ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

རྔམ་བརྗིད་སྟོང་གིས་ཕྱུག་པའི་ཕོ་བྲང་སེང་འབྲུག་སྟག་རྩེ།

སྤེལ་དུས 2023-04-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
        མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འཛུགས་སྐྲུན་ཤང་གི་རྒྱབ་རི་ནས་རྒྱང་ལྟ་བྱས་ཚེ། རྔམ་བརྗིད་སྟོང་གིས་ཕྱུག་ཀྱང་། བཀོད་པ་ཕུན་སུམ་ཚོགས་པའི་ཕོ་བྲང་གི་བཀོད་པ་ཞིག་མིག་གི་དགའ་སྟོན་དུ་མངོན་ཡོང་བ་དང་། དེའི་རི་འདབས་ཀུན་ཏུ་རྨ་ཆུ་སྔོན་མོ་དལ་གྱིས་འབབ་བཞིན་ཁུག་སོ་དང་ཁུག་སོ་བྱས་ནས་ཡོངས་སུ་བསྐོར་ཡོད། ཕོ་བྲང་གི་བཀོད་པ་ཡིད་དུ་འོང་བ་འདི་ནི། གེ་སར་རྒྱལ་བོའི་ཕོ་བྲང་སེང་འབྲུག་སྟག་རྩེ་ཡིན་ལ། མགོ་ལོག་ཁུལ་གྱི་ཆེས་འཐུས་ཚབ་རང་བཞིན་ལྡན་པའི་གེ་སར་གྱི་ལོ་རྒྱུས་ལྡན་པའི་ཤུལ་བཞག་ཀྱང་ཡིན།
        སྟོད་ན་རྒོད་ཚང་ཁ་གཡར།། བར་ན་སེང་འབྲུག་སྟག་རྩེ།། སྨད་ན་ཇ་མཁར་རིང་མོ།། ཞེས་པ་ལྟར། ད་ལྟའི་ཕོ་བྲང་སེང་འབྲུག་སྟག་རྩེ་ནི་གླིང་སྒྲུང་སོགས་ལོ་རྒྱུས་རྒྱུ་ཆ་རྨང་གཞི་བྱས་ཤིང་ཆེད་མཁས་པ་སོགས་ཀྱིས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད་བསྐྲུན་པ་ཞིག་ཡིན་ལ། ཕོ་བྲང་གཙོ་བོར། གཙོ་མཁར་དང་མཁར་གྱང་། མཁར་སྒོ། སོ་མཁར་བཅས་ཀྱིས་གྲུབ་ཡོད། ཕྱོགས་བཞིར་སོ་མཁར་བཞི་ཡོད་ཅིང་། སོ་སོ་ནི་ཤར་རྫོང་ཇ་མཁར་ཕྱུག་མོ་དང་། ལྷོ་རྫོང་ཇ་མཁར་དགུ་སྒྲིལ། ནུབ་རྫོང་ཇ་མཁར་རིང་མོ། བྱང་རྫོང་ཇ་མཁར་སྨུག་པོ་བཅས་ཡིན། ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞི་བོར་མཁར་སྒོ་རེ་ཡོད་ཅིང་། ངག་རྒྱུན་ལ་གླིང་གི་དཔའ་རྟུལ་བཞིས་མཁར་སྒོ་སྲུང་ཡོད་པར་བཤད། སྒོ་ཆེན་གྱི་མདུན་དུ་གེ་སར་རྒྱལ་པོའི་སྐུ་བརྙན་ཆེན་པོ་ཞིག་ཡོད་ཅིང་། དེའི་གཡས་སུ་རྒྱ་ཚ་ཞལ་དཀར་དང་གཡོན་དུ་ཚ་ཞང་འདན་མ་བྱང་ཁྲའི་སྐུ་བརྙན་བསླངས་ཡོད་ལ། སོ་སོ་རྟར་ཞོན་ཏེ་ལག་ཏུ་མཚོན་ཆ་བཟུང་ཡོད་པས་གཟི་བརྗིད་དང་ཟིལ་ཤུགས་ཀྱིས་ཀུན་ནས་ཕྱུག་ཡོད།

 

 

 

        གསར་དུ་བསྐྲུན་པའི་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེ་ལ་བོད་ཀྱི་གནའ་བོའི་བཟོ་སྐྲུན་གྱི་ལག་རྩལ་བཀོལ་ཡོད་ལ། གཙོ་མཁར་གྱི་མཐོ་ཚད་ལ་སྨི23ཡོད་ཅིང་། བསྡོམས་པས་ཐོག་རྩེག་ལྔ་ཡོད། ས་འོག་ཏུ་དཔའ་རྟུལ་སོ་སོའི་མཚོན་ཆ་སོགས་རིག་དངོས་རྩ་ཆེན་བཤམས་ཡོད་པ་དང་། གཅིག་ཐོག་སྟོང་ཤོང་དཀར་མོ་དང་། གཉིས་ཐོག་སྨུག་པོ་དགུ་སྒྲིལ་དུ་གེ་སར་རྒྱལ་པོའི་སྐུ་བརྙན་ཆེན་པོ་དང་དཔའ་རྟུལ་སུམ་ཅུའི་སྐུ་བརྙན་བཞུགས་ཡོད་ཅིང་། གསེར་མདོག་གི་སྐུ་བརྙན་ཆེན་མོ་དག་གི་བཟོ་རྩལ་ཁྱད་དུ་འཕགས་པས་ས་གནས་དེ་གའི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཡང་རྩེར་གྱུར་ཡོད། སུམ་ཐོག་བསམ་འགྲུབ་སྟག་རྩེ་དང་བཞི་ཐོག་རྒོད་ཚང་ཁ་གཡར། ལྔ་ཐོག་སེང་འབྲུག་སྟག་རྩེ་བཅས་སུ་གེ་སར་རྒྱལ་པོའི་མཛད་འཕྲིན་བྲིས་པའི་ཐང་ག113བཞུགས་ཡོད་ལ། གླིང་གི་དཔའ་རྟུལ་བརྒྱད་ཅུའི་ལྡེབས་རིས་དང་། དེ་མིན་རིག་དངོས་དང་འབྲེལ་ཡོད་དཔེ་ཆ་མང་པོ་བཤམས་ཡོད། གསེར་ཁུ་བྱུགས་པའི་ལྡེབས་ངོས་དང་གསེར་ཟངས་ཀྱི་སྐུ་བརྙན་ཆེན་པོས་མིའི་ཡིད་དབང་ཅིག་གྱུར་ཏུ་འཕྲོག་པར་བྱེད། གཞན་ཕོ་བྲག་ནང་གི་གེ་སར་རྒྱལ་པོ་དང་དཔའ་ཆེན་སུམ་ཅུའི་སྐུ་བརྙན། ཐང་ག་སོགས་སྒྱུ་རྩལ་བརྩམས་ཆོས་ཚང་མ་རེབ་གོང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའམ་འབག་བཟོ་བ་ཆེན་མོ་ཤ་བོ་ཚེ་རིང་གིས་དངོས་སུ་བཞེངས་པ་རེད།
 
 

       2009ལོར་མཉམ་འབྲེལ་རྒྱལ་ཁབ་ཀྱིས་གེ་སར་རྒྱལ་པོའི་སྒྲུང་དེ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་མིང་གཞུང་དུ་བཀོད་པ་དང་། ཕོ་བྲང་སེང་འབྲུག་སྟག་རྩེ་ལ་གླིང་སྒྲུང་གི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ། དར་སྤེལ་གཏོང་བར་ལོ་རྒྱུས་ཀྱི་དགོས་གལ་དང་རིག་གནས་ཀྱི་དོན་སྙིང་ཆེན་པོ་ཡོད་པ་དང་། ཕོ་བྲང་ནང་དུ་གླིང་སྒྲུང་དང་འབྲེལ་བའི་རིག་དངོས300ལྷག་བསྡུ་ཉར་བྱས་ཡོད་པས། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཡང་གཞལ་དུ་མེད་པ་ལྡན་ནོ། །
རྩོམ་སྒྲིག་པ། སྣང་རྡོར།