས་བྲོ »ཡི་ནང་དུ་ངོ་སྤྲོད་བྱས་ཡོད་ཅིང་། དེ་ལ་བོད་ཀྱི་ལྷ་མོ་གླུ་གར་འཁྲབ་གཞུང་གི་ཁྱད་ཆོས་ལྡན། ༢ འཆད་གྱེར་གྱི་རང་བཞིན།  འཆད་གྱེར་གྱི་སྒྱུ་རྩལ་ནི་བོད་དུ་དར་རྒྱས་ཆེན་པོ་ཡོད་ཅིང་། གང་སར་གྲགས་པའི་བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ«གེ་སར་རྒྱལ་པོའི་སྒྲུང»ནང་དུའང་རྣམ་པ་དེ་སྤྱད་ཡོད། བོད་ཀྱི་རྣམ་ཐར་དང་རྟོགས་བརྗོད་རྩོམ་རིག་དང་། བརྩམས་སྒྲུང་རིང་གྲས་བཅས་ཚང་མར་འཆད་གྱེར་སྒྱུ་རྩལ་གྱི་རྗེས་ཤུལ་ཡོད་ལ། བོད་ཀྱི་ལྷ་མོ་ལའང་དེ་ལྟར་རོ། དབྱངས་རྟ་ཁོ་ན་ལའང་ལྷ་མོའི་ཟློས་གར་དུ་རིགས་གསུམ་ཕྱེ་ཡོད །  དང་པོ་ནི་གཞུང་ཞེས་གཙོ་བོར་འཁྲབ་གཞུང་གི་ནང་དོན་ངོ་སྤྲོད་དང་། མགོ་མཇུག་གི་གཞུང་དབྱངས་རྟ་རིང་པོས་ བརྡ་སྤྲོད་པའི་ཐོག་ནས་མགོ་རྩོམ་པའམ་མཇུག་བསྡུ་ལ། བར་དུ་སྙན་ཚིག་དང་ལྷུག་ཚིག་བེད་སྤྱད་དེ་བསྟན་པ་ཡིན་ནོ། གཉིས་པ་ནི་ཤགས་ཅེས་པའི་སྙན་ཚིག་གིས་མཚོན་པ་དང་། དེ་ནི་རང་ཉིད་ངོ་སྤྲོད་དང་ཞབས་བྲོ་མཉམ་བསྲེས་ཡིན ། ། ༣ ཐུན་མོང་མིན་པའི་དབྱངས་རྟའི་རང་བཞིན། བོད་ཀྱི་ལྷ་མོའི་དབྱངས་རྟ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་ཅིང་། འབག་དཀར་པོའི་ལུགས་ལ་སེམས་ཅན་གྱི་སྐད་ལ་ལད་མོའི་ཚུལ་གྱི་གཞས་གཏོང་བ་ཡིན། ཕྱིས་སུ་འབག་སྔོན་པོའི་ལུགས་ནི་སྡེ་དགེ་དང་། ཆབ་མདོ། ཀན་ལྷོ་ལ་སོགས་པའི་ས་ཆའི་ལྷ་མོས་སྙན་ཞིང་འཇེབས་པའི་གནའ་བོའི་དམངས་ཁྲོད་ཀྱི་རོལ་དབྱངས་བསྡུ་ལེན་བྱས་ནས་རང་གི་མ་ལག་ཅིག་གྲུབ་པར་བྱས་ཡོད། མཁས་པ་ཚོས་འབག་སྔོན་པོ་ལུགས་ཀྱི་ལྷ་མོར་དབྱངས་རྟའི་རིགས་བརྒྱ་ལྷག་ཙམ་ཡོད་པར་དགོངས་ཏེ། རྟ་རིང་དང་། བར་ཐུང་། རྟ་ཐུང་། སྐྱོ་གླུ་ལ་སོགས་ཡོད་པར་གསུངས། དཔེར་ན། ཧའེ་ཞེས་པའི་སྒྲ་གདངས་ཀྱི་འགྱུར་ཁུག་དང་གཏོང་ལེན་བྱེད་སྟངས་ཤིན་ཏུ་དམིགས་བསལ་ཡིན ། ལྷ་མོའི་གཞས་གདངས་ཀྱི་དམིགས་བསལ་རང་བཞིན་ཕུད། ད་དུང་རམ་འདེགས་བྱེད་པའི་རྣམ་པ་དང་། རམ་འདེགས་བྱེད་མཁན་གར་སྟེགས་ཀྱི་མདུན་དང་རྒྱབ་ཏུ་ཐོན་པ་དེ་ནི་གཙོ་བོར་མཇུག་འགྲིལ་གྱི་ཚིག་དང་གདངས་བསྐྱར་གཏོང་བྱེད་པའི་རྣམ་པ་ཞིག་ཡིན་ཞིང་། རམ་འདེགས་ཀྱི་གོ་དོན་ལྡན་ལ་ཁ་མཐུན་པོར་འཇོག་ཐུབ་པ་དེས་བརྗིད་ཉམས་ཀྱི་རྣམ་པ་མངོན་ཐུབ། བླ་བྲང་གི་ལྷ་མོའི་ཚོགས་པ་དང་། དེའི་ཤུགས་རྐྱེན་ཐེབས་པའི་སི་ཁྲོན་རྔ་པ་ཁུལ་གྱི་ལྷ་མོས«གེ་སར་རྒྱལ་པོའི་སྒྲུང»གི་དབྱངས་རྟ་སྤྱད་ནས་འཁྲབ་ལེན་བྱེད་པས། འགྱུར་ཁུག་གསལ་ལ་སྟབས་བདེ་བའི་ཁྱད་ཆོས་ལྡན། ། ༤ འབག་གི་སྒྱུ་རྩལ་རང་བཞིན། ལྷ་མོ་བའི་མཛེས་བཟོ་བྱེད་སྟངས་རྒྱན་གོས་ཕུད། འབག་གང་ཞིག་གྱོན་པ་ལས་མཚོན་ཐུབ་སྟེ། འབག་གི་གདོང་རིས་ལས་མི་སྣའི་ཐོབ་ཐང་དང་། རྩ་བའི་རང་གཤིས་མཚོན་ཐུབ། དཔེར་ན། གནའ་དུས་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་མོ་བཞིའི་ནང་དུ་འབག་སྔོན་པོ་བྱས་པ་ནི་རྔོན་པ་ཡིན་པ་དང་། ལེའུ་ཀྲེ་བྱུན་གྱིས“བོད་ཀྱི་ལྷ་མོའི་གྲུབ་མཐའ”ཞེས་པའི་ནང་། སྒྱུ་རྩལ་པའི་ཤོད་རྒྱུན་དུ“རྔོན་པས་རྒྱ་ཆེའི་ངལ་རྩོལ་མི་དམངས་མཚོན་པ་ཡིན། དེ་ནི་ཉིན་ལྟར་མཚོ་འགྲམ་དང་རི་སྟེང་དུ་ངལ་རྩོལ་བྱས་པར་བརྟེན། གདོང་ཡང་ཆུ་བོ་བཞིན་སྔོན་པོར་གྱུར་ཞིང་། ཉི་མའི་ཚ་བས་ནག་པོར་ཡང་གྱུར་ཡོད།”ཞེས་གསུངས་པ་ནི་ཤིན་ཏུ་བདེན་ཞེས་གསུངས་པ་དང་། སྨ་ར་དཀར་པོ་དང་འབག་སེར་པོ་གྱོན་པས་རི་ཁྲོད་ཀྱི་བླ་མ་མཚོན་པ་དང་། སྨ་ར་ནག་པོ་དང་འབག་དམར་པོ་གྱོན་པས་ཡབ་ཆེན་མཚོན་པ། འབག་ལྗང་གུ་གྱོན་པས་ཡུམ་ཆེན་མཚོན་པ། འབག་ནག་པོ་གྱོན་པས་གདོན་འདྲེ་མཚོན་པ་དང་། ཆབས་ཅིག་ཏུ་ལྡོག་ཕྱོགས་ཀྱི་མི་སྣའང་མཚོན་པ་ཡིན། ཡང་སྒྲིག་བཟོ་བྱེད་པའི་སྐབས་སུ་གང་ཐུབ་ཅི་ཐུབ་ཀྱིས་བརྩེ་སེམས་མཚོན་པར་བྱེད་དེ། དཔེར་ན། རྒྱལ་པོ་དང་ལྷ་མོའི་འབག་གི་རྣམ་པ་བབ་ཆགས་པ་དང་། སེམས་བཟང་བ། ལྟ་ན་སྡུག་པ་བཅས་ཡིན་པ་དང་། མདོག་ཉེས་པ་དང་གདུག་རྩུབ་ཆེ་བའི་འབག་གིས་ཀྱང་ལྡོག་ཕྱོགས་མི་སྣ་མཚོན་པ་ཡིན་ནོ། ། ༥ ལྷ་མི་བདུད་གསུམ་མཉམ་མཚོན་བྱེད་པའི་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་ལྡན་ཏེ།  ནང་བསྟན་རིག་གནས་ཀྱི་ཁྱབ་ཁོངས་ནས་འཚར་ལོངས་བྱུང་བའི་ལྷ་མོའི་སྒྱུ་རྩལ་པ་ནི་སྒྱུ་རྩལ་གྱི་རྣམ་པ་གཞན་དང་མཚུངས་པར་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེའི་ཁྲོད་ཀྱི་འཁྲབ་གཞུང་ཕལ་མོ་ཆེར་ལྷ་དང་མི། གདོན་འདྲེ། ཡང་ན་ས་སྟེང་ས་བླ་ས་འོག་བཅས་པར་མཉམ་གནས་བྱེད་ཅིང་། བར་སྟོང་ཡངས་པོའི་སྒོ་ནས་མི་སྣ་དང་དོན་རྐྱེན་གྱི་མཚོན་ཚུལ་ཕུན་སུམ་ཚོགས་པ་ཡིན། «འགྲོ་བའི་བཟང་མོ»ཡི་ནང་གི་འགྲོ་བ་བཟང་མོ་ནི་ལྷ་ཡུལ་ནས་ཕེབས་པའི་ལྷ་མོ་དང་། ཧ་ཅང་ནི་བདུད་མོ་ཞིག་ཡིན། འགྲོ་བ་བཟང་མོར་སྲས་གཉིས་བྱུང་སྟེ། ཧ་ཅང་བདུད་མོས་མ་བུ་གསུམ་མེད་པར་བཟོ་རྩིས་བྱེད་ཅིང་། འུ་ཐུག་གིས་ཡུམ་འགྲོ་བ་བཟང་མོ་ལྷ་ཡུལ་དུ་གཤེགས། ཧ་ཅང་གིས་རྒྱལ་པོ་ཀ་ལ་དབང་པོ་བཙོན་ཁང་དུ་བཅུག ད་ནི་བདུད་མོས་སྲས་གཉིས་མེད་པ་བཟོ་ཕྱིར་གདོལ་པ་མངགས་ཀྱང་ལམ་ལྷོངས་མ་བྱུང་། མཐར་བཤན་པ་གཞོན་ནུས་ལྷ་སྲས་ཀུན་ཏུ་ལེགས་པ་རི་སྟེང་ནས་གཡང་བསྐྱུར་བཏང་ནས་རི་འོག་གི་མཚོ་ནང་དུ་ལྷུང་འཕྲལ་ཡུམ་འགྲོ་བ་བཟང་མོས་ཉ་མོ་ཞིག་ཏུ་སྤྲུལ་ནས་ལྷ་སྲས་གཤོག་སྟེང་དུ་བླངས་ཏེ་མཚོ་འགྲམ་གྱི་སྐམ་སར་བསྐྱལ། དེ་ནས་ཡང་ཡུམ་གྱིས་སྨྲ་མཁན་ནེ་ཙོ་ཞིག་ཏུ་སྤྲུལ་ནས་ལྷ་སྲས་རྒྱལ་བུར་ཟས་གོས་ཕུལ་བ་དང་ཡུལ་པད་མ་ཅན་གྱི་རྒྱལ་པོ་ཡོང་བ་འདུག་ཅེས་བཤད། དེ་རྗེས་ལྷ་སྲས་རྒྱལ་བུ་ཀུན་ཏུ་ལེགས་པས་ཡུལ་པད་མ་ཅན་གྱི་རྒྱལ་པོ་མཛད་པ་དང་། ལྷ་གཅིག་ཀུན་བཟང་གཉིས་ཀྱང་ཐུགས་འཕྲད་བྱུང་བ་ཤེས་སྐབས་ཧ་ཅང་བདུད་མོས་རྟ་ནག་པོ་ཞིག་ལ་ཞོན་ནས་དམག་སྣ་ཁྲིད་དེ་ཡུལ་པད་མ་ཅན་གྱི་རྒྱལ་ཁབ་ལ་དམག་དྲངས་ཡང་ཕམ་པས་རྒྱལ་བུ་ཀུན་ཏུ་ལེགས་པས་ཧ་ཅང་དོང་རིམ་པ་དགུ་བྲུས་པའི་འོག་སྦད་དེའི་སྟེང་མཆོད་རྟེན་ནག་པོ་ཞིག་བཞེངས། དེ་ནས་ཕར་ལོག་སྟེ་ཡབ་ཡུམ་གཉིས་སྐྱོབས་སོ། དེ་ལྟའི་ལྷ་སྒྲུང་གི་ནང་དོན་ནི་ལྷ་མོའི་ཁྲོད་དུ་ཐོན་པའི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་ཡིན་ཏེ། དེས«ཆོས་རྒྱལ་ནོར་བཟང»ལྟ་བུའི་ནང་མི་སྣའི་གཟུགས་བརྙན་གསར་བཞེངས་བྱེད་རྒྱུར་ནུས་པ་བླ་ལྷག་ཏུ་ཐོན་པའོ། །༦ དམངས་གཞས་ཀྱི་སྐད་བརྡའི་རང་བཞིན། ལྷ་མོའི་ནང་གཞས་ཚིག་མང་པོ་སྤྱོད་པ་དང་གཞས་ཚིག་ལའང་དམངས་གཞས་རང་བཞིན་གྱི་སྐད་བརྡ་བེད་སྤྱད་ཡོད། གང་ལ་དམངས་གཞས་ཀྱི་རང་བཞིན་ཞེ་ན། ལྷ་མོའི་སྐད་བརྡའམ་བོད་ཀྱི་དམངས་གཞས་མང་པོ་སྤྱད་པའི་མཚོན་ཐབས་གཙོ་བོར་བྱས་སོ། དེའི་མཚོན་ཐབས་ལ་དཔེ་འཇོག་པ་དང་། གཟུགས་བརྙན་ལྡན་པ། གསོན་ཉམས་ལྡན་པ་བཅས་ཡོད་པ་དང་།  གཏིང་ཟབ་པའི་བསམ་བློའི་མཚོན་སྟོབས་ཆེ་བ་མ་ཟད། སྐད་བརྡ་བབ་ཆགས་པ་དང་རྟོགས་སླ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ཞིག་མཆིས་སོ། །
            ཁྱད་ཆོས་དུ་མས་ཕྱུག་པའི་རྣམ་གླིང་ཤངས་པའི་ལྷ་མོས་བོད་ལྗོངས་ཀྱི་ལྷ་མོའི་ཟློས་གར་ཁྲོད་གལ་ཆེའི་གནས་བབ་ཞིག་བཟུང་ཡོད་པས། བོད་ཀྱི་ལྷ་མོའི་ཟློས་གར་གྱི་བསྡུས་གཟུགས་ཤིག་ཡིན། དེ་ནི་གཞིས་ཀ་རྩེ་ས་གནས་ཀྱི་ཕུལ་བྱུང་ལྷ་མོའི་ཟློས་གར་གྱི་རིག་གནས་དང་། གནའ་བོའི་གཞིས་ཀ་རྩེའི་ཤུལ་བཞག་གླུ་གར་ཞིག་ཀྱང་ཡིན། རྣམ་གླིང་ཤངས་པའི་ལྷ་མོར་ངེས་པ་རྙེད་ཅིང་། མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བར་གལ་ཆེའི་རིན་ཐང་ལྡན་པ་གཤམ་གསལ། ༡ རིག་གཞུང་གི་རིན་ཐང་།  ལྷ་མོའི་ཟློས་གར་གྱི་བསྡུས་གཟུགས་ལྟ་བུའི་རྣམ་གླིང་ཤངས་པའི་ལྷ་མོར་མྱུར་སྐྱོབ་དང་སྲུང་སྐྱོབ་བཅས་བྱེད་པའི་ངོས་ནས་བཤད་ན། དེས་བོད་ཀྱི་ལྷ་མོའི་ཟློས་གར་ཧྲིལ་པོ་དར་སྤེལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་ཐུབ་ཅིང་། དེའི་ཕུན་སུམ་ཚོགས་པའི་ནང་དོན་དང་། རྩ་བའི་ཁྱད་ཆོས། རྒྱུད་འཛིན་གྱི་ལོ་རྒྱུས་བཅས་ཀྲུང་གོའི་ཟློས་གར་གཞན་གྱི་ཁྲོད་དུ་མཐོང་རྒྱུ་དཀོན་པ་དང་། ཀྲུང་གོའི་ཟློས་གར་ལོ་རྒྱུས་འཐུས་ཚང་དང་གྲ་རྒྱས་སུ་གཏོང་བ་མ་ཟད། དེ་བཞིན་འཛམ་གླིང་ཟློས་གར་ལོ་རྒྱུས་ཀྱང་འཐུས་ཚང་གྲ་རྒྱས་སུ་གཏོང་བར་ཡར་སྐུལ་གྱི་ནུས་པ་ངེས་ཅན་ཞིག་ཐོན་ཡོད་དོ། ། ༢ བེད་སྤྱོད་ཀྱི་རིན་ཐང་།  རྣམ་གླིང་ཤངས་པའི་ལྷ་མོ་མྱུར་སྐྱོབ་དང་སྲུང་སྐྱོབ་བཅས་བྱེད་པས། བོད་ལྗོངས་ཀྱི་ས་ཁུལ་ཁག་ལ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་དང་བྱང་ཚད་མཐོར་འདེགས་བྱེད་པ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ།
རྩོམ་སྒྲིག་པ། སྣང་རྡོར།