བོད་ཀྱི་རིག་གནས་ཤུལ་བཞག་17རྒྱལ་ཁབ་རིམ་པའི་འོས་སྦྱོར་ནང་ཚུད་འདུག
སྤེལ་དུས 2021-01-08
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་ནས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ཁག་ལྔ་པའི་འོས་སྦྱོར་རྣམ་གྲངས་ཀྱི་སྤྱི་བསྒྲགས་མིང་ཐོའི་ནང་། རང་ལྗོངས་ཀྱི་རྣམ་གྲངས་17ཚུད་ཡོད་པ་རེད། རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའི་འབྲེལ་ཡོད་འགན་འཁུར་བས་དེ་གོང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་བཞིའི་ནང་རང་ལྗོངས་ཀྱི་རྣམ་གྲངས་89བདམས་ཡོད་ཅེས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་སྤྱི་བསྒྲགས་བྱས་པའི་མིང་ཐོའི་ནང་བོད་ཀྱི་གསོ་བ་རིག་པ་དང་མོན་པ་རིགས་ཀྱི་སོ་མའི་དམངས་གཞས་སོགས་རྣམ་གྲངས་17བདམས་ཡོད་པ་དང་། འདེམས་ཚད་56.67%ཟིན་པ་དེ་རང་ལྗོངས་ཀྱི་རྣམ་གྲངས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བཞི་པར་འདེམས་པ་དང་བསྡུར་ན། འདེམས་ཚད་23.53%མཐོ་རུ་སོང་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། 2020ལོར་རིག་གནས་དང་ཡུལ་སྐོར་པུས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་དཔྱད་ཞིབ་ཨུ་ལྷན་སྒྲིག་འཛུགས་བྱས་ཏེ་དཔྱད་ཞིབ་དང་གྲོས་ཞིབ་བྱས་པ་བརྒྱུད། འདྲ་མཉམ་དང་། དྲང་གཞག ཡོངས་བསྒྲགས་བཅས་ཀྱི་རྩ་དོན་ལྟར་རྒྱལ་ཡོངས་ནས་འོས་སྦྱོར་དང་འདུན་ཞུ་བྱས་པའི་རྣམ་གྲངས་943གྱི་ནང་ནས་རྣམ་གྲངས་337རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ཁག་ལྔ་པའི་འོས་སྦྱོར་རྣམ་གྲངས་ཀྱི་སྤྱི་བསྒྲགས་མིང་ཐོའི་ནང་བཅུག་ཡོད་པ་རེད། སྤྱི་བསྒྲགས་ཀྱི་དུས་ཡུན་ཐིམ་རྗེས་རིག་གནས་དང་ཡུལ་སྐོར་པུས་འབྲེལ་ཡོད་གོ་རིམ་ལྟར་དངོས་སུ་ཡོངས་བསྒྲགས་བྱ་རྒྱུ་རེད།
སྤྱི་བསྒྲགས་མིང་ཐོའི་ནང་། མོན་པ་རིགས་ཀྱི་སོ་མའི་དམངས་གཞས་དང་། སྒྲ་སྙན་དཀྲོལ་གཏོང་། སྲོལ་རྒྱུན་གྱི་སྦྲ་གུར་འཐག་བཟོའི་ལག་རྩལ། བྲོ། རྟ་རྒྱུག བོད་ཀྱི་ཐང་ག སྤོས་བཟོའི་ལག་རྩལ་དང་དེ་བཞིན་བོད་ཀྱི་གསོ་བ་རིག་པ་སོགས་ཚུད་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།