རྒྱལ་ཕྱི་ནང་དུ་སྙན་གྲགས་ཁྱབ་པའི་གསེར་རྟའི་གེ་སར་ཟློས་གར།
སྤེལ་དུས 2018-03-15
ཡོང་ཁུངས། ངེད་དྲ་བ།
རྩོམ་པ་པོ། དབལ་ཤུལ་རང་བྱུང་།

1980ལོར་གསེར་རྟའི་རིག་གནས་ཀྱི་དཔྱིད་དཔལ་གསར་དུ་ཚེས་ཏེ་གེ་སར་རྣམ་ཐར་ཞེས་པའི་གེ་སར་སྒྲུང་འཁྲབ་གཞུང་དུ་བསྒྱུར་བའི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཉིང་བཅུད་དང་གསར་གཏོད་སྒྱུ་རྩལ་གྱི་དྭངས་ཆ་འདྲེས་པའི་གར་སྟེགས་འཁྲབ་སྟོན་ཞིག་ཡུལ་འདིའི་ཞིང་འབྲོག་མང་ཚོགས་ཀྱི་མིག་གི་དགའ་སྟོན་དུ་བསྟར། དེ་ནི་གེ་སར་ཟློས་གར་ཏེ་གསེར་རྟ་གེ་སར་རིག་གནས་ཀྱི་ཆེད་མཁས་པ་མཆོག་སྤྲུལ་པད་མ་ཐེག་མཆོག་རྒྱལ་མཚན་ལགས་ཀྱིས་གསར་གཏོད་གནང་བ་ཞིག་ཡིན། ཁོང་གིས་གསེར་རྟ་གེ་སར་ཟློས་གར་ཚོགས་པ་བཙུགས་ནས་ད་བར་དུ་གེ་སར་གྱི་སྒྲུང་《 ལྷ་གླིང་གབ་རྩེ་དགུ་སྐོར།》 《 རྟ་རྒྱུག་རྒྱལ་འཇོག》 《 མངའ་རིས་གསེར་རྫོང་།》 《 འདན་མའི་ནས་རྫོང་།》 སོགས་འཁྲབ་གཞུང་དུ་བསྒྱུར་ནས་གར་སྟེགས་འཁྲབ་སྟོན་རྒྱུན་མ་ཆད་པར་བྱས་ཡོད། ལོ་རྒྱུས་སུ་ཁམས་ཀྱི་སྡེ་དགེ་རྫོགས་ཆེན་དགོན་དུ་གེ་སར་འབག་འཆམ་རྒྱས་པ་ཞིག་དར་མྱངས། འོན་ཀྱང་དེ་ནི་དགོན་པའི་འབག་འཆམ་གྱི་ཁོངས་སུ་གཏོགས་པ་ལས་གེ་སར་གྱི་སྒྲུང་དེ་འཁྲབ་གཞུང་དུ་བསྒྱུར་ནས་གར་སྟེགས་སུ་འཁྲབ་སྟོན་བྱེད་པའི་སྲོལ་བོད་ཡུལ་ཁྱོན་ལ་དར་མེད་པས། གསེར་རྟའི་ཡུལ་དུ་ཆེས་ཐོག་མར་གེ་སར་རྣམ་ཐར་ཞེས་གར་སྟེགས་འཁྲབ་སྟོན་དར་བ་ནི་རི་ཁ་བ་ཅན་གྱི་སྒྱུ་རྩལ་རིག་པའི་དོ་ར་རུ་འདབ་སྟོང་རྒྱས་པའི་མེ་ཏོག་ཅིག་གསར་དུ་འཁྲུངས་པ་ལྟར་དགའ་འོས་པའི་དོན་དག་ཞིག་གོ །

ཟློས་གར་ནང་གི་གླིང་གེ་སར་རྒྱལ་པོ་དང་སེང་ལྕམ་འབྲུག་མོ།
དེ་བཞིན་གསེར་རྟའི་གེ་སར་ཟློས་གར་སྒྱུ་རྩལ་གྱི་རིག་གནས་དབྱར་མཚོ་བཞིན་ཀུན་ནས་རྒྱས་དང་རྒྱས་བཞིན་ཡོད་ལ། གསེར་རྟ་གེ་སར་ཟློས་གར་ཚོགས་པས་སྤྱི་ལོ་2000ལོར་གེ་སར་རྣམ་ཐར་དེ་གར་སྟེགས་འཁྲབ་སྟོན་ནས་རྟ་ཐོག་འཁྲབ་སྟོན་དུ་སྤོས་ཏེ་རྩྭ་ཐང་དང་རི་ཆུའི་མཛེས་སྡུག་བརྒྱུད་དེ་《རྟ་རྒྱུགས་རྒྱལ་འཇོག》བརྙན་འཕྲིན་འཁྲབ་གཞུང་དུ་བསྒྱུར་ནས་བོད་ཡུལ་གྱི་ཆེས་ཐོག་མའི་གེ་སར་རྣམ་ཐར་བརྙན་འཕྲིན་དུ་ཕབ་བསྐྲུན་བྱས་པ་དང་། གེ་སར་རྣམ་ཐར་རྟ་ཐོག་འཁྲབ་སྟོན་གྱི་ལོ་རྒྱུས་ཀྱི་དབུ་ཁྱུད་བྲིས་པ་རེད། འདི་ནི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཁྲོད་དུ་འོད་དུ་འཚེར་བཞིན་པའི་ནོར་བུ་གཅིག་ཏུ་བརྩི་བར་འོས་སོ། །
ཨ་ཁུ་ཁྲོ་ཐུང་དང་ཇོ་རུ་གཉིས།
གསེར་རྟའི་གེ་སར་ཟློས་གར་ཚོགས་པ་དཀར་མཛེས་ཁུལ་གྱི་ཁུལ་འཛུགས་དུས་ཆེན་དུ་ཞུགས་པ།
འཁྲབ་སྟོན་སྔོན་གྱི་གྲ་སྒྲིག
གསེར་རྟའི་རྩྭ་ཐང་ཆེན་མོའི་སྟེང་དུ་གེ་སར་ཟློས་གར་འཁྲབ་སྟོན་བྱེད་པའི་རྣམ་པ།
ཁྲེན་ཏུའུ་རུ་རྒྱལ་སྤྱིའི་མངོན་མེད་ཤུལ་བཞག་རིག་གནས་དུས་ཆེན་དུ་འཁྲབ་སྟོན་བྱེད་བཞིན་པ།
གསེར་རྟའི་གེ་སར་ཟློས་གར་ཚོགས་པས་ཕོ་ལན་རྒྱལ་ཁབ་ཏུ་འཁྲབ་སྟོན་བྱེད་བཞིན་པ།