ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

བོད་ཀྱི་དུས་མཆོད་ལས་བརྩམས་པའི་གཏམ།

སྤེལ་དུས 2017-09-01 ཡོང་ཁུངས། དྲ་རྒྱ་ལས། རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྲིགས།
བརྩེ་ཆེན་ཀུན་ཁྱབ་ཡངས་པའི་མཁའ་དབྱིངས་ནས། །
ཀུན་དགའི་ལེགས་བཤད་འོད་ཀྱི་ཟེགས་མ་རེས། །
རྒྱལ་བསྟན་སྙིང་པོའི་པད་ཚལ་སྐྱོང་མཛད་པ། །
འཇིགས་བྲལ་སྨྲ་བའི་ཉི་མ་དེ་ལ་འདུད། །  
           དེ་ཡང་ཕྱག་ན་རྡོ་རྗེ་འགྲོ་བཟང་གི་རྒྱུད་ལས། འཇམ་དབྱངས་ལ་སོགས་བྱང་སེམས་ཀུན་གྱི་ནི། །ཐུགས་རྗེའི་བདག་ཉིད་འཁོན་གདུང་བསྟན་པ་ལ། །ཀུན་དགའ་སྙིང་པོ་ནམ་མཁའི་སྒྲ་གཅན་ལྟར། །འཛམ་གླིང་སྐྱབས་མགོན་ས་སྐྱ་པ་ཞེས་འབྱུང༌། །ཞེས་རྒྱལ་བ་ཉིད་ཀྱིས་ལུང་གིས་བསྔགས་པ། ཡོངས་རྫོགས་ཐུབ་བསྟན་རྒྱ་མཚོའི་མངའ་བདག་འཇམ་མགོན་ས་དཀར་བའི་བསྟན་པ་རིན་པོ་ཆེའི་སྲོལ་འབྱེད་གཅིག་པུར་གྱུར་པ། འཕགས་མཆོག་ཕྱག་ན་པདྨོ་མི་ཡི་རྣམ་པར་རོལ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་མཆོག་གི་མཚན་དཔེའི་གསེར་གྱི་པདྨོ་རབ་བྱུང་གཉིས་པའི་ཨངྒིར་ཞེས་པ་ཆུ་ཕོ་སྤྲེལ་གྱི་ལོར་གཙང་ལ་སྟོད་ཀྱི་གྲོམ་པ་ཁ་འུ་ཞེས་པར་གསར་དུ་བཞད་ནས་བགྲང་བྱ་དགུ་བརྒྱ་དང་དགུ་བཅུ་གོ་ལྔ་ལ་སོན་པའི་དུས་འདིར། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ནས་བླ་ཆེན་མཆོག་གི་རྗེས་དྲན་ས་མཆོད་དུས་ཆེན་དང་འབྲེལ། མེས་པོའི་མཆོད་སྤྲིན་བྱ་བའི་དུས་དེབ་ཅིག་སྤེལ་རྩིས་མཛད་པ་ལ་རྗེས་སུ་ཡི་རང་བའི་སྒོ་ནས་དུས་མཆོད་སྐོར་གྱི་གླེང་མོ་ཅུང་ཙམ་འབུལ་བ་ལ།  དང་པོ་དུས་མཆོད་ཅེས་པའི་གོ་དོན།  སྤྱིར་དུས་ཞེས་པ་དུས་ཤིན་ཏུ་ཐུང་བ་དུས་མཐའི་སྐད་ཅིག་མ་དང༌། དེ་ལས་རིང་བ་རྒྱུན་གྱི་རྣམ་པར་གནས་པ་བྱ་བ་གང་ཞིག་མཐའ་མ་རྫོགས་ཀྱི་བར་དུ་རང་གི་བདག་ཉིད་དུ་གྱུར་པའི་སྐད་ཅིག་སྔ་ཕྱི་དུ་མ་ཡོད་པའི་དངོས་པོ་སྟེ་རྒྱུན་གྱི་དུས་སམ་བྱ་རྫོགས་ཀྱི་དུས་དང་བཅས་གཉིས་སུ་དབྱེར་ཡོད་པ་ཡིན་ཏེ། དེ་ཡང་དུས་ཚོད་སྔ་ཕྱི་དང༌།དུས་རབས་གསར་རྙིང༌། རྫོགས་ལྡན་གྱི་དུས། བསྐལ་པ་བཟང་པོའི་དུས། དུས་རྟག་པ་རྒྱུན་གྱི་འཁོར་ལོ། ཆོས་ཉིད་འགྱུར་བ་མེད་པའི་དུས་ཞེས་པ་ལྟར། རིང་པོ་བསྐལ་པའི་བར་དང༌། ཐུང་ངུ་མིག་འབྱེད་ཀྱི་ཡུན་ཚད་དང༌། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་བརྡབ་པའི་ཡུན་ཚད་ཆ་དྲུག་ཅུར་བགོས་པའི་ཆ་གཅིག་གི་ཡུན་ཚད་སོགས་རིང་ཐུང་མ་ངེས་པ་ཅི་རིགས་པ་ཞིག་ཡོད་པ་ཡིན་ལ། དེ་ལ་མཆོད་ཞེས་པའི་བྱ་ཚིག་དང་འབྲེལ་བའི་གནས་སྐབས་སུ་དུས་དེ་དང་དེ་ངེས་པར་བྱས་ནས། དེ་ཉིད་དང་འབྲེལ་བའི་བླ་མ་དང་སངས་རྒྱས་སོགས་གཙོ་བོར་བྱས་པའི་མཆོད་ཡུལ་སྐྱབས་གནས་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང་བའི་ཆེད་དུ་དམིགས་ཏེ། རང་གི་འབྱོར་པ་དང་འཚམས་པའི་མཆོད་པ་སྣ་ཚོགས་འབུལ་བར་བྱ་དགོས་པ་སྟེ། དེ་ཡང་དངོས་སུ་འབྱོར་པ་དང༌། ཡིད་ཀྱིས་སྤྲུལ་པ། ཟང་ཟིང་གི་མཆོད་པ༌། སྒྲུབ་པའི་མཆོད་པ། གཞན་ཡང་ཕྱི་འདོད་ཡོན་གྱི་མཆོད་པ། ནང་ཏིང་ངེ་འཛིན་གྱི་མཆོད་པ། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་སོགས་འཇིག་རྟེན་ལས་འདས་མ་འདས་ཀྱི་མཆོད་པའི་རྣམ་གྲངས་སྣ་ཚོགས་ཀྱིས་མཆོད་པའི་དུས་དེ་ཉིད་སྟོན་པའི་རྒྱུ་མཚན་གྱིས་དེ་སྐད་ཅེས་བྱ་ལ། གཞན་ཡང་ཚིག་གྲོགས་ཀྱི་དབང་གིས་གཞན་དང་གཞན་དུ་གོ་བའང་ཡོད་དེ། དུས་སྟོན་དང༌། དུས་བཟང༌། དུས་ཆེན་ཏེ། གཙུག་ལག་ཁང་ལེགས་གྲུབ་ཀྱི་སྒོ་འབྱེད་དང༌། སྤྲུལ་སྐུ་ཁྲི་འདོན་གྱི་མཛད་སྒོ། སྐུ་གསུང་ཐུགས་རྟེན་རབ་ཏུ་གནས་པའི་དུས་སྟོན་ལྟ་བུ་ཆོས་ཀྱི་དུས་སྟོན་དང༌། ལོ་གསར་གྱི་དགའ་སྟོན་ལྟ་བུ་འཇིག་རྟེན་པའི་དུས་སྟོན། སྟོན་པའི་དུས་ཆེན་རྣམ་བཞི་ལྟ་བུ་དུས་བཟང་དང་དུས་ཆེན་གཉིས་ཀ་ཡིན་པ་བཅས་དབྱེ་རུ་ཡོད་ལ། དུས་མཆོད་ལ་ཡུལ་གྲུ་སོ་སོས་མིང་འདོགས་ཚུལ་མི་འདྲ་བ་མང་དུ་ཡོད་པ་སྟེ། དཔེར་ན་ས་ཆེན་གྱི་དུས་མཆོད་ལ་མཚོན་ན་ཡུལ་གྲུ་ཕལ་མོ་ཆེར་ས་མཆོད་དུས་ཆེན་ཞཻས་གྲགས་ལ། འགའ་ཞིག་ཏུ་ས་སྐོར་ཅེས་གྲགས་པ་དང༌། ལ་ལར་ས་ཆེན་བླ་མཆོད་དང་ས་ཆེན་འདས་མཆོད་ཅེས་ཀྱང་གྲགས། དེ་ཡང་སྤྱིར་བླ་མ་འདས་ཉིན་གྱི་རྗེས་དྲན་ཞུ་བའི་ཆོ་གའམ་བླ་མཆོད་ལ། ཡུལ་སྐད་ཅུང་ཟད་མི་འདྲ་བའི་དབང་གིས་མིང་འདོགས་ཚུལ་མི་འདྲ་བ་སྟེ། འདས་མཆོད་ཅེས་པ་རྗེས་དྲན་གྱི་མཆོད་པའམ་དུས་མཆོད་ལ་ཟེར་བ་དང༌། གདུང་མཆོད་ནི་སྐུ་གདུང་ལ་མཆོད་པ་འབུལ་བའམ་ཞེ་དགུ་ལ་ཟེར་བའི་སྲོལ་ཡང་ཡོད། སྒྲུབ་མཆོད་དང་དུས་མཆོད་ཅེས་པ་ནི་བླ་མའི་འདས་མཆོད་རྐྱང་པ་ལ་མི་གོ་བར་དགོན་པ་སོ་སོར་གནས་སྐབས་མི་འདྲ་བར་དུས་མཆོད་སྣ་ཚོགས་པ་ཞིག་ཀྱང་ཡོད་པས་དེ་དག་ལ་གོ་དགོས་པ་ཡང་ཡོད་དོ། །

           གཉིས་པ་དུས་མཆོད་ཀྱི་ལོ་རྒྱུས་དང་ཁུང་བཤད་པ།  དེ་ཡང་ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་ཟེར་བའི་དཔེ་ལྟར། ནང་པ་སངས་རྒྱས་པ་ལ་མེད་དུ་མི་རུང་བའི་དུས་མཆོད་ཀྱི་མཛད་སྒོ་འདི་ཉིད་ཀྱང་ཁུངས་མེད་ལུང་མེད་ཅིག་མ་ཡིན་པར་བསྟན་པའི་བདག་པོ་དེ་བཞིན་གཤེགས་པ་ཉིད་ཀྱིས་སྲོལ་བཏོད་པ་ཞིག་ཡིན་ཏེ། བདེ་མཆོག་ལས། ཚེས་བཅུ་ལ་ནི་དེ་རབ་མཆོད། །ཅེས་པས་ཡར་ངོ་མར་ངོའི་ཚེས་བཅུ་བསྟན་པ་དང༌། ཀྱེ་རྡོར་ལས། ཡི་དྭགས་ཟླ་བྱེད་བཅུ་བཞི་དང༌། །དེ་བཞིན་དུ་ནི་བརྒྱད་པ་ཉིད། །ཅེས་པས་ཡར་ངོའི་ཚེས་བརྒྱད་དང༌། བཅུ་བཞི། མར་ངོའི་ཉེར་གསུམ་དང༌། ཉེར་དགུ་སྟེ་ཆོས་སྐྱོང་གི་དུས་ཆེན་བཞི་བསྟན་པས་འདི་དག་ལ་དུས་བཞི་ཞེས་ས་སྐྱ་པ་རྣམས་ཀྱིས་ཉིན་དེ་དག་ལ་བསྐང་གསོ་རྒྱས་སྤྲོས་གསུང་སྲོལ་ཡོད་པ་དང༌། མཁའ་འགྲོ་རྒྱ་མཚོ་ལས། ཚེས་བརྒྱད་དང་ནི་ཁྱད་པར་དུ། །བཅོ་ལྔ་དང་ནི་ཚེས་བཅུ་བཞིར། །གྲུབ་འདོད་རྣལ་འབྱོར་རྣམས་ཀྱིས་ནི། །འབད་པས་གཏོར་མ་སྦྱིན་པར་བྱ། །ཞེས་དང༌། སྤྱི་རྒྱུད་ལས། ཉི་ཟླ་གཟའ་ཡིས་ཟིན་པ་དང༌། །ཡ་མཚན་ཆེ་ལྟས་བྱུང་བ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །མཁས་པས་དཀྱིལ་འཁོར་འབྲི་བར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། པཎ་ཆེན་ཤཱཀྱ་ཤྲིས། མངོན་བྱང་ཆུབ་དངཆོསའཁོརབསྐོར། །ལྷབབས་ཆོ་འཕྲུལ་ཆེན་པོ་སྟེ། །དད་ལྡན་བསོད་ནམས་གསོག་བྱེད་པའི། །ཁྱད་པར་ཅན་གྱི་དུས་ཆེན་ཡིན། །ཞེས་གསུངས་པ་ལྟར། འཕགས་ཡུལ་དུ་སྟོན་པ་ཉིད་ཞལ་བཞུགས་པའི་དུས་སུའང་དུས་ཆེན་མང་དུ་བྱུང་བར་མངོན་ཏེ། དེ་ཡང་ཁྱིམ་ནས་མངོན་པར་བྱུང་སྟེ་དབུ་སྐྲ་བསིལ་བའི་ཚེ་གཙུག་ཕུད་བརྒྱ་བྱིན་གྱིས་ལྷ་ཡི་གནས་སུ་ཁྱེར་ཏེ་དུས་སྟོན་བྱས་པ་དང༌། བྱང་ཆུབ་སེམས་དཔས་དཀའ་སྤྱད་ཀྱི་མཛད་པ་གྲུབ་པ་ནས་ཁ་ཟས་རགས་པ་གསོལ་བར་བཞེད་ པའི་ཚེ། ལེཊ་སྐྱེས་མ་དང་དགའ་སྟོབས་མས་གསེར་གྱི་ཡོལ་གོའི་ནང་དུ་འོ་ཐུག་སྦྲང་རྩི་ཅན་ཕུལ་བ་ལྷག་མེད་དུ་བཞེས་ཏེ་ཡོལ་གོ་ནཻ་རཉྫ་ནར་བོར་བ་ཀླུའི་རྒྱལ་པོ་རྒྱ་མཚོས་མཆོད་པའི་ཕྱིར་དུ་ཁྱེར་བ་བརྒྱ་བྱིན་ནམ་མཁའ་ལྡིང་དུ་སྤྲུལ་ནས་དེ་འཕྲོགས་ཏེ་རང་གི་གཟུགས་ཀྱིས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁྱེར་ནས་ཡོལ་གོའི་དུས་སྟོན་བྱས་པ་དང༌། སྟོན་པ་མཆོག་ཀུ་ཤའི་གྲོང་དུ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པའི་ཚེ་རྩྭ་ཅན་དང༌།སྡིག་པ་ཅན་གྱི་གྱད། ཡུལ་རྟོག་པ་གཡོ་བ། རྒྱལ་པོ་མ་སྐྱེས་དགྲ་སོགས་ཀྱིས་སོ་སོའི་ཡུལ་དུ་དུས་མཆོད་རྒྱ་ཆེར་བཙུགས་པའི་ཚུལ་འདུལ་བ་དང་མདོ་རྒྱ་ཆེར་རོལ་པ་སོགས་བཀའ་ལས་རྒྱས་པར་འབྱུང་བ་དང༌། འདུལ་བ་མདོ་རྩ་བ་ལས། དེ་ལ་དུས་སྟོན་བྱའོ། །བལྟམས་པ་དང༌། གཙུག་ཕུད་དང༌། དབུ་སྐྲ་དང། བྱང་ཆུབ་པའི་དུས་སྟོན་དག་ཀྱང་ངོ༌། །ཞེས་གསུངས་པ་ལྟར། འཕགས་ཡུལ་དུ་དུས་མཆོད་དམ་དུས་སྟོན་གྱི་སྲོལ་རྒྱ་ཆེར་དར་བ་དང༌། ཁྱད་པར་བླ་མ་འདས་པའི་དུས་ངེས་པར་བྱས་ཏེ་མཆོད་པ་འབུལ་དགོས་པའི་ཚུལ་ཡང༌། དུས་འཁོར་རྩ་རྒྱུད་ཀྱི་དུམ་བུ་བླ་མའིཡོན་ཏན་བཟུང་བའི་རྒྱུད་ལས། དེ་བཞིན་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང༌། །སློབ་མས་བླ་མའི་རྣམ་ཐར་སྙོགས་པར་འགྱུར། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པ་བྱེ་བར་བསགས་པའི་སྡིག་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོ་མིག་བྲལ་སྲོག་ཉམས་ལ། །མིག་སྲོག་བྱིན་ཀྱང་དེ་ཡི་དཔེར་མི་ཕོད། །དེ་སྙེད་སྐྱེ་བོས་དགྲ་བཅོམ་ལ་བཀོད་ནས། །བསྐལ་པར་མཆོད་པའི་དགེ་བས་དཔེར་མི་ཕོད། །བསྐལ་པ་གྲངས་མེད་བསགས་པའི་སྒྲིབ་པ་ཡང༌། །མུན་ལ་ཉི་མ་ཇི་བཞིན་མ་ལུས་སེལ། །ཞེས་ལས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་གཞན་སྣང་དུ་གཟུགས་སྐུའི་བཀོད་པ་ཟག་བྲལ་ཆོས་སྐུའི་ཀློང་དུ་བསྡུས་པའི་ལོ་དང་ཟླ་བ་ཞག་དང་དུས་ཚོད་སོགས་ངེས་པར་བཟུང་སྟེ་མཆོད་པ་བྱེད་དགོས་ཚུལ་དང་དེའི་ཕན་ཡོན་བཅས་རྒྱས་པར་གསུངས་ནས་དུས་མཆོད་ནི་བོད་ཙམ་དུ་མ་ཟད་ནང་པའི་ཆོས་ལུགས་པ་སྤྱི་ཡི་ངོ་སྐལ་དུ་གྱུར་པ་ཞིག་ཡིན་པས་ཆེས་སྔ་མོའི་དུས་ནས་དར་ལ། གངས་ཅན་བོད་ཀྱི་ལྗོངས་འདིར་དུས་མཆོད་བྱེད་ཚུལ་གྱི་ཐོག་མ་མཁན་སློབ་ཆོས་གསུམ་གྱི་དུས་ནས་བྱུང་བར་མངོན་ཏེ། དེ་ཡང་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་བོད་རྒྱལ་སོ་དགུ་པ་མུ་ནེ་བཙན་པོ་དགུང་གྲངས་བཅོ་ལྔ་བཞེས་པའི་ཚེ་རྒྱལ་སྲིད་ཀྱི་ཁུར་བཞེས་ནས། ལྷ་ས་ལ་འདུལ་བའི་མཆོད་པ་དང༌། ཁྲ་འབྲུག་ལ་མངོན་པའི་མཆོད་པ། བསམ་ཡས་ལ་མདོ་སྡེའི་མཆོད་པ་དང༌། བྱང་ཆུབ་ཀྱི་མཆོད་པ་སྟེ་མཆོད་པ་ཆེན་པོ་བཞིའམ་འབུལ་བ་ཆེན་པོ་བཞི་ཞེས་པ་བཙུགས་ཏེ། དགེ་འདུན་གྱི་སྡེ་ཆེས་ཆེར་སྤེལ་བ་དང་སྐྱོང་བར་མཛད་པ་ནས་བོད་ལ་དུས་མཆོད་ཀྱི་སྲོལ་ཚུགས་སོ། །ཁྱད་པར་ས་མཆོད་ཆེན་མོ་འདི་ཉིད་ནམ་ཚུགས་ཀྱི་ངེས་པ་ཆེར་མེད་ནའང་ས་སྐྱའི་དུས་མཆོད་ཀུན་གྱི་ཐོག་མ་ཞིག་ཡིན་པར་མངོན། དེ་ཡང་མདོ་སྨད་དུ་ས་སྐྱའི་བསྟན་པ་ཐོག་མར་ཆོས་རྗེ་ཁུ་དབོན་གྱི་དུས་སུ་དར་བ་གྲགས་ནའང༌། ཁྲོཾ་ཐར་ཡུལ་གྱི་ལོ་རྒྱུས་ཁག་གཅིག་ཏུ་ཁྲོཾ་ཁྲི་དཔོན་རྒྱལ་པོའི་སྲས་གཅོད་རྒན་རལ་པ་ཅན་དུ་གྲགས་པ་དེ་ཉིད་ས་སྐྱ་གོང་དུ་ཕེབས་ཏེ། རྗེ་བསོད་ནམས་རྩེ་མོ་ལས་ཡང་ཕུར་དང་ལམ་འབྲས་སོགས་ཀྱི་ཆོས་བཀའ་མང་དུ་ཞུས་པ་དང༌། རབ་བྱུང་གི་དགོངས་བརྟག་ཞུས་པས། ཁྱོད་རབ་ཏུ་བྱུང་བ་བས་རིགས་རྒྱུད་སྤེལ་ན་བསྟན་འགྲོ་ལ་ཕན་ཐོགས་འབྱུང་ཆེ་བས་རེ་ཞིག་བཤོལ་ན་ལེགས་ཚུལ་གྱི་ལུང་བསྟན་ནས། འཁོན་གྱི་གདུང་རྒྱུད་ཀྱི་སྲས་མོ་ཞིག་ཀྱང་ཐབས་གྲོགས་སུ་བསྩལ་བ་དང༌། ཁྱེད་རང་ཚོ་ཁྲཽཾ་ཡུལ་དུ་སོངས་དང་བསྟན་འགྲོ་ལ་ཕན་ཐོགས་ཆེན་པོ་འོང༌། ང་ཡང་ཁྲོཾ་ཡུལ་དུ་འཁྲུངས་འོང་གསུངས་ནས་ཐུབ་སྐུ་བདུད་རྩི་གསོལ་དང༌། གར་བུའི་མཆོད་རྟེན་ཆ་བརྒྱད། བསོད་ནམས་རྩེ་མོའི་ཐུགས་དམ་གྱི་རྟེན་འཇམ་དབྱངས་གསུང་བྱོན་མ། ཁ་ཆེ་གསེར་ཞུན་ཞེས་གྲགས་པའི་སྦུབ་ཆལ་གཅིག ཤང་པ་ཤང་མར་གྲགས་པའི་སིལ་སྙན་གཅིག་བཅས་དངོས་རྫས་གྱ་ནོམ་པ་གནང་ཞིང་སྐྱེལ་མ་དང་བཅས་ཏེ་ཁྲཽཾ་ཡུལ་དུ་ཕེབས་ནས་ས་སྐྱའི་བསྟན་པ་དར་སྤེལ་མཛད་ཚུལ་དང་དུས་མཆོད་མང་པོའི་རྒྱུན་བཙུགས་ཚུལ་ལ་དཔག་ན་ས་མཆོད་དུས་ཆེན་ཡང་དེ་དུས་ཙ་ནས་ཚུགས་ཡོད་སྙམ། གཅོད་རྒན་དང་ཡུམ་ཟ་མ་གཉིས་ལ་སྲས་སྐུ་མདུན་ཉི་མ་རྒྱལ་མཚན་ཞུ་བ་དེ་འཁྲུངས་པ་བསོད་ནམས་རྩེ་མོའི་སྤྲུལ་སྐུ་རུ་ངོས་འཛིན་མཛད་ཚུལ་འདུག་པ་དང་དེ་ནས་བཟུང་སྟེ་ཡང་སྲིད་རྒྱུན་མ་ཆད་པར་བླུ་སྲོལ་ཆགས་པས་ས་སྐྱའི་སྤྲུལ་སྐུའི་ཐོག་མ་ཡང་དེ་ནས་བྱུང་བར་མངོན།