ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

【ཕ་ནོར་གཡུ་ཡི་ཕྲེང་བ།】ཟློས་གར་མེས་པོའི་ཕྱག་རྒྱུན།

སྤེལ་དུས 2021-08-23 ཡོང་ཁུངས། ཨ་མདོ་བརྙན་འཕྲིན། རྩོམ་པ་པོ།
           རྨ་འབྲིའི་རླབས་ཀྱི་ཟེགས་མའི་ལེ་ཚན་ལས༼   ཕ་ནོར་གཡུ་ཡི་ཕྲེང་བ།༽
           ལེའུ་དང་པོ། ཟློས་གར་མེས་པོའི་ཕྱག་རྒྱུན།

           གངས་རིའི་ལྗོངས་ཀྱི་ངག་རིག་སྨྲ་བའི་དབང་པོ་ཞང་ཞུང་ཆོས་དབང་གྲགས་པ་མཆོག་གིས། ཟློས་གར་སྙན་ཚིག་རོ་འཛིན་དང་།། བྲལ་བའི་སྐྱེ་བོ་ལྐུགས་པ་སྟེ།། ཞེས་པ་ལྟར། ཟློས་གར་ནི་མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་ཀྱི་ལམ་ཚད་ཅིག་ལ་འཛམ་གླིང་སྒང་གི་ཤེས་ནས་སྨྲ་བ་ཀུན་གྱིས་མགྲིན་གཅིག་ཏུ་ཁས་འཆེས་བཞིན་ཡོད་དེ། མཚན་ཉིད་རིག་པ་བ་ཧུའུ་ཀེར་གྱིས་ཀྱང་། མི་རིགས་གང་ལ་ཟློས་གར་ཡོད་པ་དེས། མི་རིགས་གང་དེ་དར་རྒྱས་ལེགས་པར་ཕྱིན་པ་མཚོན་ཡོད་ཅེས་སྡོམ་ཚིག་གི་རྒྱས་བཏབས་ནས་ཡོད།

           ཟློས་གར་རིག་པ་ནི་བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཏེ། དུས་ཡུན་ཆེས་སྔ་མོ་ཞིག་ནས་བོད་རང་གི་ཟློས་གར་འདི་ཉིད་འཛམ་གླིང་ཡང་རྩེ་འདི་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་མགོ་བརྩམས་ཡོད་དེ། བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ཏུ། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ཀྱི་དགའ་སྟོན་དུ། གར་འཆམ་འབག་འཆམ་སོགས་ཧ་ཅང་དར་བའི་ལོ་རྒྱུས་ལེགས་པར་མཇལ་དུ་ཡོད། རིམ་གྱིས་དུས་རབས་བཅུ་གཉིས་པའི་ནང་དུ་གངས་རིའི་ལྗོངས་ཀྱི་སྨྲ་བའི་དབང་ཕྱུག་ཆེན་མོ་ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་མཁས་འཇུག་དང་ཟློས་གར་རབ་དགའི་འཇུག་པ་སོགས་ཀྱི་བསྟན་བཅོས་མཛད་དེ། ཟློས་གར་འདི་ཉིད་རིག་པའི་གཞུང་ལུགས་ཀྱི་རྒྱས་བཏབས་པ་ནི་ཟློས་གར་འཕེལ་རྒྱས་ཀྱི་ལམ་ཚད་གསར་པ་ཞིག་ཏུ་བཞད་དོ།།
རྩོམ་སྒྲིག་པ། སྣང་རྡོར།