ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས 2022-04-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གཙོ་གནད་མངོན་གསལ་དོད་པོ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་དགོས།
          ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག བོད་ལྗོངས་ཀྱི་ལས་དོན་དང་དུས་རབས་གསར་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གཙོ་གནད་མངོན་གསལ་དོད་པོ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          ལའེ་ཅའོ་དང་། ཟླ་བ་ཚེ་རིང་། རྡོ་ཐོགས། མོང་ཞའོ་ལིན། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
          ཝང་ཅུན་ཀྲེང་གིས་བསྟན་དོན། མིག་སྔར་བོད་ལྗོངས་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། མཐའ་སྲུང་སྲ་བརྟན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མི་དམངས་བདེ་སྡོད་ལས་བརྩོན་བཅས་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་བཟང་པོ་ཐོན་ཞིང་། གྲུབ་འབྲས་འདི་དག་ཐོབ་པའི་འགག་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་རག་ལས་པ་དང་།རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བཅས་ཀྱི་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་བསྡུས་ཡོད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁ་གཏད་བོད་སྐྱོར་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་བསྟུན་ནས་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚོས་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་མང་པོ་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་བ་དང་། ལྟ་བ་གསར་པ་དང་མཐོང་རྒྱ་ཡངས་པོས་བོད་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ལྗོངས་ཀྱི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ཡོད། ལོ་གསུམ་གྱི་བོད་སྐྱོར་ལས་དོན་ནང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་དང་། ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ། མི་ཚེའི་མྱོང་བ་ཕུན་སུམ་ཚོགས་སུ་བཅས་ཕྱིན་ནས་དམག་འཐབ་དྲག་པོ་རྒྱག་པ་དང་། འགན་ལྕི་ཕྲག་ཏུ་འཁུར་བ། དཀའ་གནད་ལས་སྒྲོལ་བ་བཅས་བྱེད་རིང་འཇོན་ཐང་འཇགས་ཐུབ་པ་དང་གསར་གཏོད་ཀྱི་གསོན་ཤུགས་དང་སྤྱང་གྲུང་བློ་གྲོས་འཕེལ་ཡོད།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་བཞིན་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚོས་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་དུས་རབས་གསར་པའི་བོད་སྐྱོར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། དཔལ་འབྱོར་བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་བཏང་ནས་གསར་དར་ཐོན་ལས་སྐྱེད་སྲིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་མང་ཙམ་འབུལ་བ་དང་། “ཕན་འདོགས་པ་གསུམ་དང་ཚང་དགོས་པ་གཅིག”མཐའ་འཁྱོངས་བྱེད་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ། འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོན་པོས་གླིང་ཁུལ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་མངོན་འགྱུར་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་མང་ཙམ་འབུལ་བ་དང་། ཉེན་བརྡ་རྒྱུན་གཏོང་གིས་རྟག་ཏུ་དོགས་ཟོན་བྱེད་རྒྱུ་མཐའ་འཁྱོངས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རིག་ལག་རྩལ་ལ་བརྟེན་ནས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དམངས་འཚོའི་བོད་སྐྱོར་གྱི་ལས་དོན་གཏིང་ཟབ་ཏུ་བཏང་ནས་དམངས་འཚོ་ལེགས་གཏོང་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་བར་ལེགས་སྐྱེས་མང་ཙམ་ཕུལ་ནས་ལས་ཞུགས་བོད་སྐྱོར་དང་སྨན་བཅོས་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྲིད་ཁྲིམས་དང་ཐོན་ལས་སོགས“ཚོགས་སྒྲིག་ཆུང་བའི”བོད་སྐྱོར་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམངས་འཚོ་དང་འབྲེལ་བ་ཡོད་པའི་བྱ་བ་རེ་རེ་བཞིན་ཡག་པོ་སྒྲུབ་དགོས། རིག་གནས་བོད་སྐྱོར་གྱི་ལས་དོན་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་མང་ཙམ་ཕུལ་ནས་རིག་གནས་དེ་གྲོང་ཁྱེར་འཕེལ་རྒྱས་དང་གྲོང་མིའི་འཚོ་བ་དང་མཉམ་འདྲེས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཟབ་ཏུ་ཏན་ཏིག་གཏོང་དགོས། རིག་སྟོབས་བོད་སྐྱོར་གྱི་ལས་དོན་གཏིང་ཟབ་ཏུ་བཏང་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ལེགས་སྐྱེས་མང་ཙམ་ཕུལ་ནས་བརྒྱུད་རིམ་ལྡན་པའི་ཆེད་དོན་བོད་སྐྱོར་དང་དུས་ཐུང་བོད་སྐྱོར་ལ་ཤུགས་སྣོན་རྒྱག་པ། “ཉ་སྟེར་བ་ལས་ཉ་གསོ་སྟངས་བསླབ་པ་དགའ་བའི”བྱེད་ཐབས་མཐའ་འཁྱོངས། “བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་ཤུགས་ཆེན་སྤེལ་བ་བཅས་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ནི་རང་ལྗོངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། འགོ་ཁྲིད་ལ་ཤུགས་སྣོན་དང་ཞབས་ཞུ་བཟང་སྒྲིག་བྱས་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་བྱེད་པར་ཁོར་ཡུག་བཟང་པོ་གཏོད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་དང་། ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན། འཚོ་བའི་ཐད་ཐུགས་ཁུར་ཆེན་པོ། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ་བཅས་མཐའ་འཁྱོངས་བྱས་ནས། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ལས་ཀ་དང་འཚོ་བའི་ཆ་རྐྱེན་བཟང་པོ་ཧུར་ཐག་བཏོད་དེ་ཁོང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་དགོས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས“བོད་སྐྱོར་གྱི་སྙིང་སྟོབས”དར་སྤེལ་གཏོང་བ་དང“བདག་པོའི”ཉམས་འགྱུར་ཐོག་ནས་བོད་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་ཞུགས་པ། ལུས་སེམས་རང་འཁྲིའི་ལས་གནས་ཐོག་གནས་ཐུབ་པ། བོད་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་གནད་སྨིན་དང་། བོད་སྐྱོར་གྱི་ལམ་སྲོལ་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ། བོད་སྐྱོར་གྱི་བྱེད་ཐབས་ཚན་རིག་དང་མཐུན་པའི་འཆར་འགོད། བོད་སྐྱོར་གྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པ། བློ་གཅིག་སེམས་གཅིག་ངང་རོགས་སྐྱོར་བྱ་ཡུལ་ལ་འཕེལ་རྒྱས་དོན་གཉེར་དང་མང་ཚོགས་ལ་བདེ་སྐྱིད་དོན་གཉེར་བཅས་བྱས་ཏེ། མཐུན་སྒྲིལ་དང་། ཕྱུག་འགྱུར། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
          ཚོགས་འདུའི་ཐོག་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དབྱང་ཞའོ་ལིན་དང་། མ་ཅིན་ཏུང་། དབང་ཧྭ་ཏུང་། ལེའོ་ཁྲོན་ཅིན། ཁྲེན་ཧྲི་ཆུས། ཕེང་པིན། ཀའོ་ཅ་དབྱི། ཁྲེན་ཅིང་། ཡུས་གོ་ཆང་སོགས་ཀྱིས་བོད་སྐྱོར་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།