ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

རྒྱལ་ཡོངས་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

སྤེལ་དུས 2021-09-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉིན་ཤས་གོང་། རྒྱལ་ཡོངས་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཉེ་ཁྲེན་ཞི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཤིས་ཚིག་གསུངས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏང་ཙུའི་ཁོངས་མི་མོང་ཏུང་གིས་གཙོ་སྐྱོང་གནང་བ་རེད།
          ཉེ་ཁྲེན་ཞི་ཡིས་རྒྱལ་ཡོངས་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་ལས་རིགས་ཀྱི་ཐོན་ཁུངས་སྟོབས་ཤུགས་གཅིག་སྡུད་ཀྱིས་དམ་པ་དོན་གཉེར་དང་ལས་དོན་སྒྲུབ་མཁས་པོ་བྱས་ནས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱ་ཆེད”ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་དང་། སྲིད་ཇུས་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་སྔ་བལྟས་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཧུར་ཐག་གཏོང་དགོས་པ། རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་འདུ་ཤེས་བརྟན་པོར་འཛུགས་པའི་གཡུལ་ས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་བཏང་ནས་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་བསམ་གཞི་གསར་པ་དང་བྱ་ཐབས་གསར་པ་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕྱར་བ་གྲུ་འདེགས་ངང་ཁ་གཏད་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་བྱ་གཞག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཤེས་ལྡན་མི་སྣའི་རིག་སྟོབས་བོད་སྐྱོར་སོགས་ལ་མུ་མཐུད་དམིགས་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རོགས་སྐྱོར་དང་ལེན་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། “དོན་ཆེན་བཞིར”ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།