བྱར་ཟླ་བརྒྱད་པའི་རྩེ་ཁོག་རྩྭ་ཐང་གི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་། རྩེ་ཁོག་རྫོང་གི་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ། ཟླ་བརྒྱད་པའི་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོ་བཅས་ཟླ8པའི་ཚེས6ཉིན་རྩེ་ཁོག་རྩྭ་ཐང་དུ་གཟབ་རྒྱས་ངང་འཚོགས།
རྩེ་ཁོག་གི་བུ་ཕྲུག་མང་པོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཤིང་རིག་རྩལ་གྱི་ལྟད་མོ་གྲ་རྒྱས་བསྣམས་ཏེ། ཏང་དང་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་བསྟོད་གླུ་ལེན་ཞོར་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་མང་པོར་རིག་རྩལ་གྱི་ལེགས་སྐྱེས་གྱ་ནོམ་པ་བསྩལ་ཡོད།
རྩེ་ཁོག་རྫོང་གི་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དང་ཟླ་བརྒྱད་པའི་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོ་ནི་བགྲང་བྱ་མང་པོའི་རྩེ་ཁོག་གི་གྲུབ་འབྲས་བརྗོད་པའི་རྫོང་སྟོན་ཡིན་ལ་གནམ་ས་བླ་འོག་བརྗེས་པའི་འཕོ་འགྱུར་གྱི་བསྡུས་རིས་ཤིག་ཀྱང་རེད།
རྒྱུས་ལོན་བྱུང་བ་ལྟར་ན། འབྲོག་ལས་རིག་གནས་ཀྱི་རྔམ་ཁ་མཐུག་པའི་ཡུལ་གྲུ་འདིར་རྩྭ་ཐང་གི་དཀྱེལ་ཡངས་དང་སྦྲང་ཆར་གྱི་དངོས་གྲུབ་ཀྱིས་ཕྱོགས་བཞིའི་མགྲོན་པོར་བསུ་བ་བྱེད་བཞིན་འདུག རྩེ་ཁོག་རྫོང་གི་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དང་ཟླ་བརྒྱད་པའི་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོའི་ཡུལ་དངོས་སུ་ས་ཆ་སྟོད་སྨད་བར་གསུམ། ཉི་མ་ཤར་ལྷོ་སྒང་དྲུག་གི་ཕྱོགས་ཡོངས་སྐུ་མགྲོན་ལྷན་རྒྱས་ཕེབས་ཡོད་ལ། དགྱེས་འཛོམས་འདིར་གླུ་གར་གྱི་མཆོད་པ་ཡོད་ལ་ནོར་ལུག་འགྲན་སྡུར་དང་ས་སྒྱེ་འགྱོག་པ། ཐག་འཐེན། རྟ་རྒྱུག་སོགས་རྟ་འདོ་བའི་གོང་ཐང་བང་གིས་གཅོད་པ། སྟག་ཤར་བའི་གོང་ཐང་རྩལ་གིས་གཅོད་པའི་ངོ་མཚར་ལྟད་མོ་སྣ་ཚོགས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་སྐྱིད་ཚོར་དང་བདེ་ཚོར་ལ་སྔར་ལས་ལྷག་པའི་དུས་བཟང་གི་བགོ་སྐལ་བསྩལ་ཡོད།
ས་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6550ཡོད་པའི་རྩེ་ཁོག་ས་ཆའི་སྣོད་བཅུད་ཀུན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། རྩེ་ཁོག་རྫོང་བཙུགས་ནས་ལོ་ངོ་བདུན་ཅུ་ཡི་རིང་ནི་དཀའ་སྤྱད་འབད་འཐབ་དང་གཅིག་རྒྱུད་གཅིག་འཛིན་བྱས་ཏེ་འོངས། ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན། ཁུལ་རིམ་པ། དུས་སྐབས་རིམ་བྱུང་གི་རྩེ་ཁོག་རྫོང་ཨུ་དང་རྩེ་ཁོག་རྫོང་སྲིད་གཞུང་གིས་རྩེ་ཁོག་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པའི་བརྩེ་སེམས་ནི་དྲིན་གཟོའི་སྟོབས་ཤུགས་སུ་གྱུར་ཡོད་ལ། རྗེས་ལུས་ནས་ཡར་ཐོན་དང་། བཀག་སྡོམ་ནས་སྒོ་འབྱེད། དབུལ་ཕོངས་ནས་འབྱོར་འབྲིང་བཅས་བརྗིད་ཉམས་ཆེ་བའི་ལེའུ་ཞིག་བརྩམས་ཡོད།
དུས་རབས་གསར་པར་དྲིན་ལན་འཇལ། བགྲོད་ལམ་གསར་པར་སྟོབས་ཀྱིས་བསྐྱོད། རྩེ་ཁོག་ལ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་དཔེ་སྟོན་རྟེན་གཞི་དང་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ། རྒྱལ་ཡོངས་ནོར་གནག་དང་བོད་ལུག་ཕྱིར་གཏོང་རྫོང་ཆེན། རྒྱལ་ཡོངས་རྩྭ་ཐང་ཕྱུགས་ལས་རིམ་སྤོར་ཚོད་ལྟའི་རྫོང་སོགས་ཀྱི་མཚན་སྙན་ཐོབ་ཡོད་པས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱ་ཐུབ་ཅིང་སྔར་ལས་ལྷག་པའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་འཕྲད་ངེས་ལ། རྩེ་ཁོག་གི་འབྱུང་འགྱུར་ནི་སྔར་ལས་འོད་སྟོང་ལྡན་པ་ཞིག་ཡིན་པར་ཡིད་ཆེས་ཀྱིས་ཁེངས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།