ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ས་མཐོར་བསྐྱོད། ཁ་གཏད་རོགས་སྐྱོར་བྱས་པར་གཡུར་ཟའི་འབྲས་བཟང་སྨིན།

སྤེལ་དུས 2022-02-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          1994ལོའི་ཟླ་7པར་འཚོགས་པའི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་ནས་བཟུང་བོད་ལྗོངས་སུ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་པ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། 1994ལོ་ནས་2020ལོའི་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། དེ་བཞིན་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་སྐྱོར་ལས་བྱེད་པ་ཁག་9ལ་བགོས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་6330ལ་རྒྱབ་སྐྱོར་བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་527བཏང་བ། ཕུལ་བྱུང་ལས་བྱེད་པ་9682བོད་སྐྱོར་བྱེད་པར་མངགས་ཡོད།
          བོད་སྐྱོར་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི་དད་སེམས་མཐའ་འཁྱོངས་དང་། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ། བོད་ལྗོངས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་འདུ་ཤེས་གསར་གཏོད་དང་། ལག་རྩལ་སྒྱུར་བཀོད། ཐོན་ལས་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད། སྤུས་རྟགས་གཏོད་པ་སོགས་ལ་ནུས་ཤུགས་ཧུར་ཐག་བཏོན་ནས་རོགས་སྐྱོར་དང་ལེན་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཡོད།
          གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ལ“འབྲུ་མཛོད”ཅེས་འབོད་སྲོལ་ཡོད་ཅིང་། ད་ཆ་དེར“གླིང་གཅིག་ཁུལ་གསུམ་རྟེན་གཞི་34”ཡི་སྔོ་ཚལ་ཐོན་ལས་ཀྱི་བཀོད་པ་ཞིག་གྲུབ་ཅིང་། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.66ཟིན་པ་དང་། ལོ་རེའི་ཐོན་ཚད་རྒྱ་མ་དུང་ཕྱུར་1.2ཟིན་པ། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཙམ་ཟིན་ནས་བོད་ལྗོངས་ཀྱི་ལྗང་མདོག་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། ཉེ་འཁོར་གྱི་རྫོང(ཆུས)10ལྷག་ཙམ་གྱིས་སྔོ་ཚལ་མུའུ་ཁྲི་10ཙམ་བཏབ་པར་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད།
          དེ་སྔ་སྔོ་ཚལ་རང་མཁོ་རང་གསོ་ཐུབ་ཙམ་བཏབ་པ་ནས་ད་ཆ་དེང་རབས་སྔོ་ཚལ་ཐོན་ལས་ལ་བརྟེན་ནས་ཡུལ་ཕྱོགས་གཅིག་གི་མི་སེར་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱེད་པའི་བར་དང་། དེ་སྔ་རྒྱུས་མངའ་མེད་པ་དང་ལག་རྩལ་མི་ཤེས་པ་ནས་ད་ཆ་ཞིང་འབྲོག་པ་ཁྲི་ཕྲག་ཁ་ཤས་དེང་རབས་སྔོ་ཚལ་འདེབས་འཛུགས་མཁས་ཅན་དུ་གྱུར་པའི་བར་གྱི་པ་སྣམ་རྫོང་གི་འཕོ་འགྱུར་ནི་བོད་སྐྱོར་ལས་བྱེད་པ་རིམ་བྱུང་གིས་ཕུལ་བའི་ལེགས་སྐྱེས་དང་ཁ་འབྲལ་ཐབས་མེད། རིག་སྐྱོར་བོད་སྐྱོར་དང་། རྨང་བརྟན་སྦྲེལ་གསབ། ཐབས་ལམ་ཡངས་གཏོང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད། པ་སྣམ་རྫོང་གི“ཐོན་སྐྱེད་དང་། འཁོར་རྒྱུག གསོག་ཉར། ལས་སྣོན། སྐྱེལ་འདྲེན། ཕྱིར་ཚོང”སོགས་ཀྱི་འཁོར་འབྲེལ་ཆགས་པར་བྱས་ནས“པ་སྣམ་སྔོ་ཚལ”སོགས་ཤུགས་རྐྱེན་ཆེ་བའི་སྤུས་རྟགས་ཁག་གཅིག་བཏོད་ཡོད།
          ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལ་ཐོག་ཤང་རྩ་གྲོང་ཚོའི་རི་གསེབ་ཏུ་བོད་སྨན་གྱི་སྨན་རྩྭ་སྐྱེ་སྲིང་གི་དམིགས་བསལ་ཆ་རྐྱེན་ལྡན་ཡོད། 2007ལོར་རྩ་གྲོང་ཚོས་གྲོང་ཚོ་ཡོངས་གནས་སྤོ་བའི་འཆར་གཞི་ལག་ལེན་བསྟར་བ་རེད། ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པས་བོད་སྨན་གྱི་སྨན་རྩྭ་གཞི་ཁྱོན་ཆེན་པོས་འདེབས་འཛུགས་ལས་སྣོན་བྱ་རྒྱུ་དེ་ཐོན་ལས་བོད་སྐྱོར་གྱི་ཚད་བརྒལ་སར་བྱས་ཁར། ཕྱོགས་མང་པོ་དང་འབྲེལ་བ་བྱས་ནས་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་སྟེ། རྩ་གྲོང་ཚོའི་དེ་སྔའི་འདེབས་མཁན་མེད་པར་ལུས་པའི་རྨོ་ཞིང་མུའུ་300ལྷག་ཙམ་དུ་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་སྐྲུན་འགོ་བཙུགས།
          རྩ་གྲོང་ཚོའི་སྨན་རྩྭའི་སྤུས་ཀ་ཡག་པོ་ཡོད་པས་ཁེ་ལས་མང་པོས་དགའ་པོ་བྱེད་ཀྱི་ཡོད། ལོ་དང་པོར་བོད་སྨན་གྱི་སྨན་རྩྭ་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་10བྱུང་། དེ་ལས་རྩ་གྲོང་ཚོའི་མང་ཚོགས་དང་བོད་སྐྱོར་ལས་བྱེད་པའི་སེམས་ཤུགས་ཇེ་ཆེར་འཕེལ་ཞིང་། ཁོང་ཚོས་རྩ་གྲོང་ཚོའི་དེ་སྔའི་འདེབས་མཁན་མེད་པར་ལུས་པའི་རྨོ་ཞིང་རྣམས་བེད་སྤྱོད་གང་ལེགས་བྱས་ཏེ་ལུང་ཤུར་འདི་ཉིད་སྣང་རྫོང་གི་སྨན་རི་ཞིག་ཏུ་སྒྱུར་རྩིས་བྱས།
སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཚན་པ་བཅས་ཀྱིས་སྔ་རྗེས་སུ་སྨན་བཅོས་ཤེས་ལྡན་མི་སྣ་1300ལྷག་ཙམ་ཁག་བདུན་ལ་བགོས་ནས་བོད་ལྗོངས་དུ་མངགས་ཏེ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་བྱེད་མཁན་སྨན་ཁང་གི་ལག་རྩལ་དང་། ལམ་ལུགས། བརྒྱུད་རིམ། སྤྱོད་ཚུལ་བཅས་གངས་ལྗོངས་ས་མཐོར་འཇགས་པར་བྱས་ཡོད།
          སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ལ་རྒྱུན་ཆད་མེད་པར་ནད་གཞི་བཅོས་རོགས་བྱས་ཏེ་བོད་ཀྱི་སྨན་བཅོས་ཀྱི་ཞབས་འདེགས་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ཡོད། དེ་དང་ཆབས་ཅིག ས་གནས་དེ་གའི་སྨན་བཅོས་རུ་ཁག་ལ་རོགས་ཁྲིད་བྱས་པ་དང་ལག་རྩལ་གྱི་སྟོང་ཆ་མང་པོ་བསྐངས་ཏེ་རྩ་བ་ཡུན་རིང་ཚུགས་ཐུབ་པ་དང་། ཞབས་འདེགས་ཡུན་རིང་ཞུ་ཐུབ་པ། ལེགས་སྐྱེས་ཡུན་རིང་འབུལ་ཐུབ་པ་བཅས་ཀྱི“ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་གསོ་སྐྱོང་ཧུར་ཐག་བྱས་ཡོད།
          ལས་ཞུགས་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ཁ་གཏད་རོགས་སྐྱོར་ཚན་པ་སོགས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་བསྡུས་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཡོད། 2012ལོ་ནས་ད་བར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱ་རྒྱུ་དེ་མེད་པ་ནས་ཡོད་པའི་བར་དང་ཉུང་བ་ནས་མང་བའི་བར་དང་། ཐོག་མའི་མི་200ལྷག་ཙམ་ནས་2021ལོར་མི་2400ལས་བརྒལ་ཏེ། བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཀྱི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་སོང་ཡོད།
          རྣམ་གྲངས་བོད་སྐྱོར་ནས་ཤེས་ལྡན་མི་སྣའི་ལས་ཞུགས་བོད་སྐྱོར་བར་དང་། དེ་ནས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་དང་སློབ་གསོའི་བོད་སྐྱོར་བར། དུས་རབས་གསར་པའི་བོད་སྐྱོར་ལས་དོན་གྱིས་དགེ་སྤེལ་སྐྱོན་སྤོང་དང་ཡུལ་བབ་དང་བསྟུན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
རྩོམ་སྒྲིག་པ། བསྟན་ཆོས།