མོག་མོག་རིགས་བཟོ་ཐབས།
སྤེལ་དུས 2018-04-03
ཡོང་ཁུངས། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།
རྩོམ་པ་པོ། རྡོ་རྗེས་བསྒྲིགས།
ཟོག་ཤ་དང་མར་ཕྱུར་ཕོ་ལོག
མོག་མོག་ལ་ཐ་སྙད་སྣ་ཚོགས་ཡོད་དེ། ལྷ་སའི་ཕྱོགས་སུ་མོག་མོག་དང་། ཨ་མདོའི་ཕྱོགས་སུ་ཚོད་མ་དང་། ཁམས་མི་ཉག་ཕྱོགས་སུ་ཕོ་ལོག་ཟེར།
ཤ་མོག་མོག་ནི། ཟོག་ཤ་གསར་བ་དང་ཟོག་ཚིལ་རྙིད་པ། ཡང་ན་སྐམ་པོ་མཉམ་དུ་གཙབས་པར་བྲོ་རྫས་ཚྭ་དང་། གཡེར་མ། ཙོང་བཅས་བླུགས་ཏེ་སྙོམ་པར་དཀྲུག ། དེ་ནས་གྲོ་ཕྱེ་བརྫིས་པ་ཅུང་ཟད་བསྙལ་བའི་རྗེན་ལེབ་ཏུ་བཏུམས་ནས་བཅོས་པ་རླངས་བཙོ་བྱས་ནས་གྲུབ་པོ། ། ཤ་མོག་ཁུ་བ་ཅན་ནི། ནང་རྫོང་གོང་ལྟར་ལ་ཁུ་བ་མང་ཐབས་སུ་ཆུ་མང་ཙམ་བླུགས་ནས་སྐྱོ་མ་ལྟ་བུ་བྱ། སྣུམ་ཆེ་བའི་ཐབས་ཚིལ་མང་ཙམ་གཏུབ། གྲོ་ཕྱེས་ཆུ་མི་འཐུང་བའི་ཐབས་བཙགས་གྲོ་སྤུས་ལེགས་ཆུ་ཚ་པོས་སྣུར་ཤ་ཆོད་པར་བརྫིས་པའི་ཕྱེ་ལེབ་སྲབ་མོ་བྱ། མོག་མོག་གི་ནང་དུ་རླངས་བཙོ་བྱེད་སྐབས་རླངས་ཆུ་འབབ་ཐབས་སུ་མོག་མོག་ཁུག་མ་ཁ་མ་བསུབས་པ་ལྟ་བུའི་བར་སྟོང་བཞག་ནས་རླངས་བཙོ་བྱ་བ་སྟེ། ཤ་མོག་སྔ་མའི་གྲོ་ཕྱེ་འབོལ་རྫས་ཀྱི་ཆུས་བརྫིས་པའམ་སྐྱུར་ཕབ་ནས་བསྙལ་བ་སོགས་ཀྱིས་འབོལ་ཐབས་བྱ་ལ། ཤ་མོག་ཁུ་བ་ཅན་ནི་དེ་ལས་ལྡོག་པའོ། །
རི་སྒོག་ཚོད་མོག་ནི། བོད་དུ་རི་སྐྱེས་ཀྱི་སྒོག་པ་རིགས་མང་སྟེ། དཔེར་ན། བྲག་ཏུ་སྐྱེས་པའི་བྲག་ཙོང་དང་། ཆུ་ཁར་སྐྱེས་པའི་ཆུ་སྒོག ། སྤང་དུ་སྐྱེས་པའི་ཆབ་ཟླ། རི་སུལ་རུ་སྐྱེས་པའི་རྒྱ་བ་དང་དམར་ལི། རྫ་ལ་སྐྱེས་པའི་རྫ་རུབ། ནགས་སུ་སྐྱེས་པའི་ནགས་རུབ་སོགས་ཀྱི་རྣམ་གྲངས་མང་པོ་ཡོད་པ་ལས། རྒྱ་བ་དང་ཆུ་སྒོག་གཉིས་རོ་ཁ་བས་མོག་མོག་བཟོ་བའི་རྒྱུར་མི་འོས་པ་ཙམ་ལས་གཞན་ཐམས་ཅད་ཀྱིས་བཟོ་འོས་ཤིང་། འདི་དག་ལས་མོག་མོག་བཟོ་བའི་རྒྱུ་མཆོག་ཏུ་གྱུར་པར་བཀྲུས་པའི་རྩ་བ་དང་རྩེ་མོ་ཅུང་ཟད་རེ་དོར་བའི་ལྷག་མའི་ནང་དང་པོ་ཚྭ་བླུགས་ནས་འཕུར། དེ་ནས་མར་གསར་དང་རྩམ་པ་ཅུང་ཟད་བླུགས་ནས་འཕུར་རྗེས་ཚོད་མའི་ནང་རྫོང་གི་ཚད་ཀྱི་རིལ་བུ་བཟོས་པ་དེ་ཕྱེ་ལེབ་འབོལ་རྫས་ཅན་གྱི་ནང་དུ་བཏུམས་ནས་རླངས་བཙོ་བྱས་པས་གྲུབ་ལ། གོང་གི་ནང་རྫོང་བཟོ་ཐབས་ཀྱིས་བཟོས་པའི་རི་སྒོག་ཀེའུས་གོ་རེ་བག་བཀང་བཟོ་ནའང་བྲོ་བ་ཧ་ཅང་ཞིམ་པོ་ཡོད་དོ། ། སྒོག་ཤའི་ཚོད་མོག་ནི། བཟོ་ཐབས་ལ། རི་སྒོག་བཀྲུ་འཕུར་གཏུབ་གསུམ་གོང་ལྟར་ལ། ཟོག་ཤ་དང་ཚིལ་ཞིབ་གཏུབ་བྱས་པར་བྲོ་རྫས་གང་འདོད་བསྲེས་པ་ནང་རྫོང་བྱས་པ་དེས་མོག་མོག་དང་བག་བཀང་གང་ཡང་བཟོ་ཆོག་པ་ཞིག་ཡིན། ལོ་སྐྱུར་གྱི་མོག་མོག་ནི། ལོ་སྐྱུར་སྐམ་རློན་གང་ཡུང་རུང་སྟེ། སྐམ་པོ་ཡིན་ན་ཧྲོབ་ཙམ་བརྡུང་། རློན་པ་ཡིན་ན་ཞིབ་ཙམ་གཙབས་པའི་ནང་བྲོ་རྫས་ཚྭ་དང་། ཅོང་། གཡེར་མ་བླུག ། ཕག་ཤ་ཚོ་སྐམ་པོ་ཞིབ་གཏུབ་བྱས་པ་དང་། ཡང་ན་ཟོག་ཤ་ཚོན་པོ་ཞིབ་གཏུབ་བྱས་པ་བསྲེས་ཏེ་ནང་རྫོང་དུ་བཅུག་ནས་རླངས་བཙོ་བྱས་པ་ནི་ལོ་སྐྱུར་མོག་མོག་སྟེ་ཁམས་རྟའུ་ཕྱོགས་སུ་དར་ལ། བཟོ་ཐབས་གོང་ལྟར་ལས་བག་བཀང་བཅས་ནས་ལྕི་བའི་མེ་ཐལ་དུ་བསྲེག་པ་ནི་བྲོ་བ་ཁྱད་པར་ཅན་ཞིག་སྟེ། ཁམས་ཕྱོགས་ཀྱི་རོང་འབྲོག་གི་ས་ཆ་དུ་མར་ཁྱབ་པ་ཞིག་གོ ། རྒྱ་གྲོ་མའི་མོག་མོག་ནི། རྒྱ་གྲོ་མ་ལེགས་པར་བཀྲུས་པ་དེ་ཞིབ་ཏུ་གཏུབ། ཡང་སྐྱར་ཆུ་གྲང་གི་ནང་དུ་ཆུ་བཤལ་ལན་གཅིག་བྱས་ཏེ་རྒྱ་གྲོར་ཡོད་པའི་འབྱར་ཁུ་དོར། དེ་ནས་ཟོག་ཤ་དང་ཕག་ཤ་གང་རུང་གི་ཤ་ཚིལ་འདྲེས་མ་དང་མཉམ་གཙབས་བྱས་པར་ཚྭ་དང་གཡེར་མ་ཙམ་བླུགས་ཏེ་མོག་མོག་བཅས་ནས་རླངས་བཙོ་བྱས་ནས་གྲུབ་པོ། མར་བརྫིས་རྒྱ་གྲོ་མའི་མོག་མོག་ནི། རྒྱ་གྲོ་མ་ཆེ་རིགས་བཀྲུས་ནས་བཙོ། ཚོས་ཟིན་པ་དང་ཐབ་ལས་བླངས་ཏེ་ཤུན་པ་བཤུས་པ་དེར་གཞོང་པའི་ནང་མར་གསར་དང་། ཚྭ། ཙོང་ཞིབ་གཏུབ་བྱས་པ་བཅས་བླུགས་ཏེ་བརྫིས་པ་དེས་མོག་མོག་བཟོ་བ་དང་། བག་བཀང་བཟོ་ཡང་རུང་སྟེ། མོག་མོག་དང་བག་བཀང་གང་ཡང་མ་བཟོས་ནས་རྒྱ་གྲོ་བརྫིས་མ་སྤགས་ལྟར་ཟ་ཡང་རུང་ངོ་། ། མི་ཉག་ཕོ་ལོག་ནི། འདི་ལ་རིགས་གཉིས་ཏེ། མར་བརྫིས་ཕོ་ལོག་དང་སྐྱུར་ལོག་གོ ། མར་བརྫིས་ཕོ་ལོག་བཟོ་བར་རྩམ་གསར་རྩིང་པོ་མར་གསར་རྗེན་པས་བརྫིས་པའི་ནང་ཕྱེ་མ་ཀ་ར་དང་སྟར་གའི་ནང་སྙིང་བསྲེས་མ་ཆུར་བཙོས་པ་དེ་ཡིན།
སྐྱུར་ལོག་གི་ཕོ་ལོག་ནི། མར་གསར་ཞུ་ཙམ་བཞུས་པའི་ནང་སྐྱུར་ལོག་གཙབས་མ་དང་ཕྱེ་མ་ཀ་ར་བསྲེ་དཀྲུག་བྱས་པ་ནང་རྫོང་བྱས་ནས་མོག་མོག་གི་དབྱིབས་སུ་བཅས་ཏེ་ཆུར་བཙོ་བ་ཡིན་ལ། ཕོ་ལོག་འདི་གཉིས་ཀྱི་ནང་རྫོང་མར་དང་མར་ཁུ་ཡིན་པས་ཕྱེ་ལེབ་བཟོ་བའི་གྲོ་ཕྱེའི་ནང་འབོལ་རྫས་མང་མི་ཉན་པ་དང་། མར་གྱི་ཕོ་ལོག་བཟོ་བའི་རྒྱུ་མར་རྗེན་པ་ལས་བཟོ་དགོས་པ་དང་། འདི་གཉིས་ཀ་ཆུར་བཙོ་བ་ལས་རླངས་བཙོ་བྱེད་ན་མར་རྗེན་ཕྱིར་འཇིབ་པ་དང་སྐྱུར་ལོག་གི་ཕྱིའི་ཕྱེ་ལེབ་གས་འོང་བ་ཡིན། གོང་གི་ཕོ་ལོག་རིགས་གཉིས་ནི། ཁམས་མི་ཉག་ཕྱོགས་སུ་དར་བའི་ཟས་རིགས་ཤིག་ཡིན་ཕྱིན་མི་ཉག་ཕོ་ལོག་ཅེས་ཟེར་ཏེ། ཤ་མི་ཟ་བའི་དགེ་འདུན་པ་སོགས་ལ་དྲང་བྱའི་ཟས་རིགས་བཅུད་ཅན་ཞིག་ཡིན། ། དཀར་ཡོལ་ཚོད་མོག་ནི། གོང་དུ་བཤད་ཟིན་པའི་ཤ་མོག་གི་ནང་རྫོང་དཀར་ཡོལ་དུ་བླུགས་ནས་རླངས་བཙོ་བྱེད་པ་ཞིག་སྟེ། ཟ་མཁན་མི་གྲངས་དང་མཚུངས་པའི་དཀར་ཡོལ་གྱི་ནང་དུ་བཙོས་ཟིན་པའི་དཀར་ཡོལ་ཚོད་མོག་དེ་མོག་ཕྲུ་ལས་བླངས་མ་ཐག་ཏུ། ལོགས་སུ་བཟོས་པའི་གོ་རེ་བཙོས་མའམ་བསྲེགས་མ་གང་རུང་གི་སྤོད་བྱས་ནས་ཟ་བའི་མོག་མོག་གཞན་ལས་ཁྱད་པར་ཅན་ཞིག་ཡིན་ལ། ཤ་མོག་གི་ནང་རྫོང་དུ་ཆུ་མང་ཙམ་བླུགས་ན་ཁུ་བ་འཐུང་རྒྱུ་ཡོད་པས་སྤོད་དེ་ལས་ཞིམ་པ་ཞིག་གོ ། མཐུན་སྒྲིལ་མོག་རྒན་མ་ནི། ཚོད་མོག་གི་ནང་རྫོང་གང་འདོད་ཚད་ལྡན་དུ་བྱ། དེ་ནས་གྲོ་ཕྱེ་ལེགས་པར་བརྫིས་ཏེ་མོག་ཕྲུའི་རྩེག་གཅིག་ཧ་ལམ་གང་བའི་ཚད་ཀྱི་ཕྱེ་ལེབ་ཆེན་པོའི་ནང་ཚོད་མོག་གི་ནང་རྫོང་བཅུག་སྟེ་དབྱིབས་ལེགས་པར་བཅས་ནས་རླངས་བཙོ་བྱ། ཚོས་ཟིན་པ་དང་མོག་ཕྲུའི་རྩེག་དང་བཅས་མདུན་ཅོག་ཏུ་བཞག་ནས་མི་ཚང་མས་ཟ་ཐུར་དང་ཁེམ་བུས་མཉམ་ཟ་བྱེད་པ་ཞིག་ཡིན་ཕྱིན་མཐུན་སྒྲིལ་ཚོད་མོག་ཅེས་པའི་ཐ་སྙད་བཏགས་པ་དང་། མོག་མོག་གི་རིགས་ཧ་ཅང་ཆེ་བ་ཞིག་ཡིན་པའི་ཆ་ནས་མོག་རྒན་མ་ཞེས་འབོད་དེ། སྲོལ་འདི་ཁམས་འབའ་ཐང་དུ་དར་ཞིང་། དུས་ཆེན་དང་སྟོན་མོ་སོགས་ཀྱི་སྐབས་མཐུན་སྒྲིལ་མོག་མོག་བཟོ་བར་དབྱིབས་པད་འདབ་ལྟ་བུའི་སྟེང་བཀྲ་ཤིས་རྟགས་མཚན་གྱི་རི་མོ་དང་ཡི་གེ་སོགས་ཀྱང་བཀོད་ཡོད་དོ། །