ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

བོད་ཀྱི་གསོ་རིག་སྐོར་ལ་རྒན་དབང་འདུས་ལགས་ལ་བཅར་འདྲི་ཞུས་པ།

སྤེལ་དུས 2023-04-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཐོག་མར་རྒན་ལགས་ཁྱེད་ཉིད་ནས་བོད་ཀྱི་གསོ་རིག་སློབ་གཉེར་དང་ཕྱག་ལས་གནང་རིང་གི་ལོ་རྒྱུས་རགས་ཙམ་ངོ་སྤྲོད་གནང་རོགས།
          ང་རང་1951ལོའི་ཟླ་5པར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དུ་སྐྱེས་ཤིང་། ལོ་8ནས་བཟུང་ཨ་ཁུ་ཐུབ་བསྟན་ལགས་ཀྱི་དྲུང་ནས་བོད་ཡིག་འབྲི་ཀློག་སྦྱངས་པ་དང་། ལོ་10ནས་བཟུང་ལྷ་རྗེ་འཆི་མེད་རྡོ་རྗེ་དང་ཨ་སོང་མཁའ་འགྲོའི་སྐུ་མདུན་དུ་བོད་ལུགས་གསོ་རིག་གི་གཞུང་ཆེན་རྒྱུད་བཞི་གཙོ་བོར་བྱས་པའི་མན་ངག་ལག་ལེན་རྣམས་ལ་ཉིན་མཚན་དབྱེར་མེད་དུ་ཐོས་བསམ་དང་ཉམས་ལེན་རྩེ་གཅིག་ཏུ་བྱས་པ་ཡིན། ལོ་16ནས་བཟུང་ཕ་ཡུལ་དུ་གྲོང་གསེབ་ཀྱི་སྨན་པ་བྱས་པ་ཡིན། 1967ལོར་ལྷ་ས་སྨན་རྩིས་ཁང་དུ་ཟབ་སྦྱོང་གི་སྐལ་བ་བཟང་པོ་ཐོབ་བྱུང་། དེའི་སྐབས་མཁས་དབང་ལྕགས་པོ་རི་ཐུབ་བསྟན་ཚེ་རིང་དང་། མཁའ་འགྲོ་དབྱངས་དགའ། ཀུན་དགའ་ཕུན་ཚོགས་སོགས་ཀྱི་ཞབས་པད་ནས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གསོ་བ་རིག་པའི་གཞུང་ལུགས་ཀུན་ལ་གོ་ལོ་ཐོས་ལོ་ཙམ་དུ་མ་བཞག་པར་ཐེ་ཚོམ་གྱི་སྒྲོ་འདོགས་ལེགས་པར་བཅད་པ་ཡིན། དེ་ནས་སྔ་རྗེས་སུ་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་དང་ལྷ་ས་སྨན་རྩིས་ཁང་དུ་གསོ་རིག་གི་ནད་ཐོག་སྨན་བཅོས་དང་ཚན་ཞིབ་ལས་ཀ་བྱས་པ་ཡིན། 1985ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་སྨན་ཚན་པའི་ཀྲུའུ་རེན་གྱི་འགན་འཁུར་རྗེས་གསོ་བ་རིག་པའི་མཐོ་རིམ་སློབ་གསོའི་དོ་དམ་དང་སློབ་ཁྲིད་ཀྱི་ལས་ཀ་བྱས་པ་ཡིན། 1991ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གྱི་འགན་འཁུར་བ་དང་། ཕྱིས་སུ་གསོ་རིག་སློབ་གླིང་དུ་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་དང་། ཞིབ་འཇུག་སློབ་མའི་ཚན་ཁག་གི་ཀྲུའུ་རེན། བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་རྟེན་མཛོད་ཁང་འཛུགས་སྐྲུན་གྱི་འགན་འཁུར་བ་བྱས་པ་ཡིན།
          ཏང་དང་རྒྱལ་ཁབ་ཀྱི་བྱམས་སྐྱོང་དང་གསོ་སྐྱོང་འོག་རང་ཉིད་ཆབ་མདོ་གོ་འཇོ་རྫོང་གི་ཞིང་འབྲོག་ཁུལ་གྱི་ལོ་ཆུང་བྱིས་པ་ཞིག་ནས་བོད་ལུགས་གསོ་རིག་གི་མཁས་དབང་ལ་རིམ་བཞིན་འཚར་ལོངས་བྱུང་སོང་། ཏང་དང་མི་དམངས་ཀྱི་རེ་འདུན་ཆུད་ཟོས་སུ་མི་འགྲོ་བའི་ཆེད། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ་བཅས་ཀྱི་ལས་ཀ་བྱས་ཚུན། དུས་དང་རྣམ་པ་ཀུན་ཏུ་གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་འབད་འཐབ་ཀྱི་དམིགས་ཚད་ལ་བརྩིས་པ་ཡིན། སྨན་པ་བྱས་ནས་ལོ་60ལྷག་ཙམ་སོང་རིང་། ངས《དཔལ་ལྡན་རྒྱུད་བཞི》ལས་སྨན་པའི་དམ་ཚིག་བློ་བཞག་རྣམ་པ་དྲུག་ཏུ“མཆེད་དང་ནད་པ་རྣག་ཁྲག་རྣམ་དྲུག་ལ། གྲོགས་སྤུན་བུ་ཚ་ཁྱི་ཕག་ལྟ་བུར་ནི”དང“དགོས་འདོད་བྱུང་བའི་ནོར་བུར་ཤེས་པར་བྱ། ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱ”སོགས་གསལ་བ་ལྟར་སྨན་པའི་ཀུན་སྤྱོད་སྐོར་གྱི་བསླབ་བྱ་ཡིད་ལ་བཟུང་ནས་ནད་པ་རྩ་བའི་རྩེ་ལ་བཞག་སྟེ་བློ་གཅིག་སེམས་གཅིག་གིས་སྨན་བཅོས་བྱས་པས། ནད་པ་མང་པོ་དྲག་སྐྱེད་བྱུང་སྟེ་ཁོང་ཚོའི་ཡིད་ཆེས་དང་ཁས་ལེན་ཐོབ་བྱུང་། བོད་ལྗོངས་སོགས་མཐོ་གྲང་ས་ཁུལ་དུ་མཐོང་མང་བའི་ས་མཐོའི་སྙིང་དང་ཁྲག་རྩའི་ནད་དང་། མཆིན་པ་མཁྲེགས་གྱུར། གྲུམ་ནད། རྒྱལ་གཟེར་སོགས་སྨན་བཅོས་ཐད་ནད་ཐོག་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཐོབ་བྱུང་། སྙིང་དང་ཁྲག་རྩའི་ནད་སོགས་ལ་ཤིན་ཏུ་ཕན་ནུས་ཆེ་བའི་སྨན་སྦྱོར་མང་དག་གསར་བཟོ་བྱས་པ་ཡིན། དམིགས་བསལ་གློ་ཚད་དང་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་སྐབས་སུ་སློབ་གྲྭའི་ཞོར་གཏོགས་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྨན་རྩིས་ཁང་སོགས་འཐབ་ས་དང་པོར་བསྐྱོད་དེ་རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན་ཡོད།
          སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་རིང་། སྔ་རྗེས་སུ་མེས་རྒྱལ་ནང་ས་དང་དབྱི་ཐ་ལི་དང་ཨུ་རུ་སུ་སོགས་སུ་འཆད་ཁྲིད་དང་སྨན་བཅོས་བྱེད་པར་ཕྱིན་ནས། དངོས་གཞིའི་ཚན་ཁག་དང་། འབུམ་རམས་པ། རབ་འབྱམས་པ་བཅས་ཀྱིས་གཙོས་པའི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཤེས་ལྡན་པ་ཆིག་ཁྲི་ཙམ་གསོ་སྐྱོང་བྱས་པ་དེ་དག་མང་ཆེ་བ་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། ཁེ་ལས་ཀྱི་རྐང་འཛིན་པ་བཅས་ལ་གྱུར་ཡོད། ཤེས་ལྡན་པ་གསོ་སྐྱོང་བྱེད་རིང་། ངས་སློབ་མའི་ཕྱོགས་བསྡུས་འཇོན་ཐང་འཕེལ་བར་སྣང་ཆེན་བྱེད་ཀྱི་ཡོད་ལ། སློབ་མའི་ཀུན་སྤྱོད་དང་གཤིས་རྒྱུད་ལ་དོ་སྣང་བྱས་ཏེ་སློབ་ཚན་འཁྲིད་སྐབས་སྨན་པའི་ཀུན་སྤྱོད་བཟང་པོ་དགོས་པའི་སློབ་གསོ་ཡང་གཏོང་གི་ཡོད། དེར་དམིགས་སུ《བྱ་བྱེད་སྨན་པའི་ས་བཅད་དང་དཀའ་འགྲེལ་རབ་གསལ་སྒྲོན་མེ》བརྩམས་ནས་ཏང་དང་རྒྱལ་ཁབ་ལ་སྤྱོད་ཡོན་གཉིས་ལྡན་དང་། བློས་འཁེལ་བ། གོ་ཆོད་པ། གནས་ཐུབ་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱས་ཡོད།
          མ་གཞི་ང་རང་མཐོ་སློབ་ཀྱི་དགེ་རྒན་ཞིག་ཡིན་ཡང་དཔེ་ཁྲིད་མི་སྐྱོང་བྱེད་པ་ཕུད། ད་དུང་ཚན་ཞིབ་དང་སློབ་ཁྲིད་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་ཞིབ་ཐད་བརྩོན་སེམས་ཆེན་པོ་བྱས་པ་ཡིན། བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་དང་ཚན་ཞིབ་ལས་དོན་ཁྲོད་ཀྱི་དཀའ་གནད་སེལ་ཆེད། ལོ་རབས་བརྒྱད་ཅུ་པར་བོད་ཀྱི་གསོ་བ་རིག་པའི་ཚད་ལྡན་ཡིག་ཆ་དང་དཔྱད་གཞི་དཀོན་པའི་དོན་དངོས་ལ་དམིགས་ཏེ། ལས་ཞོར་དུས་ཚོད་སྤྱད་ནས་བོད་ལུགས་གསོ་རིག་ལོ་རྒྱུས་ཐོག་གི་དེང་རབས་ཀྱི་ཚིག་མཛོད་དང་པོ《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》བརྩམས་པ་ཡིན། དེབ་དེ་བཏོན་མ་ཐག་བོད་ལུགས་གསོ་རིག་གི་སྨན་དོན་མི་སྣ་ཀུན་གྱི་བསྔགས་བརྗོད་བཟང་པོ་ཐོབ་པ་མ་ཟད། སྐབས་དེ་དུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཡིན་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་ངོ་མས་གླེང་གཞི་ཕྱག་བྲིས་གནང་བྱུང་། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་ངས་2002ལོར་རང་འགུལ་ངང་དཀའ་ངལ་དང་དུ་བླངས་ཏེ“བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་བོད་ཀྱི་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས་ཀྱི་རིག་དངོས་རྟེན་མཛོད་ཁང”འཛུགས་སྐྲུན་གྱི་ལས་གཞིའི་འགན་འཁུར་བ་ཡིན། མིག་སྔར་རྟེན་མཛོད་ཁང་དུ་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ལོ་རྒྱུས་གཙོ་བོར་བྱས་པ་དང་། ལོ་རྒྱུས་མི་སྣ་དང་དེ་དག་གི་མཛད་འཕྲིན་མཚོན་པའི་ལོ་རྒྱུས་རིག་དངོས་ཉིས་སྟོང་ལྷག་ཙམ་དང་། སྨན་རྩིས་གཉིས་ཀྱིས་གཙོ་བྱས་པའི་བོད་ཀྱི་རིག་གནས་སྐོར་གྱི་གནའ་དཔེ་རྩ་ཆེན་ཁྲི་གཉིས་ལྷག་ཙམ། དེའི་ཁྲོད་ལག་བྲིས་དཔེ་རྒྱུན་དཀོན་རིགས་དང་གནའ་གཞུང་150ལྷག་ཙམ་ཚུད་ཡོད། རྟེན་མཛོད་ཁང་གིས་རིག་གནས་རྒྱུན་འཛིན་དང་ཤེས་ལྡན་པ་གསོ་སྐྱོང་བྱས་པ་མ་ཟད། ལྗོངས་ཡོངས་སུ་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྣེ་ཁྲིད་ཀྱང་བྱས་པ་ཡིན།

       རྒྱལ་སྤྱིའི་བོད་ལུགས་གསོ་རིག་གི་རིག་གཞུང་གླེང་སྟེགས་ཐོག་གཏམ་བཤད་གནང་བཞིན་པ། (དཔྱད་གཞིའི་པར་རིས)
          རྒན་ལགས་ཁྱེད་ཉིད་ནས་ཚན་རྩལ་འཕེལ་རྒྱས་ཀྱི་མཐོ་རླབས་རབ་ཏུ་འཕྱུར་བའི་དུས་རབས་གསར་པར་མེས་རྒྱལ་གྱི་སྲོལ་རྒྱུན་གསོ་རིག་གི་གྲུབ་ཆ་གཙོ་བོར་གྱུར་པའི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་དངོས་ཡོད་རིན་ཐང་དང་མདུན་ལམ་ཐད་དགོངས་འཆར་གང་འདྲ་ཞིག་བཞེད་ཀྱི་ཡོད་དམ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཀྲུང་ལུགས་གསོ་རིག་ལ་མཚན་ཉིད་རིག་པའི་བློ་གྲོས་ཟབ་མོ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའ་ཤས་རིང་གི་བདེ་ཐང་ལུས་གསོའི་འདུ་ཤེས་དང་དེ་བཞིན་ལག་ལེན་དང་ཉམས་མྱོང་བཟང་པོ་འདུས་ཡོད། དེ་ནི་ཀྲུང་གོའི་གནའ་བོའི་ཚན་རིག་གི་རྩ་ཆེའི་ནོར་བུ་ཞིག་རེད་ལ། ཀྲུང་ཧྭའི་ཤེས་དཔལ་བང་མཛོད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཅིག་ཀྱང་རེད”ཅེས་གསུངས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་དང་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ནི་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད།
          ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་གསོ་བ་རིག་པ་དང་། སློབ་གསོ་དང་ཚན་ཞིབ་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ཞིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་བྱུང་ནས་གོ་སྐབས་ཡག་པོ་འཕྲད་དེ་རྒྱལ་ཁབ་ཀྱིས་ཀྲུང་ལུགས་གསོ་རིག་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་ཀྲུང་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་འཕེལ་རྒྱས་ལ་གོ་སྐབས་བཟང་པོ་འཕྲད་ཡོད། དེའི་ཐད་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ལས་དོན་ཚོགས་འདུའི་ཐོག་བཏོན་གནང་བའི“སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད”ཀྱི་མཛུབ་ཁྲིད་འོག་བདེ་ཐང་ཀྲུང་གོའི་འཐབ་ཇུས་ཁྲོད་བོད་ཀྱི་གསོ་བ་རིག་པའི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ་དང་། བོད་ཀྱི་གསོ་བ་རིག་པའི་རང་ངོས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། དེང་རབས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་སྟངས་དཔྱད་གཞིར་འཛིན་པ། བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པ་འཚོལ་ཞིབ། མིའི་རིགས་ཀྱི་བདེ་ཐང་ཁྱབ་ཁོངས་ཁྲོད་ཀྱི་དཀའ་གནད་ཆེ་བའི་གནད་དོན་འགག་སྒྲོལ་བཅས་བྱས་ནས། བོད་ཀྱི་གསོ་བ་རིག་པའི་དམིགས་བསལ་གྱི་སྨན་བཅོས་བྱེད་སྟངས་སྤྱད་དེ་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འགག་གནད་བསལ་ཡོད། དེང་སྐབས་བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བོད་ཀྱི་གསོ་བ་རིག་པར་འཛམ་གླིང་ཡོངས་ཀྱི་ཁས་ལེན་ཐོབ་ཚད་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་རང་རྒྱལ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་བདེ་ཐང་གི་བདེ་རྩ་ཆེ་རུ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད།
          རྒན་ལགས་ཁྱེད་ཉིད་ནས་མིག་སྔར་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་འགག་རྩའི་བྱེད་ཐབས་གང་འདྲ་ཡོད་མེད་དང་དེ་བཞིན་མཐོ་རིམ་ཤེས་ལྡན་པའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་བསམ་འཆར་དང་གྲོས་འགོ་གང་དག་ཡོད་མེད་ཅིག་གསུངས་རོགས།
          ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཀྲུང་ལུགས་གསོ་རིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བཅས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་རང་ངོས་ཀྱི་ཆོས་ཉིད་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་དང་མཐའ་འཁྱོངས་བྱེད་དགོས་པ་དང་། དེང་རབས་སློབ་གསོ་དང་ཚན་རྩལ་གྱི་འཕེལ་རྒྱས་གཏོང་སྟངས་དཔྱད་གཞིར་འཛིན་པ་དང་གང་ལེགས་སྤྱད་ནས་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་རིམ་ཤེས་ལྡན་པའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་གཅིག་ནས་བོད་ཀྱི་གསོ་བ་རིག་པའི་རིམ་པ་ཁག་དང་རིགས་ཁག་གི་ཤེས་ལྡན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོར་བྱས་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་རྒྱལ་སྤྱིའི་གསོ་རིག་དང་སྨན་རྫས་སློབ་ཆེན་འཕེལ་རྒྱས་གཏོང་བའི་ཆུ་ཚད་དཔྱད་གཞིར་བཟུང་ནས་དེང་རབས་ཀྱི་བོད་ཀྱི་གསོ་བ་རིག་པའི་སློབ་ཆེན་རྩེ་གྲ་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། གསུམ་ནས་དགེ་རྒན་གྱི་དཔུང་ཁག་རྩེ་གྲ་འཛུགས་སྐྱོང་བྱེད་པ་དང་། རིག་ཚན་དང་ཆེད་ལས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། བོད་ཀྱི་གསོ་བ་རིག་པའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་མང་དུ་གཏོང་བ་སོགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།
          རྒན་ལགས་ཁྱེད་ཉིད་ནས་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ལ་ཕན་བདེ་སྐྲུན་པར་དམིགས་བསལ་གྱི་བྱ་ཐབས་གང་ཞིག་སྤྱོད་དགོས་ཚུལ་གསུངས་རོགས་གནང་།
          གཅིག་ནས་རང་ལྗོངས་དང་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་དང་དོན་དངོས་ལ་གཞིགས་ནས་རྒྱལ་ཁབ་དང་། ཞིང་ཆེན(གྲོང་ཁྱེར) རྫོང་དང་ཤང་། དེ་བཞིན་གྲོང་ཚོ་རིམ་པ་བཅས་ཀྱི་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་དང་མི་སྣའི་སྒྲིག་ཁོངས་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་དགོས། གཉིས་ནས་བོད་ལུགས་གསོ་བ་རིག་པའི་དེང་རབས་ཀྱི་མཐོ་རིམ་སློབ་གསོའི་ཁྲིད་སྟོན་དང་སྲོལ་རྒྱུན་གྱི་རྒྱུན་འཛིན་སློབ་གསོར་རྨང་གཞི་འདིང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྨན་དོན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། གསུམ་ནས་བོད་ལུགས་གསོ་བ་རིག་པའི་འཕྲོད་སྦྱོར་ལག་རྩལ་ནད་ཐོག་བཀོལ་སྤྱོད་དང་བོད་སྨན་གྱི་སྤུས་ཚད་དོ་དམ་ཚོད་འཛིན་བྱེད་ནུས་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས། ད་དུང་སྨན་དོན་མི་སྣའི་ཀུན་སྤྱོད་སློབ་གསོར་དེ་བས་སྣང་ཆེན་དང་ཤུགས་སྣོན་བརྒྱབ་ནས་བོད་སྨན་གྱི་སྨན་དོན་མི་སྣ་ཡོངས་ཀྱིས“མི་དམངས་ལྟེ་བར་འཛིན་པ”དང“མི་དམངས་ལ་ཕན་བདེ་སྐྲུན་པ”ནི་ཚེ་སྲོག་གི་རིན་ཐང་མཐོ་རུ་གཏོང་བའི་ཐབས་ལམ་ཡག་ཤོས་ཡིན་པའི་གཞན་ཕན་གྱི་བསམ་བློ་དང་འདུ་ཤེས་འཛུགས་ཐུབ་པར་བྱེད་དགོས། 
  རྩོམ་སྒྲིག་པ། སྣང་རྡོར།