ཁྱོད་ཀྱིས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་ལྔ་བོ་ཤེས་སམ།
སྤེལ་དུས 2018-04-11
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། ཚེ་རིང་གིས་བསྒྱུར།
མི་ནི་ཟས་ལ་བརྟེན་དགོས་ལ་བརྟེན་ཀྱང་ཡོད་པ་རེད། ཟས་ཟ་མཁན་སུ་ཞིག་ལ་ཆ་མཚོན་ནའང་། མི་ཚེ་འདིར་ཁ་ཟས་ཞིམ་པོ་དང་བཟང་བོ། ཡག་པོ་ཞིག་ཟ་རྒྱུ་ནི་མི་རང་ཉིད་ཀྱི་བདེ་སྐྱིད་དང་གཟི་བརྗིད། ལ་རྒྱ་ཞིག་ཏུ་ནམ་ཀུན་བརྩི་བཞིན་ཡོད། ངས་དེ་རིང་འདི་ནས་ཁྱེད་ཅག་ལ་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་འགའ་ངོ་སྤྲོད་བྱེད་རྒྱུ་ཡིན།
༡ རྩམ་པ།
རྩམ་པ་ནི་བོད་མི་དམངས་ཆེས་དགའ་བའི་གཙོ་ཟས་ཀྱི་གྲས་ཤིག་ཡིན། རྩམ་པ་ནི་འབྲུ་སྣ་ལྔ་ལས་ནས་བརྔོས་ཏེ་འཐག་པའི་ཕྱེའི་རིགས་ཤིག་ཡིན། བོད་ཀྱི་དུད་ཁྱིམ་གང་ཞིག་ལ་མགྲོན་དུ་སོང་ན་ཡང་། ཁྱིམ་བདག་གི་ལག་ཟུང་གིས་ཁྱོད་ལ་ཞིམ་མངར་གྱི་འོ་ཇ་དང་སྦྲང་དཀར་རྩམ་པ། མར་ལོ་སེར་བོ། ཆུར་བ་སྣུམ་པོ། ཀ་ར་མངར་མོ་སོགས་རིམ་པ་བཞིན་ཁྱེར་འོང་། རྩམ་པ་ནི་འབྲུ་སྣ་ནས་བཀྲུས། ཉི་མར་སྐམ། བརྔོས་རྗེས་ཕྱེར་འཐག་པ་དང་། རྩམ་པ་ཟ་སྐབས་ཇ་དང་ཆུར་བ། ཀ་ར་སོགས་དཀར་ཡོལ་དུ་འོས་འཚམ་ཞིག་བཞག་རྗེས་ལག་པས་བརྫི་དགོས། བོད་ཟས་ཀྱི་གཙོ་བོ་རྩམ་པ་སྤྱོད་བདེ་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་དང་ཁྱེར་ན་ཧ་ཅང་སྟབས་བདེ་ཡིན། ནད་རིགས་མང་བོ་སྔོན་འགོག་བྱེད་པའི་ནུས་པ་ལྡན།
༢ ཞོ།
བོད་ལྗོངས་སུ་ཆེས་བཟང་བོའི་ཞོ་ནི་ནག་ཆུའི་ཞོ་ཡིན་པར་གྲགས་ལ། དེ་ནི་ནོར་ནག་མང་ལ་རྩྭ་ཆུ་འཛོམས་པའི་གནས་མཆོག་ཅིག་ཡིན། ལྷ་ས་གྲོང་ཁྱེར་དུ་བསྐྱོད་སྐབས། ཞོ་རྒྱག་སའི་གནས་ཀྱང་རེ་འགའ་ཡོད། དེ་དག་གི་ཞོ་ནི་ས་གནས་མང་ཚོགས་ཀྱི་ལག་རྩལ་ལ་བརྟེན་ནས་ཐོན་པ་ཡིན། ཁ་ལ་འཇམ་ལ་ཁོག་ལ་བདེ། ཡུན་རིང་འགོར་ན་སྐྱུར་མོར་ཆགས་འགྲོ། གསོ་རིག་གི་ཐད་ནས་ལུས་ཕུང་གསོ་བར་ནུས་པ་བླ་ལྷག་ཏུ་ལྡན།
༣ དཀྲུགས་ཇ།
དཀྲུགས་ཇ་ནི་ཀྲུང་གོའི་བོད་ལྗོངས་ཀྱི་བཏུང་བ་ཁྱད་པར་བ་ཞིག་ཡིན། ཕལ་ཆེར་གཙོ་ཟས་རྩམ་པ་དང་ལྷན་དུ་སྤྱོད་པར་མ་ཟད། ཟོས་ན་ཁར་ཞིམ། སྐོམ་སེལ་ལ་ཀླད་ཤུགས་གསོ། ལུས་སྟོབས་སྩོལ། བཏུང་བ་འདི་ནི་མར་དང་ཇ་མངར་མོ་ལས་སྣོན་བྱས་ནས་གྲུབ། མར་མང་ཉུང་རན་པ་ཞིག་ཟོ་རུ་འཕངས་རྗེས། ཚ་ཁུ་ཏོག་ཙམ་དང་སྐོལ་ཟིན་པའི་མངར་ཇ་དཀྲུགས་ཤིང་གི་ཡང་ཡང་བསྲུབས་ན། ད་གཟོད་མར་སེར་བོ་རིམ་བཞིན་ཇ་དང་ཚ་རུ་འཐིམས་ནས་དཀྲུགས་ཇ་འབྱུང་། བོད་དང་འདྲེས་མཚམས་ཀྱི་མི་རིགས་འགའ་ཤས་ཀྱིས་ཀྱང་དཀྲུགས་ཇ་འཐུང་བའི་གོམས་སྲོལ་ཡག་པོ་ཡོད་པ་རེད།
༤ ནས་ཆང་།
ནས་ཆང་ལ་བོད་སྐད་དུ་ཆང་ཟེར་ལ། མདོ་དབུས་མཐོ་སྒང་ནས་ཐོན་སྐྱེད་བྱས་པའི་འབྲུ་སྣ་གཙོ་བོ་ནས་ལ་བརྟེན་ནས་ལས་སྣོན་བྱས། ནས་ཆང་བསྙལ་བའི་ལག་རྩལ་དང་མི་རིགས་ཀྱི་རིག་གནས། ཡུལ་སྲོལ། བརྩེ་བ་དང་གཞི་གཅིག་བསྲེས་པའི་ནས་ཆང་ནི་བོད་མི་དམངས་ཀྱིས་རྒྱུན་པར་དུས་སྟོན་དང་གཉེན་སྟོན། བྱིས་པ་བཙའ་བ། གཉེན་ཉེ་བསུ་སྐྱེལ་སོགས་བྱེད་པའི་ཞི་རྒྱས་དབང་དྲག་གི་ལས་གང་ཞིག་སྒྲུབ་ནའང་ནས་ཆང་ནི་མེད་དུ་མི་རུང་ཞིང་ཐུན་མོང་མ་ཡིན་པའི་བཏུང་བའི་རིགས་ཤིག་ཡིན།
༥ ཤ་སྐམ།
ནོར་ནག་ནི་མདོ་དབུས་མཐོ་སྒང་དུ་འཚོ་བཞིན་པའི་འཁྱག་རོམ་ས་ཁུལ་དུ་གཏོགས་པའི་སྲོག་ཆགས་རིགས་ཤིག་ཡིན་པ་དང་། མཐོ་སྒང་གི་གཅེས་ནོར་ཡིན་པས། ཤའི་རིགས་མི་འདྲ་བས་ནད་རིགས་མི་འདྲ་བ་གསོ་ཐུབ། ཤ་ནི་བོད་མི་རིགས་ཀྱི་ཟས་རིགས་གཙོ་བོ་ཡིན་ལ། མཐོ་སྒང་ནས་འབག་བཙོག་གིས་མ་ལྷད་པའི་རྩྭ་ཆུ་ལ་བརྟེན་ནས་ཤ་ཤེད་རྒྱས་པའི་ནོར་ནག་གི་ཤ་དག་རྒྱུན་པར་རླུང་དང་ཉི་མར་བརྟེན་ནས་སྐམ་པ་དང་། དེ་ལྟར་སྐམ་པའི་ཤ་ནི་ཡངས་ལ་ཁ་ལ་ཞིམ། བྲོ་བ་ལྡན་ལ་ལུས་སྟོབས་རྒྱས། རྒན་གཞོན་དར་གསུམ་གྱིས་རིས་མེད་བརྟེན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁ་ཟས་གཙོ་བོ་ཞིག་ཀྱང་ཡིན། ལོ་སར་ལ་རོལ་བའི་དུས་སུ། ཤ་སྐམ་ཏོག་ཙམ་ཟོས་ན་དངོས་གནས་རོ་བཅུད་ཕུན་སུམ་ཚོགས་པར་མ་ཟད། མི་རྣམས་ལ་དགའ་སྤྲོ་དང་བདེ་སྣང་། འཛུམ་མདངས། སྟོབས་ཤུགས་སོགས་སྩོལ་གྱིན་ཡོད།
སྤྱིར་ན་བོད་ལྗོངས་སུ་འཛམ་གླིང་ཟས་རིགས་བང་མཛོད་ཁྲོད་དུ་རིན་ཐང་གཞལ་དུ་མེད་པའི་བཟའ་བཏུང་གི་རིག་གནས་ཕུན་སུམ་ཚོགས་མོད། གོང་གི་ཟས་རིགས་ལྔ་བོ་ནི་བོད་ལྗོངས་སུ་རྒྱུགས་ཆེ་བའི་ཟས་རིགས་ཀྱི་གྲས་ཡིན་ལ། བོད་མི་དམངས་ཀྱི་བསམ་བློ་དང་འཚོ་བ། ཡུལ་སྲོལ་དང་རིག་གནས་དང་འབྲལ་ཐབས་མེད་པའི་ཡབ་མེས་གོང་མ་རྣམས་ཀྱི་ཤུལ་བཞག་གི་ནོར་བུ་རྩ་ཆེན་ཞིག་ཀྱང་ཡིན་ནོ། །