དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

གཞིས་ཀ་རྩེ་རྒྱལ་རྩེའི་ཁ་གདན་བཟོ་རྩལ།

སྤེལ་དུས 2020-05-09 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།

        གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ནི་བོད་ལྗོངས་གྲགས་ཅན་ཁ་གདན་གྱི་ཕ་ཡུལ་ཞིག་ཡིན། རྒྱལ་རྩེའི་ཁ་གདན་དང་ཐུའུ་ཨར་ཇི་ཡི་ཁ་གདན། པོའོ་སིའི་ཁ་གདན་བཅས་ལ་ཡོངས་གྲགས་སུ་འཛམ་གླིང་གི་མིང་གྲགས་ཁ་གདན་ཆེན་མོ་གསུམ་ཞེས་བརྗོད་ཅིང་། དེ་ནི་བོད་བཙན་པོའི་སྐབས། མྱང་ཆུ་གཙང་པོའི་དཀྱིལ་རྒྱུད་ཁུལ(དེང་གི་པ་སྣམ་དབང་བསྟན་རྒྱུད་དུ)དུ་དབང་བསྟན་གྲུམ་ཙེ་ཞེས་པའི་ལག་ཤེས་བཟོ་རྩལ་ཞིག་བྱུང་ཞིང་། ཁུལ་དེ་ནི་དུས་ཡུན་རིང་པོའི་ནང་བོད་ལྗོངས་སྲོལ་རྒྱུན་ཁ་གདན་གྱི་ཐོན་ཡུལ་ཞིག་ཏུ་གྱུར་ཡོད། རྒྱལ་རྩེ་མི་དམངས་ཀྱིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྲུམ་ཙེའི་རྨང་གཞིའི་ཐོག་མུ་མཐུད་ནས་སྒྱུར་བཅོས་དང་གསར་གཏོད་བྱས་རྗེས། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྒྱལ་རྩེའི་ཁ་གདན་ཞེས་པ་བཟོ་ཐུབ་པ་བྱུང་། རྒྱལ་རྩེའི་ཁ་གདན་གྱིས་བོད་རིགས་ཀྱི་ལོ་ངོ་ཆིག་སྟོང་ལྷག་གི་ལག་ཤེས་བཟོ་རྩལ་གྱི་ལོ་རྒྱུས་མཚོན་ཐུབ་ཅིང་། རི་མོ་བཀོད་པ་དང་། སྐུད་པ་སྒྲིམ་པ། ཚོན་རྒྱག་པ། ཁ་གདན་འཐག་པ། ཁ་གདན་ལ་ཇེམ་ཙེ་རྒྱག་པ་ལ་སོགས་ཀྱི་ཐད་ལ་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཡོད།
        རྒྱལ་རྩེའི་ཁ་གདན་ལ་དམིགས་བསལ་གྱི་བཟོ་རྩལ་ཁྱད་ཆོས་ལྡན་ཡོད་དེ། ཚོན་མདངས་རྣམ་པར་བཀྲ་ལ་མཐུན་སྦྱོར་ལེགས་པ། ཁ་གདན་ངོས་འཇམ་ཞིང་མཉེན་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད་སྒྱུ་རྩལ་གྱི་རིན་ཐང་ཡང་ཧ་ཅང་ཆེན་པོ་ཡོད། དེ་ཡང་དེའི་ལོ་རྒྱུས་འབྱུང་ཁུངས་ངོས་ནས་བཤད་ན། རྒྱལ་རྩེ་ནི་བོད་ལྗོངས་གྲགས་ཅན་གྱི་ཁ་གདན་ཕ་ཡུལ་ཞིག་ཡིན་ཞིང་། དེར་ལོ་ངོ་དྲུག་རྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད་ལ། སྔ་དུས་ནས་བཟུང་ཁུལ་དེ་ནས་ཐོན་སྐྱེད་བྱས་པའི་ཁ་གདན་གྱི་སྙན་གྲགས་འཛམ་གླིང་གང་སར་ཁྱབ་ཡོད། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་ཆུ་བོའི་རྒྱུད་དུ། རྒྱལ་རྩེ་ཁུལ་གྱི་མི་དམངས་མང་ཚོགས་ཚོས་ཁུལ་གཞན་གྱི་སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་དང་། རྒྱུན་མཐུད་ཀྱི་ཞིབ་དཔྱད། ལག་ལེན་དངོས་ཀྱི་གསར་གཏོད་ལ་བརྟེན་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒྱལ་རྩེ་མི་རིགས་ཀྱི་རྩེར་སོན་ལག་རྩལ་ཞིག་གྲུབ་ཡོད་ལ། ས་ཁུལ་གྱི་ཁྱད་ཆོས་དང་དུས་རབས་ཀྱི་རྗེས་ཟིན་པའི་རྒྱལ་རྩེའི་ཁ་གདན་གྱིས་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་རྒྱལ་རྩེ་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་འཇོན་ཐང་མཚོན་ཐུབ། དེང་སྐབས་རྒྱལ་རྩེའི་ཁ་གདན་ནི་གཅེས་ཉར་བྱེད་པའི་བཟོ་བཀོད་མཛེས་རྩལ་གྱི་དངོས་པོ་ཞིག་ཏུ་གྱུར་ཡོད་ལ། བོད་ལྗོངས་ཁུལ་གྱི་རང་རྐྱ་འཕེར་བའི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཤིག་དང་། ས་ཁུལ་རང་ངོས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དགོས་ངེས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། རྒྱལ་རྩེའི་ཁ་གདན་ཐོན་སྐྱེད་བྱེད་པའི་ལོ་རྒྱུས་ཡུན་རིང་ཞིང་། དེ་ཡང་བོད་བཙན་པོའི་སྐབས། མྱང་ཆུ་གཙང་པོའི་དཀྱིལ་རྒྱུད་པ་སྣམ་དབང་བསྟན་དུ་དབང་བསྟན་གྲུམ་ཙེ་ཞེས་པའི་ལག་ཤེས་བཟོ་རྩལ་་བྱུང་ཞིང་། སྐབས་དེ་དུས་ཀྱི་དབང་བསྟན་གྱི་གྲུམ་ཙེ་ནི་མྱང་ཆུ་གཙང་པོའི་དཀྱིལ་རྒྱུད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ཆེན་མོ་གསུམ་གྱི་ཡ་གྱལ་ཡིན། ཐུན་མོང་ཀྱི་ཁྲོམ་རྭའི་ཐོག་ས་གནས་གཞན་གྱི་ཐོན་རྫས་དང་བརྗེས་པོ་རྒྱག་པ་དང་ཕྱིར་འཚོང་བྱེད་ཀྱི་ཡོད། དེ་རྗེས་ཀྱི་དུས་ཡུན་ཧ་ཅང་རིང་བའི་ལོ་རྒྱུས་ཀྱི་དུས་སྐབས་ནང་། མྱང་ཆུ་གཙང་པོའི་དཀྱིལ་རྒྱུད་ནི་མུ་མཐུད་ནས་གྲུམ་ཙེ་ཐོན་སྐྱེད་བྱེད་པའི་ལྟེ་བར་གྱུར་ཡོད། དུས་ཕྱིས་སུ་ས་སྐྱ་བས་དབང་སྒྱུར་བྱེད་པའི་དུས་སྐབས་སུ་གྲུམ་ཙེའི་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་མ་ཟད་། ཅུང་ཆ་ཚང་བའི་གྲུམ་ཙེའི་རི་མོ་ཡང་མངོན་འགྱུར་བྱུང་ཡོད་ལ། མུ་མཐུད་གསར་གཏོད་འགྱུར་བ་བཏང་ནས་རིམ་བཞིན་སྲོལ་རྒྱུན་གྱི་གྲུམ་ཙེ་ནས་དེང་རབས་ཀྱི་གྲུམ་ཙེའི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད་པ་མ་ཟད། དམིགས་བསལ་གྱི་རྒྱལ་རྩེའི་ཁྱད་ཆོས་ལྡན་པའི་གྲུམ་ཙེ་ཞིག་ཀྱང་གྲུབ་ཐུབ་པ་བྱུང་ཡོད། དེ་སྔོན་དབྱིན་ཇིའི་ཚོང་པས་རྒྱལ་རྩེར་ཁ་གདན་བཟོ་རྩལ་གྱི་བཟོ་གྲྭ་ཆུང་ཆུང་དང་བཟོ་རྩལ་སློབ་གྲྭ་ཆུང་ཆུང་ཡང་འཛུགས་མྱོང་ཡོད། དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཏེ། རྒྱལ་དབང་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དུས་སུ། རྒྱལ་རྩེའི་གྲུམ་ཙེ་ཐོན་ལས་དེ་ཆ་ཚང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཐུབ་པ་བྱུང་སྟེ། རྒྱལ་རྩེ་བོད་ལྗོངས་ཀྱི་གྲུམ་ཙེ་ཐོན་སྐྱེད་བྱེད་པའི་ལྟེ་བར་གྱུར་ཡོད། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་གྱི་དུས་སྐབས་སུ་རྒྱལ་རྩེའི་གྲུམ་ཙེ་ཐོན་ལས་དེ་དར་རྒྱས་ཆེས་ཆེ་བའི་དུས་སྐབས་སུ་སླེབས་ཐུབ་པ་བྱུང་ཡོད་པ་མ་ཟད། རྒྱལ་རྩེ་གྲོང་ཁུལ་གྱི་གྲོང་མི་ཕྱེད་ཀ་ལྷག་ཙམ་ཚང་མས་གྲུམ་ཙེ་ཐོན་སྐྱེད་བྱེད་ཀྱི་ཡོད་ལ། ཐོན་སྐྱེད་བྱས་པའི་བཟོ་རྩལ་དག་བོད་ལྗོངས་སུ་རྩེར་སོན་གྱི་གོ་གནས་བཟུང་ཐུབ་པ་བྱུང་། དེ་དང་དུས་མཚུངས་སུ་རྒྱལ་རྩེ་གྲོང་ཁུལ་དུ་ད་དུང་གྲུམ་ཙེ་ཐོན་སྐྱེད་བྱེད་པའི་ཚན་པ་གྲུབ་ཡོད་ལ། དེ་ལས་གྲུམ་ཙེ་ཐོན་སྐྱེད་བྱེད་སྟངས་ལ་སྒྲིག་འཛུགས་ཡོད་པ་དང་། དོ་དམ་ཡོད་པ། ཐུན་མོང་གི་ཐོན་སྐྱེད་བྱེད་ལུགས་ཡོད་པའི་ཕྱོགས་སུ་འཕོ་འགྱུར་བྱུང་ཡོད། དེ་རྗེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྒྱལ་རྩེར་བཅའ་སྡོད་བྱས་པ་ནས། ཏང་དང་སྲིད་གཞུང་གིས་རྒྱལ་རྩེའི་གྲུམ་ཙེའི་ཐོན་སྐྱེད་ལ་དོ་ཁུར་དེ་བས་ཆེ་རུ་སོང་བ་མ་ཟད། འཕེལ་རྒྱས་ཡང་ཆེན་པོ་ཕྱིན་ཡོད། དུས་སྐབས་དེའི་ནང་ལོ་ངོ་ཆིག་སྟོང་ལྷག་གི་གྲུམ་ཙེ་ཞེས་པའི་མིང་དེ་ཡང་རིམ་བཞིན་ཁ་གདན་ཞེས་པར་འགྱུར་བ་བྱུང་ཡོད་ལ་ད་བར་བེད་སྤྱད་བཞིན་ཡོད།
        ༡༩༥༤ལོར་མུ་མཐུད་ནས་རྒྱལ་ཙེའི་ཁ་གདན་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་སོང་ཞིང་། ཀྲུང་གོ་རྒྱལ་རྩེ་བཟོ་ཚོགས་ཡན་ལག་ནས་ཁ་གདན་ཐོན་སྐྱེད་བྱེད་པའི་ཁྱིམ་ཚང་ལ་སྒོར་ཁྲི་བཅུ་ལྷག་ཙམ་གྱི་སྐྱེད་མེད་བུ་ལོན་བཏང་ཡོད་པ་དེ་ལས་དེ་སྔོན་ཁ་གདན་ཐོན་སྐྱེད་བྱེད་མཁན་ཁག་གཅིག་ཕྱི་ཕྱོགས་སུ་བསྐྱོད་པ་ནས་སླར་རྒྱལ་རྩེར་ལོག་ནས་ཁ་གདན་ཐོན་སྐྱེད་བྱེད་ཐུབ་པ་བྱུང་ཡོད། དམངས་གཙོའི་བཅོས་འགྱུར་བཏང་རྗེས། རྒྱལ་རྩེའི་ཁ་གདན་ཐོན་ལས་འཕེལ་རྒྱས་དེ་བས་ཆེ་རུ་སོང་ཡོད་དེ། ཁ་གདན་ཐོན་སྐྱེད་བྱེད་པའི་གཞི་ཁྱོན་ཆེ་རུ་སོང་བ་ཁོ་ན་མིན་པར་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་ལེགས་བཅོས་ཐུབ་ཡོད་པ་མ་ཟད། མཉམ་ལས་ཐོན་སྐྱེད་བྱེད་པའི་ལམ་ལུགས་ལ་འཕེལ་འགྱུར་སོང་བ། ཐོན་སྐྱེད་ལག་རྩལ་གྱི་ཕན་ནུས་ཡང་གོང་ཐོར་སོང་བ་བཅས་སོ། གཞན་ད་དུང་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་བསལ་གྱི་ནུས་པ་ངེས་ཅན་ཐོན་ཐུབ་པ་ཡང་བྱུང་ཡོད། ཁ་གདན་གྱི་གཞི་རྩའི་ནང་དོན་ངོས་ནས་བཤད་ན། རྒྱས་སྐྲུན་བྱས་རྗེས་ཀྱི་རྒྱལ་རྩེ་ཁ་གདན་བཟོ་གྲྭས་བལ་བཀྲུ་བ་དང་། སྤུ་འཁེལ་བ། ཚོས་རྒྱག་པ། འཁལ་ཐག་བྱེད་པ། ཇེམ་ཙེ་རྒྱག་པ། ཁ་གདན་བཀྲུ་བ། ཇུས་བཀོད་བྱེད་པ། སྤུས་ཚད་ཞིབ་བཤེར་བྱེད་པ། ཐོན་རྫས་དངོས་པོ་བཤམས་འཚོང་བྱེད་པ། བཟོ་པར་སྦྱོང་བརྡར་བྱེད་པ་བཅས་ཡུག་གཅིག་ཏུ་སྦྲེལ་ཡོད་ལ། ཐོན་སྐྱེད་བྱེད་པ་དང་། ཕྱིར་འཚོང་བྱེད་པ། གཉེར་སྐྱོང་དོ་དམ་བྱེད་ལུགས་དེང་རབས་ཅན་གྱི་ཚད་ལྡན་ཁེ་ལས་ཤིག་ཏུ་གྱུར་ཡོད། དེ་བཞིན་དུ་ཐོན་རྫས་དངོས་པོའི་རྣམ་གྲངས་མང་ཞིང་། སོ་སོར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། རྒྱལ་རྩེའི་ཁ་གདན་ལ་མཐུད་ཁ་མི་འདྲ་བ་དང་བཟོ་རྩལ་མི་འདྲ་བར་གཞིགས་ནས་དབང་བསྟན་གྲུམ་ཙེ་དང་། གྲུམ་ཙེ་ལ་སོགས་ཡོད་ལ། བེད་སྤྱོད་མི་འདྲ་བར་གཞིགས་ན། ཁ་གདན་དང་། ས་གདན་སོགས་ཡོད། རྒྱལ་རྩེ་ཁ་གདན་བཟོ་གྲྭས་ད་ལྟ་ཐོན་རྫས་མི་འདྲ་བ་ཁྱོན་བརྒྱ་ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། དེ་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་ལྡན་ཡོད། རྒྱལ་རྩེ་ཁ་གདན་བཟོ་གྲྭས་བེད་སྤྱོད་པའི་བལ་སྐུད་དང་། སྲིང་བལ་གྱི་སྐུད་པ། རྒྱུ་སྤུ་ཚང་མ་རྒྱུ་ཆ་སྤུས་དག་ཡིན་པ་མ་ཟད། གནའ་རྫས་འདྲ་བཟོ་འོས་ཞིང་འཚམ་ཞིང་། སྤྱད་པའི་རྒྱུ་ཆ་དག་འཇམ་རྩུབ་གཉིས་ལྡན་ཡིན་པ་གང་ཞིག  བརྐྱང་བསྐུམ་གྱི་རང་བཞིན་ཤུགས་ཆེ་བ། འོད་མདངས་ཆེ་ཆུང་འཚམ་པའི་ལྷད་མེད་སྤུས་དག་གི་ལུག་བལ་དང་ལྷད་མེད་ཀྱི་འབྲི་གཡག་བལ་སྤུ། ལྷད་མེད་ཀྱི་ར་སྤུ་ལ་སོགས་བེད་སྤྱོད་བཞིན་ཡོད། རྒྱལ་རྩེའི་ཁ་གདན་གྱིས་བོད་མི་རིགས་ཀྱི་ལོ་ངོ་ཆིག་སྟོང་ལྷག་གི་ནང་ཐོག་མར་བལ་ལས་ཐོན་རྫས་ཁ་གདན་བཟོ་བའི་འགོ་བརྩམས་ཡོད་ཅིང་། རིགས་མི་འདྲ་བའི་ཐོན་རྫས་མང་པོ་རྒྱུད་རྗེས་གཞི་ནས་དེང་གི་རྒྱལ་རྩེའི་ཁ་གདན་ཞེས་པའི་མཚོན་རྟགས་དེ་གྲུབ་ཡོད་ཅིང་། ཐོན་རྫས་དེའི་བེད་སྤྱོད་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ཡིན། རྒྱལ་རྩེའི་ཁ་གདན་གྱི་ཁྱད་ཆོས་ངོས་ནས་བརྗོད་ན། གཅིག རི་མོ་དཔེ་གསར་ཅན་ཡིན་པ་གང་ཞིག  དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། གཉིས། མཚོན་མདངས་རྣམ་པར་བཀྲ་ལ། ནམ་ཡང་ཚོན་ལོག་མི་བྱེད་པ། གསུམ། རྒྱུ་ཆ་སྤུས་དག་བེད་སྤྱད་པས། ཐོན་རྫས་དངོས་པོ་བློས་འགེལ་ཆོག་པ། བཞི། བཟོ་རྩལ་རྩེར་སོན་ཞིང་། ཐོན་རྫས་དངོས་པོ་མཛེས་ཤིང་སྤམ་ཉམས་དོད་པ། ལྔ། ཐོན་རྫས་རིགས་མང་ཞིང་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ།
        མདོར་ན། རྒྱལ་རྩེ་ཁ་གདན་ནི་རང་རྒྱལ་གྱི་ཁ་གདན་སྣ་བརྒྱའི་ལྡུམ་རའི་ནང་གི་མེ་ཏོག་སོས་པ་ཞིག་དང་མཉམ་ཞིང་། དེའི་རྒྱུ་ཆ་ལྷད་མེད་སྤུས་གཙང་ཡིན་ལ། བཟོ་རྩལ་སེར་སོན་པ། རིགས་འདྲ་མིན་སྣ་ཚོགས་པ། ཚོན་མདངས་མཛེས་སྡུག་ཡིད་དུ་འོང་བ། ཡུལ་སྐོར་བ་དང་ལྷག་པར་དུ་བོད་རིགས་མི་དམངས་ཚོས་ཧ་ཅང་དགའ་པོ་བྱེད་པའི་ཐོན་རྫས་ཤིག་ཏུ་གྱུར་ཡོད། དེ་ལྟར་རྒྱལ་རྩེའི་ཁ་གདན་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་གོང་རིམ་གྱི་དབུ་ཁྲིད་དང་འབྲེལ་ཡོད་ཚན་པས་སྣང་ཆེན་བྱས་པ་དང་ཁ་བྲལ་ཐབས་མེད། ཕྱིས་བྱུང་ཡང་རྒྱལ་རྩེའི་ཁ་གདན་གྱི་ལམ་བུ་དེ་བས་འོད་ཟེར་དང་ལྡན་པ་ཞིག་ཡོང་ཆེད། དེ་དང་འཚམ་པའི་སྲུང་སྐྱོབ་གི་འཆར་གཞི་བཟོ་རྒྱུ་དགོས་གལ་ཆེ་ལ། རྒྱལ་རྩེའི་ཁ་གདན་བཟོ་རྩལ་གྱི་འབྱུང་ཁུངས་དང་། འཕེལ་རྒྱས་ཀྱི་ལོ་རྒྱུས། རིན་ཐང་སོགས་ལ་གསལ་རྟོགས་མཐིལ་ཕྱིན་པ་བྱས་ནས་ཆེད་ལས་མཁས་པ་གདན་ཞུ་ཀྱིས། སྤྱི་ཚོགས་ཐོག་གི་གཞོན་ནུ་མི་ཉུང་བ་ཞིག་ལ་བལ་བཀྲུ་བ་དང་། སྤུ་འཁེལ་བ། ཚོས་རྒྱག་པ། འཁལ་ཐག་བྱེད་པ། ཇེམ་ཙེ་རྒྱག་པ། ཁ་གདན་བཀྲུ་བ། ཇུས་བཀོད་བྱེད་པ་ལ་སོགས་ཀྱི་ཆེད་ལས་ཤེས་བྱ་དང་འཇོན་ཐང་གསོ་སྐྱོབ་བྱ་ཕྱིར་དུས་ཚོད་ངེས་ཅན་བེད་སྤྱད་ནས་སྦྱོང་བརྡར་དང་། སྒྱུ་རྩལ་རྒན་རབས་པ་གདན་ཞུ་བྱས་ནས་དེང་གི་ཁ་གདན་བཟོ་གྲྭའི་ལས་མིར་མུ་མཐུད་ནས་སྲོལ་རྒྱུན་གྱི་ཁ་གདན་སླས་འཐག་བྱེད་ཐབས་སློབ་ཁྲིད་བྱས་ནས། སྔར་ཡོད་ཀྱི་སྲོལ་རྒྱུན་ཁ་གདན་ལ་སྲུང་སྐྱོབ་གི་ནུས་པ་ཆེན་པོ་ཐོན་པ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེའོ།།