ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

ཨར་ཇག་རི་བོར་དམག་སྡེ་བཅོ་བརྒྱད་པས་ས་འཐབ་གནམ་འཐབ་བྱས་ནས“ལམ་གཉིས”ཀྱི་སྙིང་སྟོབས་བཏོད་པ།

སྤེལ་དུས 2021-12-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ལྕགས་ཟམ་རྫོང་ཨར་ཇག་རི་བོའི་ཁྲོན་བོད་གཞུང་ལམ་གྱི་དྲན་གསོ་ཁང་དུ་འགྲེམས་སྟོན་བྱས་པའི་དངོས་རྫས་ཡིན་པ།
          ཉེ་ཆར་ལྕགས་ཟམ་རྫོང་ཁུག་རྟ་རོང་གྲོང་རྡལ་དུ་ལོ་བདུན་བཅུ་ལྷག་ཙམ་ལ་སླེབས་པའི་ཐང་ཧོའེ་མིང་གིས་རྔ་དང་འཁར་རྔ་རྡུང་བཞིན“དཀར་མཛེས་སུ་དེ་སྔོན་ལོ་ངོ་སྟོང་ཕྲག་མང་པོའི་རིང་རི་ལམ་ཀྱག་ཀྱོག་བརྒྱུད་དེ་ཕྱི་རོལ་དང་འབྲེལ་བ་བྱེད་དགོས་ཀྱི་ཡོད། ཡ་ང་བའི་རྣམ་པ་དེ་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྦད་དེ་འགྱུར་ལྡོག་བྱུང་སོང”ཞེས་གཞས་མ་གཏམ་གྱི་ཐོག་ནས་ཕ་ཡུལ་གྱི་འགྲིམ་འགྲུལ་འགྱུར་ལྡོག་ལ་བསྔགས་བརྗོད་བྱས།
          བློས་གཏོང་ཆེན་པོ་བྱས། སྤྱི་ལེ་60ལྷག་ཙམ་གྱི་ཨར་ཇག་རི་བོར“མཁའ་ལམ”བསྐྲུན།
          1950ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པས་བཀའ་རྒྱ་དང་ལེན་ཞུས་ཏེ་ཨར་ཇག་རི་བོ་བརྒྱུད་བོད་དུ་དཔུང་སྐྱོད་བྱས་པ་དང་། “གཞུང་ལམ་བཟོ་ཞོར་དུ་བཅིངས་འགྲོལ་བཏང་ནས”རྗེས་མཐུད་དཔུང་སྡེར་བོད་སྐྱོད་ཀྱི་གཞུང་ལམ་བསྐྲུན་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར།
          ཨར་ཇག་རི་བོ་ནི་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཐེན་ཆོན་རྫོང་དང་དཀར་མཛེས་ཀྲོའུ་ལྕགས་ཟམ་རྫོང་གི་འབྲེལ་མཚམས་སུ་གནས་པས། ཁྲོན་བོད་གཞུང་ལམ་གྱི་རི་བོ་ཆེན་པོའི་བཙན་འགག་དང་པོ་དེ་རེད། དེ་གར་གཡང་གཟར་ལ་གཏིང་རིང་བ་དང་ལོ་འཁོར་མོར་གངས་འཁྱག་གིས་བཏུམས་ནས་གྲང་ངར་ཆེ་ལ། གསོ་རླུང་དཀོན་པ་དང་ས་བབ་མཐོ་བའི་དཀའ་ངལ་ཁྱད་བསད་བྱེད་དགོས་ལ། གཅན་གཟན་འཇིག་པ་ཅན་གྱི་འཚེ་བ་དང་ས་གཤིས་གནོད་འཚེའི་འཇིགས་སྣང་ལ་དོགས་ཟོན་ཡང་བྱེད་དགོས་ཀྱི་ཡོད། དེ་ལས་དཀའ་ལས་ཆེ་བ་ཞིག་ལ་སྐབས་དེ་དུས་འཕྲུལ་ཆས་ཆེ་གྲས་མེད་ལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་ཡང་མེད། ཡིག་ཚགས་དང་དཔྱད་གཞིའི་ནང་འཁོད་པ་ལྟར་ན། ཨར་ཇག་རི་བོར་གཞུང་ལམ་སྐུན་སྐབས་སྤྱི་ལེ་རེར་ཆ་སྙོམས་དམག་མི་7རང་སྲོག་ཤོར་གྱི་ཡོད་པ་རེད།
          1950ལོའི་ཟླ་6ཚེས་26ཉིན་དམག་སྡེ་བཅོ་བརྒྱད་པའི་ལས་གྲྭའི་ལག་རྩལ་བཀོད་འདོམས་པས་ཉིན་8ལ་ཀླུང་མང་པོ་བརྒལ་རྗེས་ཨར་ཇག་རི་བོར་སླེབས་པ་དང་། དེ་རྗེས་འཕྲལ་དུ་རྩད་ཞིབ་ལས་དོན་སྤེལ་ཏེ་ཟླ་7ཚེས་10ཉིན་དངོས་སུ་ལས་འགོ་བཙུགས་ནས་ཨར་ཇག་རི་བོར་
          གཞུང་ལམ་སྐྲུན་འགོ་ཚུགས་པ་དང་། ཁྱོན་ཡིང་ཤོག་3གྱི་མི་1000ལྷག་ཙམ་གྱི་དམག་ཤུགས་སྤྱད་དེ་ཡིང་ཤོག་རེ་རེས་སྤྱི་ལེ་30རེ་འགན་གཙང་བླངས་པ་དང་ཟླ་9ཚེས་1ཉིན་ཐོག་མར་ཤར་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན།
          དམག་སྡེ་བཅོ་བརྒྱད་པའི་ཧྲི་ཤོག་54ཡི་ཐོན་ཤོག་162ཀྱི་སྐབས་དེ་དུས་ཀྱི་ཆབ་སྲིད་ཨུ་ཡོན་ཀྲའེ་ཧྲོའུ་ཐིང་གི་བུ་མོ་ཀྲའེ་ཤིང་ལི་ཡིས། སྐབས་དེ་དུས་གཅིག་ནས་དཔེ་རིས་མེད་པ་དང་། གཉིས་ནས་ལས་གྲྭའི་འཕྲུལ་ཆས་མེད་ལ། གསུམ་ནས་ལག་རྩལ་མི་སྣའང་མེད། གཡང་གཟར་ཞིང་གཏིང་རིང་བའི་ཨར་ཇག་རི་བོར་ལྟ་བཞིན་དཔོན་དམག་ཚོས“ཨར་ཇག་རི་བོ་མཐོ་ཡང་མགོ་མི་སྒུར། དཀའ་ཚེགས་ཆེ་ཡང་དཀའ་ངལ་ཁྱད་བསད་བྱེད”དང་། “མཁའ་དབྱིངས་སུ་གཞུང་ལམ་ཞིག་བསྐྲུན” “སྐར་ལྔའི་དར་དམར་ཨར་ཇག་རི་བོའི་སྟེང་དུ་འཛུགས”ཞེས་པའི་བརྗིད་ཆེའི་དམ་བཅའ་བཞག་སོང་ཞེས་ངོ་སྤྲོད་བྱས།
          1950ལོའི་ཟླ་8ཚེས་25ཉིན་ལམ་བཟོ་མཁན་དཔོན་དམག་ཚོས་གནམ་ས་དང་འཐབ་པའི་ཞུམ་པ་མེད་པའི་སྙིང་སྟོབས་བཅངས་ནས་ཁྲོན་བོད་གཞུང་ལམ་གྱི་བཙན་འགག་སྔ་སྣུར་དུ་གཏོར་ཏེ་སྤྱི་ལེ་60ལྷག་ཙམ་གྱི“མཁའ་ལམ”གྱི་ཨར་ཇག་རི་བོའི་དུམ་བུ་ཆ་ཚང་མྱུར་བཟོ་བྱས་ནས་ཐོག་མར་ཤར་གཏོང་ཐུབ།
          ཨར་ཇག་རི་བོའི་ཕུག་ལམ་ཏལ་འབིགས་བཏང་། བཙན་འགག་གཞུང་ལམ་བདེ་མོར་གྱུར།
          མ་གཞི་རླངས་འཁོར་ཤར་གཏོང་ཐུབ་ཀྱང་། ཨར་ཇག་རི་བོའི་གཞུང་ལམ་ཐོག་ཉེན་ཆེའི་རྒྱུ་རྐྱེན་མང་དག་ཅིག་གནས་ཡོད་ཅིང་། ལོ་འཁོར་མོར་གངས་ཆེན་པོ་འབབ་པ་དང་། སྨུག་པ་སྟུག་པོ་འཁྲིགས་པ། ཁ་བ་བུ་ཡུག་ཆེ་བ་སོགས་ཀྱི་གནམ་གཤིས་ཧ་ཅང་ཞན་ལ། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའང་ཡང་སེ་ཐོན་ནས་འགྲོ་ལམ་ཆད་ཀྱི་ཡོད། སྤྱིར་བཏང་བྱས་ན་ཁྲེང་ཏུའུ་ནས་དར་རྩེ་མདོ་བར་ཉིན་དང་པོར་གཡག་རྔ་རུ་སྡོད་དགོས་པ་དང་ཉིན་གཉིས་པར་གཞི་ནས་དར་རྩེ་མདོ་རུ་འབྱོར་གྱི་ཡོད། གལ་ཏེ་རི་ཉིལ་ནས་ལམ་ཆད་ཚེ་རི་སྟེང་དུ་ཉིན་མང་པོ་ལུས་པའི་གནས་ཚུལ་ཡང་རྟག་ཏུ་ཐོན་གྱི་ཡོད། དེའི་ཁར་ཨར་ཇག་རི་བོའི་གཞུང་ལམ་གྱི་ལམ་དུམ་བུ་འགའི་གཞོགས་གཅིག་གཡང་གཟར་པོ་དང་། གཞོགས་གཅིག་བྲག་རི་མཐོན་པོ་ཡིན་པས་ཁ་ལོ་བས་ལ་རེ་རྒྱག་རིམ་བཞིན་གཤིན་རྗེའི་འཕྲང་ལམ་རེ་འགྲིམ་པ་དང་ཁྱད་མེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 1975ལོ་ནས་1983ལོའི་ཟླ་9པ་བར་ཨར་ཇག་རི་བོའི་གཞུང་ལམ་ཐོག་འགྲིམ་འགྲུལ་ལས་འཛོལ་136ཙམ་ཐོན་ཡོད་པ་རེད།
          དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱ་ཆེད། ཨར་ཇག་རི་བོའི་ཕུག་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད། དུས་རབས་གོང་མའི་ལོ་རབས་70པར་ཨར་ཇག་རི་བོའི་ཕུག་ལམ་གྱི་ལས་གྲྭའི་རྣམ་གྲངས་ཉིན་རེའི་གྲོས་རིམ་ནང་བཅུག་པ་དང་། 1996ལོའི་ཟླ་5ཚེས་25ཉིན་ཨར་ཇག་རི་བོའི་ཕུག་ལམ་དངོས་སུ་ལས་འགོ་བཙུགས་ཡོད།
          ཨར་ཇག་རི་བོའི་ཕུག་ལམ་ཏལ་འབིགས་གཏོང་རྒྱུ་དེ་ཨར་ཇག་རི་བོར་གཞུང་ལམ་བསྐྲུན་པ་ལས་དཀའ་ཚེགས་ལྡབ་ཀྱིས་ཆེ། ཕུག་ལམ་ཧྲིལ་པོར་སྨི་4176ཡོད་པ་དང་སྐབས་དེ་དུས་ཀྲུང་གོས་སྐྲུན་བཞིན་པའི་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་དང་། ས་བབ་མཐོ་ཤོས། གཏིང་རིང་ཤོས། ས་གཤིས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་ཤོས། ཕྱི་རོལ་ཁོར་ཡུག་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ཕུག་ལམ་ཞིག་རེད།
          2001ལོའི་ཟླ་1ཚེས་11ཉིན་ཨར་ཇག་རི་བོའི་ཕུག་ལམ་དུ་ཕྱོགས་ཡོངས་ནས་རླངས་འཁོར་ཤར་གཏོང་ཐུབ། ཕུག་ལམ་དེ་བསྐྲུན་པས་སྤྱི་ལེ་25ཡི་ཨར་ཇག་རི་བོའི“གཤིན་རྗེའི་འཕྲང་ལམ”བརྒྱུད་མི་དགོས་ལ། རླངས་འཁོར་སྐར་མ་10ལྷག་ཙམ་ལ་ཉེན་ཁ་ཆེ་ཤོས་ཀྱི་ལམ་དུམ་བུ་སྒྲོལ་ཐུབ་པ་མ་ཟད། དར་རྩེ་མདོ་ནས་ཁྲེང་ཏུའུ་བར་དེ་སྔ་ཉིན་གཉིས་འགོར་ཡང་ད་ཆ་ཆུ་ཚོད་7ནང་སླེབས་ཀྱི་ཡོད་པ་རེད།
          “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས།
          གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡངས་པའི་ལམ་ཆེན་དུ་གྱུར་པ།
          དུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་འཁོར་བ་དང་སྦྲཌ། དཀར་མཛེས་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་དེ་མུར་བསྒྱུར་དགོས་ཀྱི་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། ཉིན་བཞིན་ཆེ་རུ་འགྲོ་བའི་འགྲིམ་འགྲུལ་གྱི་དགོས་མཁོ་སྐོང་ཆེད་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ་དེ་དཀར་མཛེས་མི་དམངས་ཀྱི་དོན་གཉེར་གསར་པ་ཞིག་ཏུ་གྱུར་ཡོད།
          2012ལོའི་ཟླ་11པར་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་འགོ་ཚུགས་ཤིང་། གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བ་གཡག་རྔ་ནས་ཤིན་ཅང་ཡེ་ཁྲེང་བར་གྱི་འབྲེལ་མཐུད་ལམ་ཐིག(G4218)ཀྱི་ལམ་དུམ་ཞིག་ཡིན་ཞིང་། ཤར་གཡག་རྔ་གྲོང་ཁྱེར་གྱི་ཏུའེ་ཡན་གྲོང་རྡལ་ནས་ཐེན་ཆོན་རྫོང་དང་ལྕགས་ཟམ་རྫོང་བརྒྱུད་དེ་ནུབ་དར་རྩེ་མདོའི་མདོ་གྲོང་བར་ཡིན་པ་རེད། རྣམ་གྲངས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་135ཙམ་ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་230བཏང་ཡོད་པ་རེད། 2018ལོའི་ཟླ་12ཚེས་31ཉིན་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོ་ཟླ་9ཡི་སྔ་སྣུར་དུ་བསྐྲུན་ཟིན་པ་དང་འབྲེལ་རླངས་འཁོར་ཤར་གཏོང་གི་ཚོད་ལྟའི་ལས་དོན་སྤེལ་བས་དཀར་མཛེས་ཀྲོའུ་རུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
          གལ་ཏེ་ལོ་20ཡི་གོང་ཕུག་ལམ་གཙོ་བོའི་རིང་ཚད་ལ་སྨི་4176ཡོད་པའི་ཨར་ཇག་རི་བོའི་ཕུག་ལམ་ནི་རྒྱལ་ནང་གི་ཕུག་ལམ་རིང་ཤོས་དེ་ཡིན་ན། ད་ཆ་རིང་ཚད་ཧྲིལ་པོར་སྤྱི་ལེ་13.4ཡོད་པའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཨར་ཇག་རི་བོའི་ཕུག་ལམ་ནི་དེའི་ལྡབ་3ཡིན་པ་རེད།
          སྐབས་དེ་དུས་དམག་དམངས་ཁྲི་10ལྷག་ཙམ་གྱིས་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་མཐུན་སྒྲིལ་འབད་འཐབ་བྱས་ནས་འཛམ་གླིང་གི་གཞུང་ལམ་ལོ་རྒྱུས་ཀྱི་ངོ་མཚར་བཏོད། གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་གི་བརྒྱུད་རིམ་ནང་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཆེར་སྐྱེད་དང་། ལམ་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིགས་མཐུན་སྒྲིལ་བྱེད་པའི“ལམ་གཉིས”ཀྱི་སྙིང་སྟོབས་གྲུབ་པ་དང་དར་སྤེལ་བཏང་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།