ཞོ་ཡི་རིག་གནས།
སྤེལ་དུས 2018-10-12
ཡོང་ཁུངས། ཁམས་པ་དྲ་བ།
རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
སའི་གོ་ལའི་ཡང་རྩེར་གནས་པའི་མཚོ་བོད་མཐོ་སྒང་ནི་སྔར་ནས་ད་བར་རང་བྱུང་ཆ་རྐྱེན་ཞན་པའི་ཚད་དུ་འཇོག་གི་ཡོད་རུང་། དེ་གའི་མི་རྣམས་ནི་བློ་རིག་བཀྲ་ལ་ཁོག་རྒྱ་ཆེ་བ་དང་། དཔའ་སྟོབས་ལྡན་པ། ཐང་ཤ་དོད་པ། གཟི་མདངས་དང་ལྡན་པའི་ངང་འཛམ་གླིང་གི་ཡང་རྩེར་མི་རབས་ནས་མི་རབས་བརྒྱུད་ནས་འཚོ་བཞིན་ཡོད། ཡ་མཚན་གྱི་སྣང་ཚུལ་དེའི་རྒྱུ་དང་རྐྱེན་རྩ་འདེད་དགོས་བྱུང་ན། དཀར་ཆུའི་འཚོ་ཟས་དང་ཡང་སྒོས་ཞོའི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད།
མཚོ་བོད་ས་མཐོའི་མི་རྣམས་ཀྱིས་གདོད་མའི་འཚོ་བ་སྐྱེལ་སྟངས་སྒྱུར་ནས་ཡུན་རིང་མ་སོང་བར་རི་དྭགས་འདུལ་ཐབས་དང་འོ་མ་འཇོ་བའི་བློ་ཐབས་རྙེད་ཐུབ་པ་བྱུང་ཞིང་། རྒྱའི་ཆེས་སྔ་མོའི་ཡིག་ཚང་ནང་དུ་ཡང་བོད་རིགས་ཀྱིས་གཙོ་བོར་གྱུར་བའི་ནུབ་བྱང་མི་རིགས་རྣམས་ལ་ཆའང་ཞེས་འབོད་པའི་མཇུག་ཏུ་གནའ་བོའི་ཆའང་གི་མི་ཚོའི་ཟས་རིགས་གཙོ་བོ་ནི་རྩམ་པ་དང་། འོ་མ། ཆང་སོགས་ཡིན་ལུགས་འཁོད་པར་གཞིགས་ན། རང་རེའི་མེས་པོ་ཚོས་ཞོ་དང་། འོ་མ། མར་བཅས་ལོངས་སྤྱོད་བྱས་ནས་ལོ་རྒྱུས་ཧ་ཅང་རིང་པོ་སོང་ཡོད། ལྷག་དོན་དུ་སྒོ་ཟོག་སེམས་ཅན་མ་བྱུང་སྔོན་ནས་ས་མཐོའི་མི་ཚོས་རི་དྭགས་བཟུང་ནས་འོ་མ་བཞོས་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཡོད་ལ། ཐ་ན་དུས་རབས་བདུན་པ་ཙམ་ལ་བློན་པོ་མགར་སྟོང་བཙན་སོགས་ཀྱིས་རྒྱ་བཟའ་བོད་དུ་གདན་དྲངས་སྐབས་ཀྱི་སྐོར་ལ། ཕུང་པོ་རི་ལ་ཕྱག་ཕེབས། ལ་ལ་འཕྲེད་ལམ་བཅོས། རི་དྭགས་བཟུང་ནས་འོ་མ་བཞོས། དེ་ཡང་བློན་པོ་མ་བྱོན། ཞེས་པར་གཞིགས་ན། རྒྱ་བཟའ་ཀོང་ཇོ་བོད་དུ་གདན་དྲངས་པའི་ལམ་བར་དུའང་རི་དྭགས་བཟུང་ནས་འོ་མ་འཇོ་བ་དང་ཞིང་ཁ་བཏབ་པ་སོགས་ཀྱི་ལོ་རྒྱུས་དག་རྒྱ་བོད་ཡིག་ཚང་ནང་གསལ་བོར་འཁོད་ཡོད།
ཞོའི་བྱུང་བ།
འོ་མར་དབྱེ་ན་འབྲིའི་འོ་མ་དང་། མཛོ་མོའི་འོ་མ། བ་ཕྱུགས་ཀྱི་འོ་མ། ད་དུང་ར་མོ་དང་མ་མོའི་འོ་མ་བཅས་ཡོད། སྤྱིར་འོ་མའི་རིགས་སོ་སོར་དམིགས་བསལ་གྱི་དགེ་མཚན་ཡོད་པ་ཕུད། འོ་མའི་རིགས་གང་འདྲ་ཞིག་ཡིན་རུང་། ཞིམ་མངར་འཛོམས་ལ། རོ་བཅུད་ཆེ་བ། འཚོ་བཅུད་ཕུན་སུམ་ཚོགས་པ་བཅས་ཀྱི་བཏུང་བ་རྨད་དུ་བྱུང་བ་ཞིག་རེད།
སྤྱིར་འོ་མ་ལ་འབྲོག་པ་ཚོས་འོ་རློན་དང་། འོ་སྐྱ། དར་བ་གསུམ་དུ་ཕྱེ་ཡི་ཡོད། འོ་རློན་ནི་བཞོས་མ་ཐག་པའི་འོ་མ་འོ་སྤྲིས་དང་ལྡན་པ་དེ་ལ་ཟེར་བ་དང་། འོ་སྐྱའམ་འོ་ཤང་ནི་འོ་རློན་གྱི་ཁ་ནས་སྤྲིས་མ་བླངས་ཤུལ་དེ་ལ་ཟེར། དར་བ་ནི་འོ་སྤྲིས་དཀྲུགས་ནས་མར་དཀར་བླངས་ཤུལ་དེ་ལ་ཟེར། དར་བ་གདུས་ནས་ཆགས་པའི་ཕྱུར་བ་བཙགས་ཤུལ་གྱི་གཤེར་ཁུ་དེ་ལ་ཕྱུར་ཁུའམ་སྔོ་ཁུ་ཟེར། མི་རྣམས་ཀྱིས་འོ་མ་ཐད་ཀར་བསྐོལ་ནས་འཐུང་གི་ཡོད་ལ། ཇ་ལ་བླུགས་ནས་འོ་ཇ་བཟོ་བ་དང་ཇ་མངར་མོར་ཡང་བླུགས་སྲོལ་ཡོད། ཡང་འབྲས་ཐུག་སོགས་ལ་བླུགས་ནས་འོ་ཐུག་ཀྱང་བསྐོལ་སྲོལ་ཡོད། ལྷག་དོན་དུ་འོ་མར་ཆུ་ཁུའམ་ཆང་གི་སྐྱུར་རྩི་སྟེ་རུ་མ་བླུགས་ནས་བསྙལ་བའི་ཞོ་ནི་མིའི་ལུས་ཁམས་གསོ་བའི་བཏུང་བ་མཆོག་ཏུ་གྱུར་བ་ཞིག་ཡིན་པས་འབྲོག་ཕྲུག་འོ་མས་གསོས་འདྲ་ཞེས་པ་ཡང་འོ་མ་ལེགས་ཤོས་སུ་བརྩི་བའི་འབྲིའི་འོ་མས་གསོས་པའི་བྱིས་པ་རྣམས་ལག་གཏོང་མགྱོགས་ཤིང་ལུས་ཁམས་བཤང་ལ། རྣམ་རིག་དྭངས་པ། ལུས་ཚོ་ཞིང་གྲང་ངར་ཐེག་མཁན་ཤ་སྟག་ཡིན་པ་བསྟན་ཡོད། དེང་དུས་ཀྱི་འོ་ཕྱེ་ལ་ཡང་འབྲིའི་འོ་མས་བཟོས་པའི་འོ་ཕྱེ་ཡིན་ན་ཕྱུགས་རིགས་གཞན་གྱི་འོ་མས་བཟོས་པའི་འོ་ཕྱེ་ལས་གཙང་ཞིང་བཅུད་ཆེ་བ་ཡོད། ད་དུང་དར་བ་ལ་རུ་མ་བཏང་ནས་དར་ཞོ་བསྙལ་ཆོག་པ་དང་ཇ་ལའང་ལྡུག་ཆོག་པ་ཡིན། ལྷག་དོན་ཞོ་དཀྲོགས་ནས་སྙིང་པོ་མར་དཀར་འདོན་པའི་ལག་ཐབས་ནི་མཚོ་བོད་ས་མཐོའི་མེས་པོ་ཚོའི་བློ་གྲོས་ཀྱི་སྙིང་བཅུད་གནས་ས་ཞིག་ཡིན་ལ་འཚོ་བཅུད་ལེགས་ཤིང་གྲང་ངར་འགོག་པའི་ཇ་བསྲུབས་མའི་བཏུང་བའི་རྒྱུ་ཆ་གཙོ་བོ་ཞིག་ཀྱང་ཡིན།
ཞོའི་ཕན་ཡོན།
དང་ཐོག་དུག་སྦྱོང་གི་སྨན་ལ་ལྕུམ་དཀར་དང་སྦྱར་ནས་དར་བས་རྟ་བྱས་ན་བཏང་ན་ནུས་པ་མངོན་པར་ཐོན་པ་སོགས་ཀྱི་སྤྱོད་སྒོ་ཡོད་པར་མ་ཟད། ཕྱུར་ཁུ་ཞོ་ཕྱུགས་ལ་བླུད་ན་ཤ་ཤེད་རྒྱས་ཤིང་འོ་མ་མང་བ་དང་། གོས་ཀྱི་ཚིལ་དྲེག་འཁྲུད་ནའང་དག་ནུས་ཆེན་པོ་ཡོད། དེ་ཡང《རྒྱུད་བཞི》ལས་འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། སྣུམ་ལྕི་ཟུངས་འཕེལ་མདངས་སྐྱེད་རླུང་མཁྲིས་སེལ། རོ་ཙ་བད་ཀན་སྐྱེད་བསིལ་ལྕི་བ་ཡིན། བ་ཡི་འོ་མ་གློ་རྡོལ་གཅོང་ལ་ཕན། རིམས་རྙིང་གཅིན་སྙི་ཡིད་གཞུང་འཚོ་བྱེད་ཡིན། ར་ཡི་འོ་མས་དབུགས་མི་བདེ་བ་སེལ། ལུག་གི་འོ་མས་རླུང་འཇོམས་སྙིང་ལ་གནོད། རྟ་བོང་འོ་མས་བློ་སོགས་རྨོངས་པར་བྱེད། བཞོས་ཐོག་འོ་མ་དྲོ་མོ་བདུད་རྩིར་མཚུངས། ཞེས་དང་ད་དུང་འོ་མའི་སྙིང་པོ་བཏོན་པའི་ཞོ་སྐྱ་ཡིས། མ་སྙོམས་རིམས་ཆམ་འགྲམས་འཁྲུགས་འཁྲུ་བ་སེལ། ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། རྟུག་སྐེམ་རླུང་ཚད་སེལ་ཞིང་ཡི་ག་འབྱེད། དར་གསར་བསྐ་སྐྱུར་ཡང་ཞིང་མེ་དྲོད་སྐྱེད། ཆུ་ཁུས་རླུང་མཁྲིས་མི་སྐྱེ་བད་ཀན་སེལ། ཞོ་བཙོས་རྟུག་སྐེམ་ཚད་པས་འཁྲུ་བ་སེལ། ཞེས་པ་སོགས་ཕན་ཡོན་མང་དུ་བསྟན་ཡོད།
ཞོའི་སྟོན་མོ།
བོད་གངས་ཅན་གྱི་རོང་འབྲོག་ཚང་མས་ཞོ་ལ་ལོངས་སྤྱོད་བྱེད་པར་མ་ཟད། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་ཞོ་ཡི་སྟོན་མོ་གཏོང་སྲོལ་ཡང་ཡོད་པ་ནི་ལྷ་ས་ཁུལ་གྱི་ཞོ་སྟོན་ཞེས་པ་དེ་ཡིན། ཞོ་སྟོན་ནི་དང་ཐོག་སེ་འབྲས་དགའ་སོགས་ཀྱི་དགེ་འདུན་པ་རྣམས་དབྱར་གནས་ཚུགས་ནས་གྲོལ་ཉིན་དགོན་པ་དང་དད་ལྡན་པ་ཚོས་ཞོའི་སྟོན་མོ་འབུལ་སྲོལ་ཆགས་པ་ནས་དར་བར་བཤད། དོན་དམ་དུ་ནམ་དུས་དེར་བོད་དུ་ཞོ་ལེགས་པའི་དུས་ཡིན་པས་སྐྱེ་བོ་སྤྱི་ཡིས་ཞོ་ལོངས་སྤྱོད་བྱེད་ཤུགས་ཆེན་པོ་ཡོད།
རྒྱལ་ཁབ་ཕྱི་ནང་གི་དམངས་སྲོལ་ལ་ཞིབ་འཇུག་བྱེད་མཁན་མཁས་དབང་ཚོས་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པར་མ་ཟད། ད་དུང་བཟའ་བཏུང་གི་མིང་སྟེ་ཞོའི་མིང་ཐད་ཀར་དུས་སྟོན་གྱི་མིང་དུ་བཏགས་པར་མ་ཟད། ལོ་རྒྱུས་དེ་ཙམ་རྒྱུན་འཁྱོངས་ཐུབ་པ་ནི་མཐོང་དཀོན་ལ་ངོ་མཚར་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
ད་ཆ་ཞོ་སྟོན་གྱི་རྣམ་པ་དང་། ནང་དོན། བྱེད་སྒོ་ཚང་མ་ཇེ་རྒྱས་ཇེ་འཕེལ་དུ་གྱུར་ནས་ཕྱོགས་བཞིའི་སྐུ་མགྲོན་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་བཞིན་ཡོད་རུང་ཞོ་སྟོན་གྱི་དོན་སྙིང་ངོ་མར་གྱུར་བའི་ཞོ་ཡི་སྟོན་མོ་ནི་ད་ཆ་དགེ་འདུན་པ་ཙམ་དུ་མ་ཟད། མི་སེར་དཀྱུས་མ་དང་། ཡུལ་སྐོར་བ། གྲོང་མི་བཅས་ཀྱི་གདམ་ག་དང་པོར་གྱུར་ཡོད་པས་ཞོ་ཡི་སྟོན་མོ་ནི་སྔར་བཞིན་དོན་དམ་གྱིས་ཕྱུག་པའི་སྟོན་མོ་ཞིག་ཀྱང་རེད།།