རྒྱལ་ཁབ་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བའི་དབང་གིས་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་བསྐྲུན་ཡོད་ཅིང་། གཉེན་སྲོལ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། བོད་མི་རིགས་ནི་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མི་རིགས་ཤིག་ཡིན་པས་ན། དེར་གཉེན་སྒྲིག་ཐད་ནས་གོམས་སྲོལ་གང་འདྲ་ཞིག་ཡོད་དམ།
༡ གཉེན་བདམས་པ།
སྔོན་ཆད་བོད་ཀྱི་སྐུ་དྲག་ཁྱིམ་ཚང་གི་བུ་ཕྲུག་ལས་ཕོ་ལོ་བཅུ་དྲུག་ལ་སོན་པ་དང་། མོ་ལོ་བཅུ་བཞི་ནས་བཅོ་ལྔར་སླེབས་དུས། ཕ་མ་རྣམས་ཀྱིས་ཁོ་ཚོའི་གཉེན་དོན་ལ་བསམ་བློ་གཏོང་མགོ་བརྩམས་ཏེ་གཉེན་ཚང་བདམས་ཀྱི་ཡོད་དེ། ཐོག་མར་ཁོ་ཚོས་བུ་ཕྲུག་གི་ཆེད་དུ་ལྐོག་ནས་རང་ཁྱིམ་གྱི་གོ་གནས་དང་མཉམ་པའི་བུ་མོའམ་བུ་ལེགས་འདེམས་བྱས་རྗེས། སྤྱིར་བཏང་དུ་ཁྱིམ་རྒྱུད་ཁྲོད་ཀྱི་ཕྱག་མཛོད་ཀྱིས་བདག་པོའི་འཐུས་ཚབ་བྱས་ཏེ་གོས་ཆེན་དང་། བོད་དངུལ། བཟའ་བཅའ་དང་དེ་བཞིན་ཁ་བཏགས་སོགས་ཀྱི་ལག་རྟགས་འཁྱེར་ནས་བདམས་ཟིན་པའི་ཁྱིམ་རྒྱུད་ག་གེ་མོ་ཞིག་ཏུ་སོང་ནས་གཉེན་སློང་བར་མ་ཟད། རང་ཁྱིམ་གྱི་བུ་བུ་མོའི་ལོ་རྟགས་དང་གཞི་རྒྱུ་སོགས་བཤད་པ་དང་། གལ་ཏེ་ཁྱིམ་རྒྱུད་དེ་གཉེན་དོན་འདི་ལ་འཐད་པ་ཡིན་ཚེ། ཁྱིམ་རྒྱུད་དེས་དགའ་ལྷང་ལྷང་གིས་རང་གི་བུ་བུ་མོའི་ལོ་རྟགས་ལ་སོགས་བཤད་ཀྱི་ཡོད།
གལ་ཏེ་འཐད་པ་མིན་ཚེ་ཁོ་ཚོས་རང་གི་བུའམ་བུ་མོར་གཉེན་དོན་གཏན་ཁེལ་བྱས་ཟིན་པའམ་ཡང་ན་བུ་བུ་མོ་སྔ་དྲགས་ནས་གཉེན་སྒྲིག་བྱེད་དུ་འཇུག་མི་འདོད་པ་སོགས་ཀྱི་རྒྱུ་མཚན་བཤད་དེ་དང་ལེན་བྱེད་ཀྱི་མེད། ཕྱག་མཛོད་ལ་ཕ་རོལ་པོའི་ལོ་རྟགས་དང་སྤར་ཁ་སོགས་ཀྱི་གནས་ཚུལ་འཐོབ་རྗེས། ཁྱིམ་རྒྱུད་ཀྱིས་བླ་སྤྲུལ་ལ་མོ་འདེབས་སུ་བཅུག་སྟེ་སུ་དང་ལས་འབྲེལ་ཡོད་མིན་དང་འཚམ་མིན་བརྟག་པ་ཡིན།
༢ གཉེན་སློང་བ།
བོད་རིགས་ན་གཞོན་ཕོ་མོ་གཉིས་ཀྱིས་བཟའ་ཚང་བསྒྲིགས་ནས་གཉེན་སློང་བར་ས་གནས་སོ་སོའི་རྣམ་པ་མི་འདྲ་ཞིང་། སྤྱིར་བཏང་དུ་ཕན་ཚུན་ངོ་ཤེས་པ་དང་། དགའ་རོགས་བསྒྲིགས་ནས་བཟའ་ཟླར་ཆགས་པ་ཡིན། ཡིན་ནའང་། ཁོ་ཚོའི་དགའ་རོགས་བསྒྲིག་ཐབས་ལ་ཁྱད་ཆོས་ལྡན་ཏེ། བོད་ལྗོངས་སུ། སྤྱིར་བཏང་གི་གནས་ཚུལ་འོག བླ་སྤྲུལ་གྱིས་མོ་བཏབ་ནས་སུ་དང་ལས་འབྲེལ་ཡོད་པ་བརྟག་རྗེས། ཁྱིམ་རྒྱུད་ནང་གི་གཤིས་སྤྱོད་མཐོ་ཤོས་ཀྱི་སྤུན་ཟླའམ་ཨ་ཞང་གིས་སློང་རྟེན་ཕུན་སུམ་ཚོགས་པ་འཁྱེར་ནས་མོ་བབས་པའི་ཁྱིམ་ཚང་དུ་གཉེན་སློང་བར་འགྲོ་བ་ཡིན། སྐྱེས་འབུལ་གྲོས་བསྡུར་ལེགས་པོ་བྱས་རྗེས་ཡང་སྐྱེས་ཆེན་བླ་མ་གདན་དྲངས་ཏེ་མོ་བཏབ་ནས་གཉེན་རྟགས་རྒྱག་པའི་ཉིན་བཟང་བདམས་ཀྱི་ཡོད།
ཡིན་ཡང་མཚོ་སྔོན་གྱི་བོད་རིགས་ས་ཁུལ་དུ་ཞྭ་མོ་འཕྲོག་རེས་པ་ནི་སྐྱེས་པ་རྣམས་ཀྱིས་གཉེན་སློང་བྱེད་པའི་ཐབས་ཤིག་ཏུ་གྱུར་ཞིང་། གལ་ཏེ་གསར་བུ་ཞིག་གིས་བུ་མོ་ཞིག་བློར་བབས་ཚེ། ཁོས་སྔོན་ལ་བུ་མོ་དེ་མནའ་མར་བསླངས་ཏེ་རང་ཉིད་ཀྱི་དགའ་བའི་སེམས་པ་མི་བཤད་པར། བུ་མོ་དེའི་མགོ་སྟེང་ཞྭ་མོ་འཕྲོག་ཐབས་བྱེད་པ་ཡིན་ཞིང་། ཁོས་ཞྭ་མོ་འཕྲོག་རྗེས། ཉིན་ཁ་ཤས་འགོར་རྗེས་ད་གཟོད་ཕྱིར་སྟེར་བ་ཡིན། གལ་ཏེ་བུ་མོ་དེའི་སེམས་པ་གསར་བུ་དེར་ཆགས་ཡོད་ཚེ། ཁོ་མོས་དགའ་དགའ་སྤྲོ་སྤྲོའི་ངང་རང་ཉིད་ཀྱི་ཞྭ་མོ་ཕྱིར་ལེན་པ་དང་། ཡང་བུ་མོ་དེ་གསར་བུར་དགའ་པོ་མེད་ན། ཁོ་མོས་ཞྭ་མོའང་ལེན་གྱི་མེད། བུ་མོས་གསར་བུར་བརྩེ་དུང་མཚོན་ཐབས་ནི་རང་ཉིད་ཀྱི་ལུས་པོ་དང་བྲལ་མ་མྱོང་བའི་རྣ་ལོང་དང་། སྐེ་རྒྱན་ལ་སོགས་ཀྱི་རྒྱན་ཆ་སྤྲོད་པ་དེ་ཡིན། གལ་ཏེ་ཕོ་གསར་དེས་བློར་བབས་པ་ཡིན་ཚེ་བུ་མོས་སྐྱེལ་ཡོང་བའི་ལག་རྟགས་དང་ལེན་བྱེད་པ་དང་། དེ་མིན་ཚེ་བུ་མོའི་དངོས་པོ་ལེན་གྱི་མེད།
༣ གཉེན་རྟགས་རྒྱག་པ།
གཉེན་རྟགས་རྒྱག་པའི་ཉིན་དེར། སྐྱེས་པའི་ཕྱོགས་ཀྱིས་བུ་མོའི་ཕྱོགས་ཀྱི་རྒན་དར་གཞོན་གསུམ་སོགས་མི་རེ་རེར་ཁ་བཏགས་རེ་དང་། གྱ་ནོམ་པའི་ལེགས་སྐྱེས་རེ་སྟེར་བ་དང་། བུ་མོའི་ཕྱོགས་ཀྱིས་ཇ་ཆང་གི་ཟས་མཆོག་གྲ་སྒྲིག་བྱས་ཏེ་སྣེ་ལེན་གྱ་ནོམ་པ་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀའི་འཐུས་མི་རྣམས་ཚོམས་ཆེན་གྱི་བཞུགས་གདན་དུ་རིམ་པ་བཞིན་བསྡད་རྗེས། གནས་ཚང་གིས“གྲོ་སོ་ཕྱེ་མར”འཁྱེར་ཡོང་ནས་ཇ་དང་ཆང་འདྲེན་པ་དང་། གཉེན་ཚང་གིས་ལེགས་སྐྱེས་འབུལ་བ་དང་། ལྷག་པར་དུ་བུ་མོའི་ཨ་མར“པང་གདན”ཞིག་བྱིན་ཏེ་ཨ་མས་བུ་མོ་གཉོར་སྐྱོང་བྱས་པའི“ནུ་རིན”ཡིན། དེའི་རྗེས་སུ་གཉེན་ཆིངས་གཉིས་སྡེར་མའི་ནང་དུ་བཞག་སྟེ་ཚོགས་མིའི་མདུན་ནས་ཕྱོགས་གཉིས་ཀའི་ཁྱིམ་ཐམ་རྒྱག་པ་ཡིན་ཞིང་། དེ་རྗེས། བུ་དང་བུ་མོ་གཉིས་ཀས་གཟབ་ནན་ངང་ཕ་རོལ་སོ་སོའི་ཨ་ཕར་སྤྲོད་པ་དང་། དེ་ནས་ཕྱོགས་གཉིས་ཀའི་ཕ་མས་དཔང་མིར་ཁ་བཏགས་འབུལ་ཏེ་བཀའ་དྲིན་ཞུ་གི་ཡོད། གཉེན་རྟགས་རྒྱག་པའི་མཛད་སྒོ་སྤེལ་སྐབས། ཁྱིམ་མི་ལས་ན་གཞོན་གྱི་ཕོ་མོ་ཚང་མ་ཞུགས་མི་ཆོག མཛད་སྒོ་མཇུག་རྫོགས་རྗེས། གནས་ཚང་གིས་མགྲོན་པོར་སྣེ་ལེན་ཡག་པོ་བྱས་ཏེ་ཉིན་གང་བོར་དགའ་བའི་དཔལ་ལ་རོལ་བ་དང་། ས་སྲོད་དུ་གཉེན་ཚང་འགྲོ་ཁར། གནས་ཚང་གིས་གཉེན་ཚང་གི་མགྲོན་པོ་སོ་སོར་ཁ་བཏགས་རེ་འབུལ་གྱི་ཡོད།
༤ གཉེན་སྟོན།
གཉེན་ཚང་གིས་རྩིས་པ་ཞིག་ལ་ཉིན་བཟང་སྐར་བཟང་ཞིག་བདམས་ཏེ་གཉེན་རྩིས་གཏན་ཁེལ་བྱེད་ཅིང་། གཉེན་སྒྲིག་མཛད་སྒོ་སྤེལ་བའི་སྔ་ཉིན། གཉེན་ཚང་གིས་གྱོན་གོས་ཡག་པོ་ཞིག་དང་མིག་ཆ་སོགས་དར་གོས་ཀྱིས་ཡག་པོར་བཏུམས་ནས་བུ་མོའི་ཁྱིམ་དུ་སྐྱེལ་ཏེ་བག་མར་གྱོན་དུ་འཇུག་པ་ཡིན།
གཉེན་བསུ་བའི་ཉིན་དེར། གཉེན་ཚང་གིས་ཐོབ་ཐང་ཡོད་པའི་མི་ཞིག་བཙལ་ཏེ་རུ་ཁག་གི་སྣེ་ཁྲིད་ནས་ཚོན་ཁྲ་ཅན་གྱི་མདའ་འཁྱེར་དུ་འཇུག་པ་དང་། མདའི་སྟེང་དུ་མེ་ལོང་དང་། གཡུ། མུ་ཏིག་སོགས་ཀྱི་རྒྱན་ཆ་ཡོད་པར་མ་ཟད། དེ་ལ་རྟ་གཅིག་གི་ཁ་དོག་དེ་གནས་ཚང་གི་ལོ་རྟགས་དང་མཐུན་པ་དང་། རྟ་དེར་ད་རུང་རྟེའུ་ཡོད་པའི་རྒོད་མ་རྒྱན་སྤྲོས་བྱས་པ་ཞིག་ཁྲིད་ནས་བག་མའི་ཞོན་རྟ་བྱས་ཏེ་གནས་ཚང་དུ་བག་མ་བསུ་བར་འགྲོ་བ་ཡིན།
གནས་ཚང་གིས་གཉེན་ཚང་གི་བསུ་རྟ་མ་ཐོན་སྔོན་དུ“གྲོ་སོ་ཕྱེ་མར”དང་ཇ་ཆང་སོགས་ཀྱི་གྱེས་བྲལ་མཛད་སྒོ་སྤེལ་བ་དང་། གཉེན་ཚང་གི་བསུ་རྟ་སླེབས་རྗེས། ཚོན་མདའ་བག་མའི་བརྒྱབ་ཏུ་གསེབ་པ་དང་། དེ་ནས་གཡུ་བག་མའི་མགོར་བཞག་སྟེ་བག་མ་གཉེན་ཚང་དུ་གཏོགས་པ་མཚོན་གྱི་ཡོད། གནས་ཚང་གིས་བག་མ་སྐྱེལ་བར་སྤྱིར་བཏང་དུ་བག་རོགས་གཅིག་ཁྲིད་ཀྱི་ཡོད་པ་དང་། བུ་མོ་སྒོར་ཐོན་སྐབས་གནས་ཚང་གི་ཁྱིམ་མིས་ལག་གཅིག་ཏུ་ཚོན་མདའ་བཟུང་བ་དང་། ལག་གཅིག་ཏུ་ལུག་སུག་ཅིག་བཟུང་སྟེ་ཐོག་ཁར་ལངས་ནས་སྐད་གསེང་མཐོན་པོས“ངེད་ཚང་གི་གཡང་མ་འཁྱེར་་ཡ”ཞེས་བུ་མོ་རྒྱང་ཐག་རིང་པོར་འགྲོ་རག་བར་དུ་བསྐྱར་ཟློས་ཀྱིས་འབོད་ཀྱི་ཡོད།
རུ་ཁག་ལམ་ལ་ཆས་རྗེས། རུ་སྣེ་ཁྲིད་མཁན་ནི་ལོ་རྟགས་ཆེས་བཟང་བ( སྤྱིར་བཏང་དུ་རྩིས་པ་ཞིག་གདན་འདྲེན་ཞུ)ཞིག་ཡིན་ཞིང་། ཁོས་ཕྱུ་པ་དཀར་པོ་གྱོན་ཏེ་རྟ་དཀར་པོ་ཞིག་ལ་ཞོན་པ་དང་། ལག་ཏུ་བཞོན་ནས་སྤར་ཁ་བརྒྱད་ཀྱི་རི་མོ་བཟུང་བ་དང་། དེ་ནས་གཉེན་བསུའི་འཐུས་མི་ཡིན་པ་དང་། དེ་ནས་གནས་ཚང་གི་བག་མ་དང་མཉམ་དུ་ཡོང་བའི་རོགས་པ་ཡིན། ལམ་བར་དུ་གཉེན་ཚང་གི་ཁྱིམ་མིས་ལམ་འགྲམ་དུ་ངང་སྒུག་བྱེད་ཅིང་། ཁོ་ཚོས་རྟ་པའི་རུ་ཁག་ལ་ཆང་ཁ་གསུམ་འཇོག་པ་དང་། གལ་ཏེ་ལམ་བར་དུ་ནད་པ་དང་། གད་སྙིགས་བཤོ་བ། སློ་མ་སྟོང་པ་འཁུར་བ་སོགས་ཀྱི་མིར་ཐུག་ཚེ་བཀྲ་མི་ཤིས་པར་བརྩི་བ་ཡིན་པས། གཉེན་སྒྲིག་བྱས་རྗེས་གྲྭ་པ་གདན་དྲངས་ཏེ་བར་ཆད་བཟློག་པའི་བཅའ་བ་རིམ་གྲོ་བསྒྲུབ་ཀྱི་ཡོད། རྟ་པའི་རུ་ཁག་ལམ་དུ་འགྲོ་སྐབས། རུ་མི་རྣམས་ཀྱིས་སྐད་མཐོན་པོས“གཞས་ཆེན”ལེན་གྱི་ཡོད་ཅིང་། བག་མས་འགྲོ་ཞོར་ངུ་ཞོར་བྱེད་ཀྱི་ཡོད།
གཉེན་ཚང་གིས་བག་མ་མ་སླེབས་སྔོན་དུ། སྒོ་ཆེན་ལ་མཛེས་ཆས་ལེགས་པོ་སྤྲས་དགོས་ཤིང་། བག་མ་རྟ་ལས་འབབ་པར་ཆེད་དུ་གདན་གྲ་སྒྲིག་བྱེད་དགོས། གདན་ནི་ནས་དང་། གྲོ་བླུགས་པའི་ཁུག་མ་ཡིན་དགོས་པ་དང་། དེར་ཁ་དོག་སྣ་ལྔའི་དར་ཆེན་བཏིངས་པ་དང་། དེའི་ངོས་སུ་གྲོ་རྡོག་གིས?རྟགས་འབྲི་གི་ཡོད། ཁྱིམ་མིས་ལག་ཏུ“གྲོ་སོ་ཕྱེ་མར”དང་ནས་ཆང་བཟུང་སྟེ་སྒོ་ཁ་ནས་ངང་སྒུག་བྱེད་ཀྱི་ཡོད། བག་མ་ཁྱོ་གའི་ཁྱིམ་སྒོར་ཐོན་རྗེས། སྔོན་ལ་ཇ་བསྲུབས་མ་ཧུབ་གསུམ་འཐུངས་རྗེས་རྟ་ལས་འབབ་པ་དང་། རྐང་གཉིས་ཀྱིས་ནས་དང་ཇ་ལོ་གཏོར་བའི་སར་སྤོ་བ་ཡིན། ཁྱོ་གའི་ཨ་མས་འོ་མ་ཟོ་གང་འཁྱེར་ནས་མནའ་མ་བསུ་བ་བྱེད་ཅིང་། བག་མས་གཡོན་ལག་གི་དཀྱིལ་མཛུབ་ཀྱིས་འོ་མའི་ཁར་ཐུག་ནས་མཆོད་ཁ་འཕངས་ཏེ་ལྷ་བླ་མར་བཀའ་དྲིན་ཞུ་བ་དང་། མག་གསར་གྱིས་བག་གསར་ལ་ཁ་བཏགས་འབུལ་རྗེས་ད་གཟོད་བག་མ་ཁྱིམ་ནང་དུ་འཛུལ་བ་ཡིན།
སྲོལ་རྒྱུན་གྱི་སྒོར་འཛུལ་བའི་མཛད་སྒོ་ཅུང་རྙོག་འཛིང་ཆེ་བ་སྟེ། རྟ་ལས་བབས་པ་དང་། སྒོར་འཛུལ་བ། ཁང་ཐོག་ནས་ཚོམས་ཆེན་དུ་འཛུལ་བ་སོགས་ཐེངས་རེ་རེར་བསྟོད་གླུ་ཐེངས་གཅིག་ལེན་པ་དང་། ཁ་བཏགས་རེ་འབུལ་བ་ཡིན། བག་གསར་ཁྱོ་གའི་ཁྱིམ་ནང་དུ་འཛུལ་རྗེས། ཐོག་མར་ཁྱིམ་རྒྱུད་ཀྱི་ལྷ་དང་སྲུང་མར་གསོལ་བ་འདེབས་པ་དང་། དེ་ནས་མནའ་མ་ཁྱོ་གའི་འགྲམ་དུ་བསྡད་ནས་ཕྱོགས་གཉིས་ཀའི་ཁྱིམ་གྱི་གཉེན་ཚན་དང་སྐོར་བ་གཅིག་བྱས་ཏེ་ཟ་མ་ཟ་བ་དང་། ལེགས་སྐྱེས་འབུལ་བ་ཡིན། གཉེན་སྟོན་ལ་ཞུགས་པའི་གཉེན་ཉེ་རྣམས་ཀྱིས་ཀྱང་ཁ་བཏགས་འབུལ་བ་དང་། ལག་རྟགས་བྱིན་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་བ་ཡིན། དེ་ནས་བག་གསར་མག་གསར་གཉིས་པོ་ཁང་ཐོག་ཏུ་སོང་ནས་བླ་མས་ཆོས་བཏོན་ཏེ་ཁྱིམ་ལྷས་བག་གསར་ལ་མགོན་དང་སྐྱབས་གནང་བའི་གསོལ་བ་འདེབས་པ་ཡིན། ཁང་ཀླད་དུ་དར་ལྕོག་གཅིག་འཛུག་དུས། གནས་ཚང་གི་འཐུས་མིས་སྒམ་བརླིང་ལྡན་པའི་ངང་དེ་རིང་ནས་བཟུང་། བག་གསར་འདི་མག་གསར་ཁྱིམ་རྒྱུད་ཀྱི་ཁྱིམ་མི་རྣམས་དང་འདྲ་བར་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་ཅེས་ཁྱབ་བསྒྲགས་བྱེད་པ་ཡིན།
གཉེན་སྟོན་ནི་སྤྱིར་བཏང་དུ་ཉིན་5ནས15རིང་སྤེལ་བ་ཡིན་ཞིང་། འདི་གཙོ་བོ་ཁྱིམ་ཚང་གི་དཔལ་འབྱོར་གྱི་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་ཀྱི་ཡོད། གཉེན་སྟོན་ཉིན་འགའི་རིང་། ཆེས་སྙིང་ཉེ་བའི་གཉེན་ཉེ་དང་གྲོགས་པོས་གཉེན་སྟོན་སྐབས་ཀྱི་ཉིན་ཞིག་གི་འགྲོ་སྒོ་ཡོངས་ཀྱི་འགན་འཁུར་བའང་ཡོད་ཅིང་། གཉེན་སྟོན་གྱི་ཉིན་འགའི་ནང་དུ་ཆེད་བསྐོས་མི་སྣ་གདན་འདྲེན་བྱས་ཏེ་ཨ་ཅེ་ལྷ་མོ་འཁྲབ་པ་དང་གླུ་གཞས་སོགས་བཏང་ནས་དགའ་བའི་དཔལ་ལ་རོལ་གྱི་ཡོད།