དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

འབྲི་རུ་སྟེང་དཀར་རས་པ།

སྤེལ་དུས 2020-04-20 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། མི་གསལ།

       རས་པ་ནི་བོད་ཀྱི་ཟློས་གར་རིག་པའི་རྣམ་གྲངས་ཤིག་ཏེ། རྔ་དང་གཤང་འཁྱེར་ནས་གཏམ་བཤད་པ་དང་གཞས་གཏོང་བ། ཞབས་བྲོ་འཁྲབ་པ། ཡང་རྩལ་དང་རྩ་རླུང་དང་ཟློས་གར་གྱི་འཁྲབ་ཚན་ཐུང་ངུ་སོགས་འདུས་པའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་རྣམ་པ་ཞིག་གོ ། སྒྱུ་རྩལ་གྱི་རྣམ་པ་དེ་ཉིད་ད་ལྟ་བོད་ལྗོངས་ཆབ་མདོ་དང་ཀོང་པོ་དང་ནག་ཆུ། ཡུན་ནན་དང་སི་ཁྲོན་དང་མཚོ་སྔོན་དང་ཀན་སུའུ་སོགས་ཀྱི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ། འོན་ཀྱང་ཡུན་རིང་གི་འཕེལ་རྒྱས་ལོ་རྒྱུས་ནང་ས་གནས་སོ་སོའི་རས་པ་ལ་ཐུན་མོང་མ་ཡིན་པའི་ཆ་ཡང་མང་པོ་ཞིག་གྲུབ་ཡོད། འདིར་ངོ་སྤྲོད་ཞུ་རྒྱུ་ནི་བྱང་ནག་ཆུ་ས་ཁུལ་ས་ཁུལ་འབྲི་རུ་རྫོང་གི་སྟེང་དཀར་རས་པ་ཞེས་པ་དེའོ། ། 
       འབྲི་རུ་རྫོང་སྟེང་དཀར་རས་པ་ནི། བྱང་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤ་ཆུ་ཤང་སྟེང་དཀར་གྲོང་སྡེར་དར་བའི་དམངས་ཁྲོད་ཟློས་གར་ཞིག་ཡིན། དེའང་རས་པ་སྤྱི་ཡོངས་ཀྱིས་རང་ལུགས་ཀྱི་འབྱུང་ཁུངས་རྗེ་བཙུན་མི་ལ་རས་པར་གཏུགས་པ་དང་འདྲ་བར། ས་གནས་ཀྱི་རས་རྒན་ཚོའི་ཤོད་རྒྱུན་དང་། འབྲི་རུ་རྫོང་སྲིད་གྲོས་ཀྱི་རིན་དབང་བསྟན་འཛིན་དང་བསོད་ནམས་རྡོ་རྗེ་གཉིས་ནས་བརྩམས་པའི་ནག་ཆུ་འབྲི་རུའི་ལོ་རྒྱུས་ཞེས་པ་ལྟར་ན། སྟེང་དཀར་རས་པ་ནི་སྤྱི་ལོ་༡༠༤༠ལོར་རྗེ་བཙུན་མི་ལ་རས་པ་དང་རས་ཆུང་པས་སྐབས་དེའི་དམངས་ཁྲོད་རས་པ་གཞིར་བཟུང་ནས་གསར་གཏོད་མཛད་དེ་བྱུང་བ་ཞིག་ཡིན་པར་བཤད་དོ། ། རས་པ་དེའི་ལོ་རྒྱུས་སྟེང་དམངས་ཁྲོད་ནས་དགོན་པར་དར་བ་དང་། སླར་ཡང་དགོན་པ་ནས་དམངས་ཁྲོད་དུ་དར་བའི་བརྒྱུད་རིམ་ཞིག་སྣང་། དེར་བརྟེན་ད་ལྟའི་སྟེང་དཀར་རས་པ་ལ་དགོན་པའི་བླ་གྲྭ  ས་འཁྲབ་པ་ཞིག་དང་དམངས་ཁྲོད་རས་རྒན་ཁྱིམ་པས་འཁྲབ་པ་གཉིས་བྱུང་། རས་པ་ལུགས་དེར་ཁྱོན་འཁྲབ་ཚན་༣༠ལྷག་ཡོད་ཅིང་སོ་སོའི་འཁྲབ་སྟངས་དང་ཉམས་འགྱུར་སོགས་ཐ་དད་ཡིན། བརྗོད་གཞི་ནི་བོད་ཀྱི་ལོ་རྒྱུས་དང་གཏམ་རྒྱུད། དགོན་པའི་ཆོ་ག་དང་འབྲེལ་བའི་ཆོས་ལུགས་བསམ་བློ་སོགས་ཡིན། སྟེང་དཀར་རས་པས་ས་གནས་ཀྱི་འབྲོག་པའི་ཞབས་བྲོའི་ཉམས་འགྱུར་དང་ཆབ་མདོའི་རས་པའི་ཉམས་ཟུང་དུ་སྦྲེལ་ནས་བོད་བྱང་ཤར་གྱི་ཞབས་བྲོའི་སྒྱུ་རྩལ་གྱི་ཉིང་བཅུད་འདུས་པའི་ཐུན་མོང་མ་ཡིན་པའི་རྣམ་པ་ཞིག་གྲུབ་ཡོད།
       སྟེང་དཀར་རས་པ་ནི་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤ་ཆུ་ཤང་སྟེང་དཀར་གྲོང་སྡེར་དར་བའི་དམངས་ཁྲོད་ཟློས་གར་ཞིག་ཡིན། ས་གནས་ཀྱི་རས་རྒན་ཚོའི་ཤོད་རྒྱུན་དང་། འབྲི་རུ་རྫོང་སྲིད་གྲོས་ཀྱི་རིན་དབང་བསྟན་འཛིན་དང་བསོད་ནམས་རྡོ་རྗེ་གཉིས་ནས་བརྩམས་པའི་ནག་ཆུ་འབྲི་རུའི་ལོ་རྒྱུས་ཞེས་པ་ལྟར་ན། སྟེང་དཀར་རས་པ་ནི་སྤྱི་ལོ་༡༠༤༠ལོར་བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་ཆུ་མགོ་མར་མེ་དྭགས་གསུམ་གྱི་ཡ་གྱལ་རྗེ་བཙུན་མི་ལ་རས་པ་དང་ཁོང་གི་དངོས་སློབ་རས་ཆུང་པས་སྐབས་དེའི་དམངས་ཁྲོད་རས་པ་གཞིར་བཟུང་ནས་གསར་གཏོད་མཛད་དེ་རང་ཚུགས་ཐུབ་པའི་རས་པའི་འཁྲབ་སྟངས་ཞིག་ཆགས་པར་བཤད། སངས་རྒྱས་ཀྱི་བསྟན་པ་དར་འཕེལ་བྱུང་བའི་དུས་རིམ་མི་འདྲ་བར་ས་ཁུལ་དེར་དགོན་སྡེ་མང་པོ་ཞིག་ཕྱག་བཏབ་པ་ལས། གནས་དེར་གཞི་རྒྱ་ཆེ་ཤོས་ཡིན་པའི་དགེ་ལུགས་པའི་དགོན་པ་ཆོས་སྡེ་ལེགས་བསྔགས་དཔལ་འབར་གླིང་ནི་སྤྱི་ལོ་༡༥༦༨ལོར་འཇམ་མགོན་བློ་བཟང་གྲགས་པའི་སློབ་མ་དྭགས་པོ་དཔལ་ལྡན་དོན་གྲུབ་ཀྱིས་དབུ་འཛིན་ནས་ཕྱག་བཏབ། དགོན་དེའི་བླ་རབས་ལྔ་པ་དྭགས་པོ་བསྟན་པའི་དངོས་གྲུབ་སྐུ་རིང་ལ། དགོན་པ་རྒྱ་བསྐྱེད་གཏོང་ཚེ་དྭགས་པོ་ཨར་གཞས་དུམ་བུ་སུམ་ཅུ་ལྷག་ཅན་གསར་རྩོམ་གནང་ཞིང་། ས་གནས་དམངས་ཁྲོད་ཀྱི་སྟེང་དཀར་རས་པ་དགོན་པའི་ནང་དུ་འདྲེན་ནས། རས་པའི་ཁྱིམ་རྒྱུད་ཀྱིས་ཁྲལ་དང་འུ་ལག་གི་ཚུལ་དུ་དགོན་པ་ཚང་ལ་སྟོན་མོ་འབུལ་སྲོལ་བྱུང་། དེ་ནས་དྭགས་པོ་དཀར་དགེ་དབང་ཕྱུག་གི་དུས་སུ། སྟེང་དཀར་རས་པ་སྔར་བས་དར་ཞིང་རྒྱས་ཏེ་འཁྲབ་ལུགས་བྱེ་བྲག་པ་དུ་མ་བྱུང་བར་གྲགས་མོད། ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ད་ལྟར་སྟེང་དཀར་རས་དཀར་ལས་ལྷག་མེད། ཕྱིས་སུ་དྭགས་པོ་པདྨ་བཛྲའི་སྐུ་དུས་སུ་ཆབ་མདོའི་བྲག་གཡབ་རས་པ་ཚོགས་པ་དགོན་དེར་སྟོན་མོ་འབུལ་བར་འབྱོར་ཚེ། དྭགས་པོ་སྤྲུལ་སྐུས་སྟོན་མོ་ལ་གཟིགས་རྗེས་གྲྭ་ཕྲུག་ཚོར་བྲག་གཡབ་རས་པ་སློབ་དགོས་པར་བཀས་གནང་ཞིང་། བྲག་གཡབ་རས་པའི་འཁྲབ་ཚན་སྐྱེད་མ་སྣ་ཐུང་ཟེར་བ་སྟེང་དཀར་རས་མའི་ནང་དུ་བཅུག་པ་དང་། སྟེང་དཀར་རས་པའི་འཁྲབ་ཚན་ཆོས་རྒྱལ་ནོར་བཟང་སོགས་བྲག་གཡབ་རས་པ་ལ་ཕར་བསླབས་ནས། ཕན་ཚུན་སྒྱུ་རྩལ་གྱི་གྲུབ་འབྲས་བརྗེ་རེས་བྱས་ཏེ་སོ་སོའི་འཁྲབ་སྟོན་གྱི་ནང་དོན་འཐུས་ཚང་བཏང་ནས། མིག་སྔར་མཐོང་དུ་ཡོད་པའི་འཁྲབ་སྟོན་གྱི་རྣམ་པ་དང་གཞི་རྒྱ་འདི་གྲུབ་པའོ། །
       སྟེང་དཀར་རས་པ་འཁྲབ་པའི་དུས་ཚོད་རིགས་གསུམ་ཙམ་སྣང་སྟེ། གཅིག་ནི་ཁྲལ་དང་འུ་ལག་གི་ཚུལ་དུ་དགོན་པ་ལ་འཁྲབ་སྟོན་མཆོད་འབུལ་བྱེད་པ་དང་། གཉིས་ནི་རས་རྒན་རྣམས་ཡུལ་ངེས་མེད་དུ་རྒྱུ་ནས་འཁྲབ་སྟོན་བྱེད་པ། གསུམ་ནི་གནས་སྐབས་དགོས་དབང་གིས་འཁྲབ་སྟོན་བྱེད་པའོ། །
       སྟེང་དཀར་རས་པའི་སྲོལ་རྒྱུན་གྱི་འཁྲབ་ཚན་སུམ་ཅུ་ལྷག་ཡོད་དེ། རྔ་མོ་རྡུང་བ། མི་ཎི་དགུ་འདོན། ས་འདུལ། ས་འདུལ་ཕྱོགས་བཞིར་རྔ་རྡུང་། ཇ་མཆོད་འབུལ་བ། ཆོས་རྒྱལ་ནོར་བཟང་། དྲང་སྲོང་། རྐང་ཀྱོག ཀླུ་རྒྱལ། སྔགས་པ། སྲིད་པའི་ཕ་རྒན་མ་རྒན།    དྲང་སྲོང་ལྷ་མོ། དྲང་སྲོང་ཨ་རུ། ཆོས་རྒྱལ་ནོར་བཟང་དང་བྱང་ཐང་མི་རྒོད། ཨ་འཆམ། ཉ་པའི་གཞས། རྗེ་བཙུན་མི་ལ་དང་ཁྱི་ར་བ། རྒྱ་བཟའ་ཀོང་ཇོ། སྟོད་དང་སྨད་ཀྱི་གླུ་བྲོ། རྐུ་མ་དང་བྲག་གཡབ་ཚོང་དཔོན། པི་ཝང་གཞས། ནག་ཆུ་སྒོར་གཞས། དྭགས་པོ་ཨར་གཞས། འཆམ་ཆེན་ཡ་རུ་དགུ་རྡུང་། ཨ་སྲི་བྲོ་བྲོ། རྔ་མོ་གསུམ་རྡུང་། རྔ་མོ་གཉིས་རྡུང་སོགས་འཁྲབ་ཚན་སུམ་ཅུ་ལྷག་སྣང་ངོ་། ། 
       འབྲེལ་ཡོད་འཁྲབ་ཆས་ལ། ༡ རྔའུ་ནི་སྒོར་མོ་མ་ཡིན་པར་ཕྱ་ལེབ་ཡིན། ༢ རྔ་དབྱུག་ནི་གུག་པ་ཆུང་ངུ་མ་ཡིན་པར་གུག་པ་ཆེ་བ་ཡིན་ནོ། །ཐུན་མོང་མ་ཡིན་པའི་རས་པའི་འཁྲབ་ཆས་དེ་དག་རས་པ་ཚོའི་ཤོད་སྲོལ་ལ་གནའ་བོའི་དུས་སུ་རས་པ་ཚོས་གླང་པོ་ཆེའི་སོག་རུས་ཀྱིས་རྔ་དང་རྩིབ་རུས་ཀྱི་རྔ་དབྱུག པགས  ་པས་རྔ་ལྤགས་བྱས་པར་གྲགས།
       དམངས་གཙོ་བཅོས་སྒྱུར་གྱི་སྔ་རོལ་དུ། བོད་ཀྱི་ས་གནས་སོ་སོར་རས་པའི་ལུགས་མ་འདྲ་བར་སྒྲིག་འཛུགས་སྣ་ཚོགས་ཡོད་ཀྱང་།  ཕལ་ཆེ་བར་དམངས་ཁྲོད་ཀྱི་ཁྱིམ་པའི་སྒྲིག་འཛུགས་ཡིན། སྟེང་དཀར་རས་པ་ལ་དམངས་ཁྲོད་ནས་དགོན་པ་དང་དགོན་པ་ནས་སླར་ཡང་དམངས་ཁྲོད་དུ་དར་བའི་བརྒྱུད་རིམ་ནང་དམིགས་བསལ་གྱི་སྒྲིག་འཛུགས་བྱེད་སྟངས་ཤིག་གྲུབ་ཡོད་དེ། ལྷག་པར་དུ་སྟེང་དཀར་རས་པ་དགོན་པའི་ནང་དུ་དར་ནས་བླ་གྲྭས་བཙུགས་པའི་འཁྲབ་སྟོན་རུ་ཁག་ནང་སྐྱེས་པ་ཁོ་ན་མ་གཏོགས་ཞུགས་མི་ཆོག་དམིགས་བསལ་ཁྱད་ཆོས་ཤིག་གྲུབ། ས་གནས་ཀྱི་རས་རྒན་ཚོའི་ཤོད་སྲོལ་ལྟར་ན། སྟེང་དཀར་རས་པ་ལ་ད་བར་མི་རབས་བཞིའི་ཁྱིམ་རྒྱུད་ལོ་རྒྱུས་ལྡན། ཁོང་ཚོ་ནི་ཕ་ནས་བུ་ལ་བརྒྱུད་པའི་སྐྱེས་པ་ཁོ་ན་ལས་གྲུབ་པའི་རས་པ་ཚོགས་པ་ཞིག་ཡིན། ལུགས་སྲོལ་དེ་ནི་བོད་ཤར་ཕྱོགས་ཀྱི་རས་པའི་སྒྲིག་འཛུགས་བྱེད་སྟངས་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ཞིག་རེད། དེ་ནི་སྟེང་དཀར་རས་པ་དང་དགོན་པ་འབྲེལ་བ་ཆགས་པའི་རྗེས་བྱུང་བའི་སྒྲིག་འཛུགས་ཀྱི་རྣམ་པ་ཞིག་ཀྱང་ཡིན་པར་ངེས་སོ། ། 
       རིན་ཐང་གཙོ་བོའི་སྐོར་ལ། ༡ འདི་ནི་བོད་བྱང་ཐང་ཁུལ་དུ་དར་བའི་ཅུང་ཆ་ཚང་བའི་དམངས་ཁྲོད་ཀྱི་ཆེད་ལས་འཁྲབ་སྟོན་སྒྲིག་འཛུགས་ཤིག་ཡིན་པས། བོད་ཀྱི་ཞབས་བྲོའི་སྒྱ་རྩལ་ཞིབ་འཇུག་བྱ་རྒྱུ་ལ་རིན་ཐང་ཆེན་པོ་ལྡན།  ༢ སྟེང་དཀར་རས་པ་དང་བོད་ཁུལ་གཞན་དུ་དར་བའི་རས་པའི་བར་མི་འདྲ་བའི་ཆ་མང་པོ་ཡོད་པ་ལས། དེའི་དམིགས་བསལ་ཀྱི་རྒྱུད་འཛིན་བྱེད་སྟངས་སོགས་ནི་མིའི་རིགས་དང་དམངས་སྲོལ་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་ཞིག་ཡིན། ༣ བོད་ཀྱི་རས་པའི་སྒྱུ་རྩལ་གྱི་བྱུང་བ་དང་འཕེལ་རྒྱས་ཞིབ་འཇུག་ཐད་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན། ༤ བོད་ཀྱི་གཏམ་བརྗོད་ཟློས་གར་སྒྱུ་རྩལ་ཐོག་མ་བྱུང་བའི་གནས་ཚུལ་དང་དམངས་ཁྲོད་སྒྱུ་རྩལ་རྒྱུད་འཛིན་སྐོར་ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆ་རྩ་ཆེན་ཞིག་ཀྱང་ཡིན་ནོ། །
       དེང་གི་ཆར། ཉམས་མྱོང་ཅན་གྱི་རས་རྒན་རྣམས་དགུང་ལོ་ཤིན་ཏུ་བགྲེས་པའམ། ལ་ལ་ཚེ་ལས་འདས་པ་སོགས་ཀྱི་རྐྱེན་པས། རས་པའི་འཁྲབ་རྩལ་མང་པོ་ཞིག་རྒྱུན་ཆད་བཞིན་ཡོད། ལྷག་པར་དུ་ད་ལྟའི་དུས་སུ་ལྟད་མོའི་རིགས་རྣམ་པར་བཀྲ་བས། སྲོལ་རྒྱུན་གྱི་སྟེང་དཀར་རས་པས་གཞོན་རབས་ཚོའི་སྤྲོ་བ་འཕེལ་མི་ཐུབ་པ་སོགས་ཀྱི་རྐྱེན་པས་འདི་ཉིད་ཉམས་གསོ་བྱ་རྒྱ་ནི་གནད་འགག་ཤིན་ཏུ་ཆེ། ང་ཚོ་ནག་ཆུ་ས་ཁུལ་འབྲི་རུ་རྫོང་སྟེང་དཀར་གྲོང་དུ་བསྐྱོད་ནས། རས་པའི་རྒྱུད་རབས་བཞི་པ་རས་པ་སྐལ་ཕྲུག་ཞེས་བྱ་བ་སྐུ་དངོས་ལ་བཅར་འདྲི་ཞུས་པ་ཡིན། ཁོང་ནི་སྟེང་དཀར་རས་པའི་ཁྱིམ་རྒྱུད་ཀྱི་རྗེས་རབས་ཉག་གཅིག་རེད་འདུག  ཁོང་གིས་ཡབ་མེས་གོང་མ་ཚོའི་རས་པ་སྒྱུ་རྩལ་རྣམས་རྒྱུན་འཛིན་བྱས་ཐོག དེ་རྣམས་གྲོང་སྡེ་ནང་གི་གཞོན་ནུ་ཚོ་ལ་སློབ་བཞིན་མཆིས། ཉེ་བའི་ལོ་འགའི་རིང་། ས་གནས་སྲིད་གཞུང་གི་ཐད་ཀའི་དབུ་ཁྲིད་དང་རོགས་སྐྱོར་འོག གྲོང་པ་ཡོངས་ཀྱི་རས་པ་ཚོགས་པ་སྒྲིག་འཛུགས་བྱས། དེ་ནས་བཟུང་སྟེང་དཀར་རས་པས་འུ་ལག་དང་ཡུལ་ངེས་མེད་དུ་རྒྱུ་སྟེ་འཁྲབ་སྟོན་ལ་བརྟེན་ནས་འཚོ་བ་བསྐྱལ་བའི་ལོ་རྒྱུས་མཇུག་རྫོགས་པར་བྱས། ཁོ་ཚོ་ཐེངས་མང་པོར་རྫོང་དང་ས་ཁུལ་དང་ལྗོངས་ཡོངས་ཀྱི་མང་ཚོགས་ལས་ཞོར་སྒྱུ་རྩལ་འཁྲབ་སྟོན་ནང་ཞུགས་ནས། རྒྱ་ཆེ་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ། ལྷག་པར་དུ་སྟེང་དཀར་རས་པའི་སྒྱུ་རྩལ་གྱིས་ནག་ཆུ་ས་ཁུལ་ཆེད་ལས་རིག་རྩལ་ལས་དོན་ཚོགས་པ་དང་། ཨ་མདོ་རྫོང་དང་སོག་རྫོང་སོགས་ཀྱི་ལས་ཞོར་འཁྲབ་སྟོན་རུ་ཁག་ལ་ཞབས་བྲོའི་རྒྱུ་ཆ་མང་པོ་མཁོ་བཏོན་བྱས་ཏེ། གནའ་བོའི་རས་པ་སྒྱུ་རྩལ་གྱི་རྣམ་པ་ལ་བཟོ་བཅོས་དང་ལེགས་སྒྲིག་དང་སྙིང་བསྡུས་ཡང་ཡང་བྱས་ནས་དེང་རབས་ཀྱི་གར་སྟེགས་སྒྱུ་རྩལ་གྱི་བརྩམས་ཆོས་སུ་གྲུབ་ཅིང་ནམ་ཡང་བྱང་འབྲོག་རྩྭ་ཐང་དུ་སྒྱུ་རྩལ་གྱི་འོད་ཟེར་འཕྲོས་པར་བྱས་སོ། ། 
རྩོམ་སྒྲིག་པ།སྣང་རྡོར།