ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

བོད་ཀྱི་ལོ་གསར།

སྤེལ་དུས 2018-02-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།
ལོ་གསར་དར་ཚུལ།
          སྤྱིར་ལོ་གསར་ཞེས་པ་ནི་ལོ་སྔ་མ་རྫོགས་ནས་ལོ་རྗེས་མའི་འགོ་ཚུགས་པ་ལ་རང་རང་གི་ཡུལ་སྲོལ་གོམས་གཤིས་ལྟར་བཟའ་མི་ལྷན་འཛོམས་བྱུང་ནས་ཟས་ཞིམ་ལ་རོལ་ཞིང་གོས་ལེགས་གྱོན་ཏེ་དགའ་སྐྱིད་ཀྱིས་ཁེངས་པའི་དུས་ཆེན་ཞིག་ཡིན། རྩིས་གཞུང་སོ་སོ་དང་མཁས་པ་རེ་རེའི་བཞེད་དགོངས་མི་འདྲ་བའི་དབང་གིས། ཡུལ་ལུང་སོ་སོས་རང་རང་གི་ཡུལ་སྲོལ་ལྟར་དབྱར་དགུན་སྟོན་དཔྱིད་སོགས་ལོ་རེའི་དུས་ཚིགས་བཞི་བོ་གང་རུང་ལ་ལོ་གསར་ཞིང་། ལོ་འགོ་འཛིན་ཚུལ་ཡང་གཅིག་མཚུངས་མིན་ཏེ།  ལ་ལས་དཔྱིད་ཀར་ལྷོ་ཁའི་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་བཞད་དུས་སུ་ལོ་གསར་བ་ཡིན་ཞིང་།  ལ་ལས་དགུན་ཁར་རོལ། ད་དུང་ཡུལ་གྲུ་ཁག་ཅིག་གིས་སྟོན་དུས་སུ་ལོ་གསར་ནས་ལོ་གཅིག་གི་ལོ་འགོ་ནི་ལོ་གསར་གཏོང་བའི་ཉིན་དེ་ནས་བརྩི་བ་ཡིན་པས།  དེང་སང་མདོ་དབུས་ཁམས་གསུམ་གྱི་བོད་ཁམས་ཡོངས་སུ།  ལོ་གསར་ལ་ཧོར་ཟླ་དང་བོ་དང་། ཧོར་ཟླ་གཉིས་པ། ཧོར་ཟླ་གསུམ་པ། ཧོར་ཟླ་བརྒྱད་པ། ཧོར་ཟླ་དགུ་བ། ཧོར་ཟླ་བཅུ་བ།  ཧོར་ཟླ་བཅུ་གཅིག་པ། ཧོར་ཟླ་བཅུ་གཉིས་པ་བཅས་འདོད་ཚུལ་མི་འདྲ་བ་དགུ་ཙམ་བྱུང་འདུག་ཀྱང་། དབུས་གཙང་སོགས་ས་ཁུལ་མང་ཆེ་བར་ཧོར་ཟླ་དང་བོ་ལ་ལོ་འགོ་ཚུགས་ནས་ལོ་སར་བའི་དཔེ་དར་ཡོད།   ལོ་གསར་བའི་ཟླ་བ་འདི་དག་གི་མིང་ལ་ཧོར་ཟླ་ཞེས་འབོད་དོན་ནི།  ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གུར་ཧན་གྱིས་མི་ཉག་གི་ཡུལ་དུ་དམག་དྲངས་ནས་མི་ཉག་རྒྱལ་པོ་བཀྲོངས་ཏེ་མི་ཉག་གི་ཡུལ་ཁམས་ཐམས་ཅད་མངའ་འོག་ཏུ་བསྡུས་ཤིང་། མི་ཉག་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་། ཧོར་ཡུལ་དུ་རྒྱལ་ཁ་བླངས་པའི་ཟླ་བ་དེའི་ནང་ལ་དགའ་སྟོན་རྟེན་འབྲེལ་ཞུས་ནས་ལོ་གསར་བའི་སྲོལ་བྱུང་། སྐབས་དེར་ལུགས་རྙིང་གི་ཟླ་དང་བོ་དང་བོད་ལུགས་ཀྱི་ཟླ་དང་བོ་གཉིས་མཉམ་གཅིག་ཏུ་ཁེལ་ཡོད་པར་བཤད་པས་གཉིས་ཀ་ལ་ཧོར་ཟླ་དང་བོ་ཞེས་འབོད་ཆོག་ཟེར།
          ས་སྐྱ་བས་བོད་ལ་དབང་སྒྱུར་སྐབས་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་བརྩིས་ཏེ་ཟླ་བ་རེ་རེ་ལ་ཧོར་ཟླ་ཞེས་བརྗོད་པ་རེད། ད་ལྟའི་དུས་སུ་ལུགས་གཉིས་ཀྱི་ཟླ་བ་རྩི་ཚུལ་ལ་མགྱོགས་དལ་གྱི་ཁྱད་པར་ཅུང་ཟད་ཤོར་ཡོད་ཀྱང་། དབུས་གཙང་བས་བོད་ཟླ་ལ་ཧོར་ཟླ་ཞེས་སྔོན་ལུགས་རྒྱུན་འབྱམས་ཀྱིས་འབོད་ཀྱིན་འདུག་ལ། ཨ་མདོ་བས་ལུགས་རྙིང་གི་ཟླ་བ་སོ་སོར་ཧོར་ཟླ་ཞེས་འབོད་པ་རེད། ལྷ་ལྡན་གྲོང་གི་མི་རྣམས་ཀྱིས་རང་རང་གི་འཁོས་ཀ་ལ་གཞིགས་ཏེ་བོད་ཟླ་བཅུ་གཉིས་པ་ནས་བཟུང་ལོ་གསར་གྱི་ཉེར་མཁོའི་ཅ་དངོས་སོགས་གྲ་སྒྲིག་བྱེད་འགོ་ཚུགས་ཏེ། ཤ་མར་འབྲུ་སྣུམ་སོགས་བཟའ་ཆས་ཀྱི་སྐོར་དང་རྒྱན་གོས་སྣ་ཚོགས་ཉོ་ཆ་རྒྱག་པ་དང་། ཆང་བཙག་པ། གོ་དམར་སྣུམ་འཁུར་བཙོད་པ། ཁང་བའི་ཕྱི་ནང་གི་དུད་པ་ཕྱགས་ཤིང་གད་སྙིགས་དང་ཐལ་བ་ཕོ་ནས་གཙང་སྦྲ་ལེགས་པོ་བྱེད་པ་རེད།

ལོ་གསར་དངོས།
          བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་ས་སྲོད་དུ་དགུ་ཐུག་བསྐོལ་ནས་ཁྱིམ་མི་ལྷན་འཛོམས་ཀྱིས་མཉམ་བཞེས་མ་བྱས་སྔོན་ལ་ཁྱིམ་བདག་མས་རྩམ་པ་ཆངས་བུ་རེ་སྤྲད་ནས། དེས་མི་སོ་སོའི་ལུས་གཟུགས་སྟོད་སྨད་ལ་ཕུར་དུ་བཅུག་རྗེས། ལོ་གཅིག་གི་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དང་དྲུག་ཅུའི་གེགས་བར་ཚང་མ་སེལ་བའི་སྨོན་ལམ་བཏབ་མཐར་མི་གཙང་དྲི་ངན་བསྒོས་པའི་གླུད་གཟུགས་བཅོས་ནས་རྫ་ཁོག་ཆག་དུམ་ཞིག་གི་ནང་འཕེན་པ་དང་།  དེ་ནས་དགུ་ཐུག་འཐུངས་རྗེས། སྦང་མ་ཇ་རོ་དང་གད་སྙིགས་རྣམས་ཀྱང་རྫ་ཁོག་ཆག་དུམ་ནང་བླུགས་ནས་གདོན་འདྲེ་ཕྱིར་སྐྲོད་ཀྱི་ངར་སྒྲ་སྒྲོག་བཞིན་ཁྱིམ་ཚང་གི་ཉེ་འདབས་ཀྱི་ལམ་མདོ་ཞིག་ལ་འཕངས་མཐར་མེ་མདའ་དང་ཤོག་སྦག་བརྒྱབ་ནས་གདོན་བགེགས་སྐྲོད་སྲོལ་ཡོད།  བོད་ལོ་གནམ་གང་གི་ཉིན་ལ་མཆོད་གཤོམ་གྱི་མདུན་དུ་གྲོ་སོ་ཕྱེ་མར་དང་ཁ་ཟས་སྡེར་ཁ།  ཤིང་འབྲས་བུ་རམ། ཤེལ་དཀར་རྟ་སོ་མ།  ཐུད་དང་བྱི་རིལ་སོགས་བཟའ་བཅའ་བྱེ་བྲག་སྣ་ཚོགས་བཤམས་ཏེ་ལོ་གསར་གྱི་སྟ་གོན་གྱ་ནོམ་པ་བྱེད་པ་དང་། མཆོད་སྟེགས་དང་སྐུ་ཐང་ལ་དར་གོས་སྙན་ཤལ་བསྒྲོན་པ་དང་། ཐབ་ཚང་གི་རྩིག་ལྡེབས་སུ་བཀྲ་ཤིས་རྟགས་བརྒྱད་ལ་སོགས་དཀར་ཐིག་གི་རི་མོ་གང་མཛེས་འབྲི་བ་དང་། ཟངས་དེམ་དང་རྫ་མ་སོགས་བཅུད་ཀྱིས་བལྟམས་པའི་སྣོད་ལ་ཁ་བཏགས་དཀྲི་བ།  ཁང་བའི་ནང་གི་གདུང་ཁེབས་དང་སྒོ་མཆོར་སྒེའུ་ཁུང་སོགས་ཀྱི་ཡོལ་རས་ཤམ་བུ་དང་ཕུར་མ་དག་གསར་དུ་བརྗེ་བ། སྒོ་རའི་ཕྱི་ནང་དང་ཁང་བའི་མདོ་སྦུག་ཀུན་ལ་གད་ཕྱིས་ལེགས་པོ་བྱས་ཐོག  རྒྱ་སྒོའི་མདུན་ནས་དཀར་ཐིག་འཐེན་ཏེ་སྣེ་རྫོགས་མཚམས་གཡས་གཡོན་གཉིས་ལ་ཁྱི་སྣ་རྒྱག་པ་དང་། དཀྱིལ་ལ་མི་འགྱུར་རྟག་བརྟན་གྱི་གཡུང་དྲུང་བྲིས་ནས་ལོ་གསར་ལེགས་པར་བསུ་བར་བརྩོན་པ་རེད། ལོ་གསར་སྐབས་སུའང་རྟ་རྒྱུག་པ་དང་རི་བསང་གཏོང་བ། དར་ལྕོག་འཛུགས་པ། བལ་ཚོན་གྱིས་བརྒྱན་པ། གཞི་བདག་གསོལ་མཆོད་སོགས་ནི་བོད་སྔ་རབས་ཀྱི་ལུགས་མ་འགྱུར་བར་ཡོད།
          བོད་ཟླ་དང་བོའི་ཚེས་གཅིག་ནས་ཚེས་གསུམ་བར་དུ་མི་རྣམས་ཀྱིས་གྱོན་ཆས་གཟབ་མཆོར་གང་ཡོད་མནབས་ཏེ་བླ་མ་ལོ་གསར་དང་རྒྱལ་པོ་ལོ་གསར་རིམ་བཞིན་གཏོང་སྲོལ་ཡོད་ལ། དུད་ཚང་སོ་སོ་ནས་གཙང་བོའི་འགྲམ་དུ་ཀླུ་བསང་གཏོང་བ་དང་དཀར་སྤྲོ་རྒྱག་པ།  རང་ཁྱིམ་གྱི་མཁར་སྟེང་དུ་ཁམས་མཐུན་དར་ལྕོག་འཛུགས་པ། གྲོང་བ་ཕན་ཚུན་བར་དུ་གྲོ་སོ་ཕྱེ་མར་དང་ཆང་ཕུད་བསྐོར་རེས་ཀྱིས་བསྣམས་ཏེ་ཕར་འགྲོ་ཚུར་འོང་གིས་ལོ་གསར་གྱི་སྤྲོ་དགའི་དཔལ་ལ་རོལ་བ་དང་། ལྷ་མོ་ཁག་གིས་རྣམ་ཐར་འཁྲབ་ཅིང་ཕོ་གསར་ཚོས་མདའ་རྩལ་འགྲན་བཞིན་ལོ་སྐྱིད་པོའི་ངང་རོལ་བ་ཡིན།