ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

“སྟོད་གཞས་ཀྱི་ཕ་ཡུལ”ལྷ་རྩེ་རྫོང་དུ་རིག་གནས་ཀྱི་སྟོན་མོ་བཤམས་པ།

སྤེལ་དུས 2023-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན་གྱི་སྔ་དྲོ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་སྟོད་གཞས་རིག་གནས་ཀྱི་ཡུལ་སྐོར་འོས་སྦྱོར་དང་དངོས་ཟོག་བརྗེ་རེས་ཀྱི་ཚོགས་འདུ་སྐབས་བརྒྱད་པ་ལྷ་རྩེ་རྫོང་གི་སྟོད་གཞས་མི་དམངས་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ལྗོངས་ཕྱི་ནང་ནས་ཕེབས་པའི་སྐུ་མགྲོན་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མི། རྒྱལ་ལམ318བརྒྱུད་ནས་ཡོང་བའི་ཡུལ་སྐོར་བ3000ལྷག་ཙམ་ལྷ་རྩེ་རྫོང་གི་སྟོད་གཞས་མི་དམངས་ཐང་ཆེན་དུ་འཛོམས་ནས་ལྷ་རྩེའི་མི་དམངས་ཀྱི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་མཉམ་དུ་གཟིགས་པ་དང་ལྷ་རྩེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་རོལ་མྱོང་གནང་།

  འགོ་ཚུགས་མཛད་སྒོའི་ཡུལ་དངོས།
      ལྷ་རྩེ་ལ་རིག་གནས་ཀྱི་རྫོང་མཐུག་ཅིང་། ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དུ་གནས་པར་མ་ཟད་། གཞིས་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ150ཡོད་པས་གཞིས་རྩེ་གྲོང་ཁྱེར་ཁོངས་ཀྱི་ལྟེ་གནས་གཉིས་པ་དེ་རེད།
      “ལྷ་རྩེའི་སྟོད་གཞས”དེ་ཉིད་བོད་ལྗོངས་དང་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། 2019ལོ “ལྷ་རྩེའི་སྟོད་གཞས”ལ་བརྟེན་ནས་ལྷ་རྩེ་རྫོང2018ལོ་ནས2020ལོའི་བར“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་འབྱུང་ཁུངས”ཀྱི་མིང་ཐོར་བདམས་ཡོད།

  《བཀྲ་ཤིས་མདའ་དར》ཞེས་པའི་ལྷ་མོ་འཁྲབ་ཡུལ།

  འགོ་ཚུགས་མཛད་སྒོའི་ཐོག་གི་ལྟད་མོ་བ།
      ལྷ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཤིས་ཕུའུ་ཕིང་གིས་ཤིས་ཚིག་སྒྲོན་སྐབས། དེ་རིང་ང་ཚོས་འདི་གར་བྱེད་སྒོ་གཟབ་རྒྱས་སྤེལ་བ་དེ་ལྷ་རྩེའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ལྷ་རྩེའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ། ལྷ་རྩེའི་དཔལ་འབྱོར་སྤུས་ཚད་འཕེལ་རྒྱས་ཇེ་མཐོ་དང་ལྷག་པར་དུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུར་ཕན་པ། མི་རིགས་ཁག་དབར་སྤེལ་རེས་ཟབ་མོ་དང་མཉམ་འདྲེས། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ལ་ཕན་པ་ཡོད་ཅེས་གསུངས།
      འགོ་ཚུགས་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་།     འགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན“སྟོད་གཞས་ཀྱི་ཕ་ཡུལ། སྒྱུ་རྩལ་གྱི་འབྱུང་གནས”ཞེས་པར་དམིགས་ཤིང་། ལྷ་རྩེ་རྫོང་སྒྱུ་རྩལ་ཚོགས་པ་དང་། དམངས་ཁྲོད་ལས་ཞོར་འཁྲབ་སྟོན་རུ་ཁག ལྷ་མོ་རུ་ཁག་ཆེ་བ་དགུ ལོ་ཆུང་བྱིས་པའི་སྒྱུ་རྩལ་རུ་ཁག མང་ཕུ་ཞང་དང་། བཀྲ་ཤིས་སྒང་ཞང་། སྣེའུ་ཞང་སྒྱུ་རྩལ་རུ་ཁག་བཅས་ཀྱིས་ལྷ་མོ་དང་སྟོད་གཞས། གཞས་ཆེན། ལྷོ་གཞས། སྒོར་གཞས་འཁྲབ་སྟོན་བྱས་ཤིང་། ལྗོངས་ནང་ཁུལ་གྱི་གྲགས་ཅན་གཞས་པས་གླུ་དབྱངས་བཏང་།  འཁྲབ་སྟོན་ཧྲིལ་པོ་སྲོལ་རྒྱུན་གྱི་མི་རིགས་མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་ཀྱི་གླུ་གར་གཞི་རྒྱུ་མཉམ་འདྲེས་ཐུབ་པས།  འཁྲབ་སྟོན་གྱི་ནང་དོན་ལ་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་ལ་དུས་རབས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་ལྡན། དེ་ལས་ལྷ་རྩེའི་མི་རིགས་སོ་སོའི་མི་དམངས་ཀྱིས་དཔའ་ངར་ཆེར་སྐྱེད་དང་། མཐུན་སྒྲིལ་ཡར་བརྩོན། སྒོ་དབྱེ་ཁོང་ཡངས་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན།

  《ཇོ་ལགས་སྲས་ཆུང》ཞེས་པའི་སྟོད་གཞས་འཁྲབ་སྟོན་བྱ་ཡུལ།

  《བདེ་སྐྱིད་ལྡན་པའི་སྐྱིད་རུ》ཞེས་པའི་གཞས་ཆེན་འཁྲབ་སྟོན་བྱ་ཡུལ།     
      “ང་ཚོ་ནི་ལྷ་རྩེ་རྫོང་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཡིན། ང་ཚོའི་ཚོགས་པར་སློབ་ཆུང་སློབ་མ་ཡོད་ལ་དམའ་རིམ་སློབ་འབྲིང་དུ་སྐྱོད་མ་ཐག་པའི་སློབ་མ་ཡང་ཡོད། གར་སྟེགས་འདི་ལྟ་བུར་རང་ཕ་ཡུལ་གྱི་སྟོད་གཞས་ཀྱི་ཉམས་འགྱུར་ངོམ་རྒྱུ་བྱུང་བར་གཟི་བརྗིད་ཆེན་པོ་སྐྱེས་བྱུང་ལ།  རྗེས་མ་ད་དུང་ང་ཧུར་བརྩོན་ཆེན་པོས་བྱེད་སྒོ་འདི་འདྲར་ཞུགས་ངེས་ཡིན”ཞེས་ལོ14ལ་སླེབས་པའི་ངག་དབང་ལྷ་མོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་གསར་འགོད་པར་བཤད།

      《ཇོ་མོ་གླང་མའི་གར་སྟེགས་མདུན་མ》ཞེས་པའི་ལོ་ཆུང་བྱིས་པའི་སྟོད་གཞས་འཁྲབ་སྟོན་བྱ་ཡུལ།
      འཁྲབ་སྟོན་པར་སློབ་ཆུང་དུ་སྐྱོད་མཁན་གྱི་སློབ་མ་ཡོད་ལ་ལོ70ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཡང་ཡོད་ཅིང་། ཁོང་ཚོས་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རྒྱན་གོས་གྱོན་ནས་གླུ་ལེན་གར་འཁྲབ་བྱེད་ཀྱི་ཡོད།“ང་ཚོས་དེ་རིང་འཁྲབ་སྟོན་བྱས་པའི་གཞས་ཀྱི་མིང་ལ‘ལོ་ལེགས་ཀྱི་སྙན་དབྱངས’ཟེར། དེ་ནི་རྒན་རབས་ཚོས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་པའི་ཞབས་བྲོ་ཞིག་ཡིན་པས་ལོ་ངོ500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེ་རིང་ང་ཚོས་སྲོལ་རྒྱུན་གྱི‘བོ་དོང་སྒོར་གཞས’རྫོང་གི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཐུབ་པས་སྤོབས་སེམས་ཚད་མེད་སྐྱེ་གི་འདུག”ཅེས་བཤད། བཀྲ་ཤིས་སྒང་ཞང་གཡུ་ཐོག་གྲོང་ཚོའི་ཚེ་རིང་གིས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་དར་སྤེལ་བཏང་བ་མ་ཟད། ད་ཐེངས་ཁོང་གིས་ཀྱང་གྲོང་མི་ཚོའི་སྣེ་ཁྲིད་དེ་ལྷ་རྩེ་རྫོང་དུ་སྐྱོད་ནས་མཉམ་དུ་འཁྲབ་སྟོན་བྱས་ཡོད།
      སྐྱེ་སྟོབས་ཀྱི་དཔལ་འབར་ལ་སྤྲོ་སེམས་ཕྱོགས་བཞིར་ཁྱབ་པའི་ན་གཞོན་འཁྲབ་སྟོན་པ་ཕུད། གསར་འགོད་པས་གར་སྟེགས་ཐོག་ལོ་ན་མཐོ་ཙམ་གྱི་འཁྲབ་སྟོན་པ་ཚོས་བྲོ་འཁྲབ་བཞིན་པ་མཐོང་བྱུང་། ཚེ་རིང་གིས་གསར་འགོད་པར“ང་ཚོའི་ཚོགས་པར་ལོ70ལྷག་ཙམ་གྱི་བགྲེས་སོང་ཡོད་ལ་ལོ30ཙམ་གྱི་ན་གཞོན་ཡང་ཡོད། ང་ཚོས་འབད་བརྩོན་བྱས་ཏེ་ན་གཞོན་དེ་བས་མང་བ་གསོ་སྐྱོང་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་ང་ཚོའི་ཞབས་བྲོ་ཡང་དེ་བས་ཆེ་བའི་གར་སྟེགས་ཐོག་བསྐྱོད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས། 

  《ལོ་ལེགས་ཀྱི་ཉམས་འགྱུར》ཞེས་པའི་སྒོར་གཞས་འཁྲབ་སྟོན་བྱ་ཡུལ།

  བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་རྒྱན་གོས་འཁྲབ་སྟོན་བྱ་ཡུལ།
      ཕྱི་དྲོར། ལྷ་རྩེ་རྫོང་གི་སྟོད་གཞས་མི་དམངས་ཐང་ཆེན་དུ་ཞང་དང་གྲོང་རྡལ་ཁག་གི་ལས་བྱེད་མང་ཚོགས་སྒྲིག་འཛུགས་བྱས་ནས་མི་སྒེར་གྱི་སྟོད་གཞས་དང་མི་སྒེར་གྱི་དམངས་གླུའི་རིག་རྩལ་འགྲན་བསྡུར་གཉེར་བ་དང་། ཞང་དང་གྲོང་རྡལ་ཁག་ནས་ཡོང་བའི་འཐུས་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཡིད་ཆེས་ཀྱིས་ཁེངས་བཞིན་པའི་གོམ་སྟབས་སྤོས་ནས་གར་སྟེགས་ཐོག་བསྐྱོད་དེ་རང་སོ་སོའི་གླུ་གར་འཁྲབ་སྟོན་བྱས་པ་དང་། ཡུལ་དངོས་སུ་འཁྲུག་ཆ་དོད་ལ་འཁྲབ་སྟོན་གྱི་རྣམ་པ་ཧ་ཅང་གཞི་རྒྱ་ཆེན་པོ་ཡོད།    
      ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་སྟོད་གཞས་རིག་གནས་ཀྱི་ཡུལ་སྐོར་འོས་སྦྱོར་དང་དངོས་རྫས་བརྗེ་རེས་ཚོགས་འདུའི་ཐོག་ཏུ“གཙང་གི་གཞིས་རྩེའི་ཉམས་འགྱུར་དང་ཡར་ཀླུང་གི་གླུ་དབྱངས་ལ་ཉམས་ལེན་བྱེད”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ།“རིག་གནས་ཀྱི་ཡུལ་སྐོར་དང་ཡུལ་སྐོར་གྱི་རིག་གནས། ཡུལ་སྐོར་མཉམ་འདྲེས་བཅས་གཏིང་ཟབ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི”དམིགས་ཚད་དུ་བཟུང་བའི་བྱེད་སྒོའི་རིགས་ཧ་ཅང་མང་། སྣ་མང་ཕུན་སུམ་ཚོགས་པའི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཕུད། ད་དུང་དངོས་ཟོག་བརྗེ་རེས་ཚོགས་འདུ་དང་། ཚོང་འགུགས་མ་འདྲེན། ཡར་ཀླུང་གཙང་པོའི་རྐང་འཁོར་འགྲན་བསྡུར། རྟ་རྒྱུག་འགྲན་བསྡུར། མེ་ཕུང་མཚན་ཚོགས། རིག་རྩལ་མཚན་ཚོགས་སོགས་བརྒྱུད་ནས། ལྷ་རྩེའི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་ཡུལ་སྐོར་གྱི་ཐོན་ཁུངས་གང་ལེགས་མངོན་པར་བྱས་ཏེ། བོད་ལྗོངས་ཀྱི་སྟོད་གཞས་ཕ་ཡུལ་གྱི་སྐད་གྲགས་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་གཏོང་འཆར་ཡོད།
རྩོམ་སྒྲིག་པ། སྣང་རྡོར།