དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

རྒྱན་གོས་དང་ཆ་ལུགས།

སྤེལ་དུས 2020-07-06 ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ལུག་ཆེན་གྱི་པགས་པ་ལ་ལུག་ལྤགས་དང་། ལུ་གུའི་པགས་པ་ལ་ཚར་བུ་ཟེར།  འབྲོག་མི་ལ་པགས་ཚར་མཉེད་ཐབས་མང་ཡང་སྤྱིར་བཏང་དུ།  ཐོག་མར་པགས་པའི་ནང་ཤ་བཞར་དགོས་པ་དང་།  དེ་ནས་ཕྱུགས་ཟོག་གི་ཀླད་པ་དང་མར་ཁུ་ཞོ་སྐྱུར་སོགས་བསྐུས་ནས་ཉིན་འགར་པགས་ཤུན་སོབ་མོ་བྱས་རྗེས་གཞི་ན་ལག་མཉེད་བྱེད་དགོས།  ལག་ཆ་ལ།  པགས་ཤད་ཟེར་བའི་ཤིང་སག་སོ་ཅན་ཞིག་མ་གཏོགས་ཅི་ཡང་མི་དགོས།  མཉེད་འཇམ་ཚེ།  འོ་ཆུ་དར་ཁུ་སོགས་ཀྱིས་བཀྲུས་ནས་དཀར་སེང་སེང་བྱེད། 
         ཟོག་གི་ཀོ་ནི་འབྲོག་མིའི་མཁོ་ཆས་གལ་ཆེ་ཤོས་ཤིག་རེད།  ཟོག་ཀོ་ཕལ་ཆེར་ཐོག་མར་ཤ་སྤུ་གཉིས་བཞར་གྲི་ཟེར་བས་ལེགས་པར་བཞར་དགོས།  དེ་ནས་སྣུམ་དང་ཚྭ་ཁུ་བསྐུས་ཏེ་ལག་མཉེད་དང་རྐང་མཉེད་ཀྱིས་མཉེད་འགྲུབ་པར་བྱེད་དགོས།  ལག་ཆ་གང་ཡང་མི་དགོས།  བྱེད་ཐབས་སླ་ཡང་མཉེད་ཚེགས་ཆེན་པོ་ཕུད་དགོས།  བེའུ་ཀོ་དང་ཡར་ཀོའི་མཉེད་ཐབས་ཕལ་ཆེར་ལུག་ལྤགས་དང་འདྲ།  ཚང་མ་འབྲོག་མི་རང་གིས་ལག་ལས་བྱེད་རྒྱུ་རེད།  ཟོག་ཀོ་དང་ལུག་ལྤགས་འཇམ་ལ་མདོག་ཡག་ན།  མཉེད་པ་བཟང་ཟེར། 
         གཅིག  པགས་རྩག 

         བོད་འབྲོག་སྐྱེས་ཕོ་མོ་རྒན་གཞོན་སུ་ཡིན་ཡང་ལུག་ལྤགས་ཀྱི་བཟོས་པའི་པགས་རྩག་རེ་མེད་ཐབས་མེད།  པགས་རྩག་ནི་ཁྱད་པར་དུ་དགུན་ཁའི་གོས་གཅིག་ཐུབ་ཡིན།  པགས་རྩག་ཚད་ལྡན་ཞིག་བཟོ་རྒྱུ་ལ་ལུག་ཆེན་གྱི་པགས་པ་བརྒྱད་རེ་ཡོད་དགོས།  མ་མོའི་པགས་པ་ཡིན་ན།  མ་མོའི་གྱ་རྩག་ཟེར་ན་རིན་ཐང་ཆེ་བར་བརྩི་སྲིད།  རྒྱུ་མཚན་ནི།  སྤུ་སྲབ་མཐུག་མཉམ་ཞིང་མཉེད་ཡག་པ་ཡོང་ཐུབ་པས་རེད།  ཕོ་རྩག་ཡིན་ན།  ཁོག་མ་དང་ཕུ་ཐུང་རིང་དགོས།  ཆ་ཆེ་ལ་གོང་བ་མཐོ་དགོས།  བཟོ་སྐུད་ལ་བལ་སྐུད་དགོས།  རྩག་ཞོལ་ནི་པགས་སྐྱི་ཉིས་ཤན་དང་རྩག་སྲིབ་ཚང་མར་པགས་སྐྱིའི་སྲུབས་ཟན་ཡོད་དགོས།  ཞོལ་ཤན་ནག་པོ་དང་གོང་བ་ལ་གཟིག་ལྤགས་ཀྱིས་བརྒྱན་སྲོལ་ཡོད།  གོང་ཁ་དང་ཕུར་ཁ་ཚར་དཀར་གྱིས་ཕྱེ།  ས་ཆ་ལ་ལར་ལྤགས་སྐྱིས་ཟེ་ཁེབས་པ་ཏྲ་ཅན་བཟོ་སྟངས་ཡོད།  ཡུལ་སྡེ་སོ་སོའི་རྒྱན་སྲོལ་ལ་མི་འདྲ་ས་ཡོད་པས།  ཞོལ་ཤན་དང་གོང་ཤན་གྱི་མདོག་མང་ཉུང་ཡང་མི་འདྲའོ།།
པགས་རྩག་གི་རྩག་ཆ་ཆེ་ན་དྲོད་ཆེ་བ་དང་།  རྩག་ཁོག་རིང་ན་ཐང་ལ་དཀྱིལ་ཀྲུང་དུ་འདུག་པའམ་རྟ་བཞོན་ན་པུས་མོ་དྲོ་བས་ཉིན་གོས་དང་ཉལ་གོས་གཅིག་ལྕོགས་བྱེད་ཐུབ། ཕུ་ཐུང་རིང་ན་རྟ་བཞོན་ཚེ་ལག་མགོ་ཕྱི་ཕུད་མི་དགོས་ལ།  ཕན་ཚུན་བར་ལ་ཉོ་ཚོང་བྱེད་ཚེ་ཕུ་ཐུང་ནང་ནས་ཕན་ཚུན་གྱི་མཛུབ་མོ་འཐེན་ན་གྲངས་ཀ་བཤད་མི་དགོས་པར་གསང་བའི་ཐབས་ཀྱིས་ཚོང་ཐག་གཅོད་ཐུབ།  གོང་བ་མཐོ་ན་སྐེ་དང་འགྲམ་པ་འཁོབ་ནས་འཁྱགས་མི་ཐུབ། དེ་དུས་ལག་ཤུབས་དང་སྐེ་དཀྲིས་ཟེར་བ་མེད་ལ།  དགོས་དོན་ཡང་མེད།  གོང་ཁ་ལ་གཟིག་ལྤགས་འཇོག་སྲོལ་ནི།  གནའ་མིའི་གཏམ་དཔེ་ལ།  ཤོམ་ཆེན་ཕུ་རུང་རིང་དགོས།  སྒེ་སྒེའི་གོས་ཀྱི་གོང་བ་མཐོ་དགོས་ཟེར་ནས་གོ་ཉིས་ཆོད་དུ་བརྩི།  སྔོན་ཆད་བོད་དམག་དཔང་རྟག་ཅན་ལ་དཔའ་ལས་ཀྱི་བྱས་རྗེས་ཆེ་ཆུང་ལྟར་སྟག་ལྤགས་དང་གཟིག་ལྤགས་ཀྱི་ཐོབ་རྒྱན་སྤྲོད་སྲོལ་ཡོད་པ་དེ་རྗེས་སུ་གོས་རྒྱན་བྱེད་པའི་སྲོལ་དུ་ཆགས་པར་བཤད། 
         གཉིས།  རྒྱན་ཆ།
         འབྲོག་པའི་སྐྱེས་ཕོ་མོའི་རྒྱན་ཆ་ལ།  གསེར་རྣ་དང་གཡུ་རྣ།  གསེར་ཐག་དང་དངུལ་ཐག  གཡུ་བྱུར་སྤོས་ཤེལ་གྱི་སྐེ་རྒྱན་དང་མགུལ་རྒྱན།  མགོ་སྤོས་མཆོང་དང་རལ་ཆ།  སྐེད་ཆབ་དང་གློ་གཟུར།  མཛུབ་དཀྲིས་བ་སོའི་མཐེབ་སྒོར།  གཟི་ཁྲ་སོགས་རིན་ཐང་ཆེ་བའི་རྒྱན་ཆ་ཡོད་ས་མང་ལ།  དེའི་ནང་ནས།  བོད་ཐོན་གཟི་ཁྲ་ནི་རིན་ཐང་ཆེས་ཆེ་བར་བརྩི།  གཟི་ལ་མིག་མང་ཉུང་དང་རི་མོ་མི་འདྲ་བ་མང་ཡང་།  རྒྱུ་ཆ་ཡང་རིན་པོ་ཆེ་ཡིན་པར་གྲགས།  སྐྱེས་པ་ལ་གའུ་ཆེ་ཆུང་དང་།  གློ་གྲི་རིང་ཐུང་བེད་སྤྱོད་དང་རྒྱན་ཆ་གཉིས་གོ་ཆོད་པར་བརྩི། 

         གསུམ།  ཚར་རྩག་དང་ཚར་ཞྭ། 
         ཚར་རྩག་དང་ཚར་ཞྭ་གཉིས་ཀ་ལུ་གུ་ཆུང་ཆུང་གི་པགས་ཚར་གྱིས་བཟོ་གྲུབ་བྱས་པ་རེད།  ཚར་རྩག་ལ་རས་གོས་གོང་འཛོམས་ཀྱི་ཕྱི་གཡོག་སྤྲད་ཡོད།  བཟོ་སྟངས་ཕལ་ཆེར་འདྲ།  ཚར་རྩག་ཆེ་བ་གཅིག་ལ་ཚར་ལྤགས་སུམ་བཅུ་བཞི་བཅུ་ཡས་མས་དགོས། ཚར་ཞྭ་བཟོ་སྟངས་མི་འདྲ་བ་མང་ཡང་།  གང་ལྟར་ཞྭ་མོའི་ནང་མཐའ་ཚར་དཀར་གྱིས་བརྒྱན་པ་ལ་ཚར་ཞྭ་ཟེར།  དེ་ནི་ཕལ་ཆེར་བུད་མེད་ཀྱི་རྒྱུན་ཞྭ་ཡིན་ལ།  ཤོམ་ཞྭ་དང་འཕུར་ཞྭ་ཟེར་བའི་བཟོ་སྟངས་ཀྱང་ཡོད།  འཕུར་ཞྭ་ནི་སྔོན་ཆད་བོད་རྒྱལ་འུ་དུམ་བཙན་གྱི་རིང་ནས་དར་བར་གྲགས། 

         བཞི།  རྒྱུན་གོས། 
         འབྲོག་སྡེ་སོ་སོའི་ས་ཆའི་ཐོན་སྐྱེད་བྱེད་སྟངས་དང་གོམས་གཤིས།  འབྲོག་ཁྱིམ་རང་གི་འབྱོར་བ་ཆེ་ཆུང་། རང་སྒོ་ན་ཡོད་པའི་ཕྱུགས་ཚན་དང་ལས་ཀ་གང་ལས་པར་སྟབས་བདེ་མིན་སོགས་ཀྱི་དགོས་མཁོ་དང་།  ཆ་རྐྱེན་འགྲིག་མིན་བཅས་ལ་བསྟུན་རྒྱུན་གོས་ཀྱི་རྒྱུ་ཆ་ནི་ལུག་ལྤགས་དང་ཟོག་ནག་བེའུ་ཡར་གྱི་པགས་པ་ཡིན།  མོ་གོས་ཕལ་ཆེར་ཕུ་ཐུང་ཕྲ་ཞིང་ཐུང་ལ་སྟོད་ཆ་ཆེ་བ་རེད།  དེའི་རྒྱུ་མཚན་ནི།  བུ་མོ་དང་མ་སྲུ་སུ་ཡིན་ཡང་རྒྱུན་དུ་དཀར་ལས་དང་ཐབ་ལ་བྱེད་པར་སྟབས་བདེ་ལ།  བུ་ཕྲུག་ཆུང་དུས་རྒྱུན་པར་རུམ་དང་རོ་སྟོད་དུ་པང་དགོས་པའི་ཆེད་རེད།  རྒན་པ་ལ་ལུ་གུ་ལོ་གཅིག་ཅན་གྱི་པགས་པས་གོས་བཟོས་ན།  ཤ་སྲབ་ལ་སྤུ་འཇམ་ཞིང་ཡང་བའི་གོས་ཟེར།  དེ་དག་ཕལ་ཆེར་དགུན་གོས་ཡིན། 

         ལྔ།  ལྷམ། 
         ལྷམ་བཟོ་བ་ལ་དབྱར་ལྷམ་དང་དགུན་ལྷམ་གྱི་ཁྱད་པར་རེ་ཡོད་ཀྱང་། ལྷམ་ཡུ་ཕྲུག་གམ་སྣམ་བུ་མ་གཏོགས་རྒྱུ་ཆ་ཚང་མ་ཟོག་གི་ཀོ་ལྤགས་ཡིན།  ལྷམ་བཟོ་སྟངས་ལ་ལྷམ་འགྲམ།  ལྷམ་ཡུ།  སུམ་ཁྲ་དང་བཞི་ཁྲ་སོགས་མི་འདྲ་ཡང་།  ལྷམ་མཐིལ་སོགས་ལ་སྲབ་མཐུག་གི་ཁྱད་པར་ཙམ་མ་གཏོགས་ཚང་མ་ཟོག་གི་ཀོ་ལྤགས་ཏེ་ཟོག་གི་རྩ་རྒྱུས་བསྒྲིམ་པའི་རྒྱུས་སྐུད་ཀྱིས་བཟོས་པ་རེད།  ལྷམ་མཐིལ་དུ་རྩྭ་བརྫངས་ནས་དྲོན་པོ་བཟོ་བ་ལ་ལྷམ་ཚང་ཟེར།  ལྷམ་སྒྲོག་ནི་བལ་གྱིས་བཏགས་པའི་ཐུ་གུ་ལག་ལ་འཇམ་ཞིང་མདུད་པ་ཞིག་མི་སླ་བ་དེ་ཡིན།  ཕྱུགས་རྫིའི་ལྷམ་མཐིལ་རལ་སླ་སྟབས།  འཕྲལ་དུ་རྩིད་སྐུད་ཀྱིས་བསྟར་ཞིང་།  ཡང་ན་མཐིལ་ཀླན་བརྒྱབ་སྟེ་སྐབས་རེར་རྟེན་ཐབས་བྱེད་ཆོག 

རྩོམ་སྒྲིག་པ། སྣང་རྡོར།