ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

ཧང་ཀྲོའུ་བོད་སྐྱོར་གྱིས“གཞོན་ནུར་བརྩེ་སེམས་བཅངས། ནག་ཆུའི་ཕུགས་འདུན་སྒྲུབ”ཞེས་པའི་སྤྱི་ཕན་རྣམ་གྲངས་ལག་ལེན་བསྟར་བ།

སྤེལ་དུས 2022-01-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          དགུན་དུས་ཀྱི་བྱང་རྩྭ་ཐང་ནི་གསེར་ཞུན་བྱུགས་པ་ལྟར་དུ་སྣང་ལ། རྒྱང་རིང་གི་རི་བོའི་ཚོགས་ནི་གངས་དཀར་གོས་བཟང་བཀླུབས་པ་དང་མཚུངས། ནག་ཆུ་གྲོང་ཁྱེར་གྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་15℃ཟིན་གྱི་ཡོད། འོན་ཀྱང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཉི་མ་ལྷ་མོ་སོགས་སློབ་མ་1000ལྷག་ཙམ་གྱི་སེམས་ལ་དྲོ་སྐྱིད་ཀྱིས་ཁེངས་ཡོད། གང་ལགས་ཤེ་ན། ཁོ་ཚོའི“དཔེ་ཁུག་གསར་པ་ཞིག”དང“སློབ་ཆས་ཆ་ཚང་ཞིག”“ལྷམ་གསར་པ་ཆ་གཅིག”སོགས་དགོས་འདོད་ཀྱི་བསམ་འདུན་ཆུང་ངུ་ལོ་གསར་གོང་མངོན་འགྱུར་ཐུབ་རེ་ཡོད་པས་རེད། དེ་ནི་ཧང་ཀྲོའུ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་དང་ཀྲེ་ཅང་ཞིང་ཆེན་གྱི“གཞོན་ནུར་བརྩེ་སེམས་བཅངས”པའི་སྤྱི་ཕན་ཀུན་གྲབས་ལས་སྟེགས་ཀྱིས་བརྩེ་བ་ཟབ་མོས་རོགས་རམ་བྱས་པ་ལས་བྱུང་བ་ཞིག་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་བ་ནས་བཟུང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བསམ་འདུན་ཆུང་ངུ་1063བསྡུ་རུབ་བྱས་པའི་ནང་། རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ཡིག་ཆས། དཔེ་ཁུག དོས་སྒམ། གྱོན་ཆས་གསར་པ་སོགས་དངོས་རྫས་རིགས་10ལྷག་ཙམ་ཡོད་པར་རིན་ཐང་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་ཡོད་པ་རེད། མིག་སྔའི་བར་བསམ་འདུན་ཆུང་ངུ་ཚང་མ་ཀྲེ་ཅང་ཞིང་ཆེན་གྱི“གཞོན་ནུར་བརྩེ་སེམས་བཅངས”པའི་སྤྱི་ཕན་ཀུན་གྲབས་ལས་སྟེགས་བརྒྱུད་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག རྣམ་གྲངས་གཉེར་སྐྱོང་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡོང་ཆེད། ལས་སྟེགས་ཀྱིས་ཞལ་འདེབས་བེད་སྤྱོད་ཀྱི་གནས་ཚུལ་དང་གཏོང་སྤྲོད་དུས་ཚོད་ཚང་མ་འཕྲལ་མར་ཞལ་འདེབས་རྒྱག་མཁན་དང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་ཀྱི་ཡོད།  
རྩོམ་སྒྲིག་པ། བསྟན་ཆོས།