དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་དུ་དར་བའི་སྲོལ་རྒྱུན་ལོ་རྒྱུས་རིག་པ་དང་དེའི་ཁྱད་ཆོས་རགས་ཙམ་གླེང་བ།

སྤེལ་དུས 2018-10-15 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ཆོས་འཕེལ།
          བོད་མི་རིགས་འདིར་ཕུགས་རྩ་ཟབ་ལ་དུས་ཡུན་རིང་མོའི་ལོ་རྒྱུས་ལྡན་ཞིང་རྡོ་ཆས་རྙིང་མ་སྤྱོད་པའི་དུས་སྐབས་ཏེ། མི་ལོ་ཁྲི་ལྔའི་གོང་རོལ་གྱི་དུས་ནས་བཟུང་འཛམ་གླིང་གི་ཡང་རྩེ་བསིལ་ལྡན་ས་ལའི་སྨན་ལྗོངས་འདིར་འཚོ་གནས་རིགས་རྒྱུད་སྤེལ་བའི་ཤུལ་རྗེས་བསུབ་ཏུ་མེད་པ་བཞག་ཡོད། འོན་ཀྱང་ལོ་རྒྱུས་རིག་པ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་ཚད་ངེས་ཅན་ཞིག་ཏུ་སོན་པའི་ཆ་རྐྱེན་འོག་བརྡ་སྤྲོད་ཡི་གེ་བྱུང་རྗེས་སུ་རིམ་བཞིན་དར་བ་ཞིག་ཡིན།   
          དང་པོ། བོད་ཀྱི་ལོ་རྒྱུས་རིག་པའི་འབྱུང་རྩ།   
          བོད་དུ་ལོ་རྒྱུས་རིག་པ་མ་དར་གོང་དེའི་ས་བོན་གདོད་མའི་སྤྱི་ཚོགས་ཀྱི་མངལ་ནང་ཆགས་པ་དང་སྐྱོང་བའི་དུས་རིམ་ཆེས་རིང་མོ་ཞིག་བརྒྱུད་ཡོད། དུས་དེ་ཡར་དེད་ཚེ་མི་ལོ་སྟོང་ཕྲག་འགའ་ཤས་གོང་རོལ་གྱི་རྡོ་ཆས་གསར་མ་སྤྱོད་པའི་དུས་སྐབས་ཏེ་གདོད་མའི་རུས་རྒྱུད་ཀྱི་སྤྱི་ཚོགས་དུས་སུ་དར་བའི་ཆེས་གནའ་བོའི་གཏམ་རྒྱུད་དམ་དེའི་རྗེས་དར་བའི་ངག་རྒྱུན་ལོ་རྒྱུས་དང་གདོད་མའི་བྱུང་བ་རི་མོའི་ལམ་ནས་བརྗེད་ཐོར་འགོད་ཚུལ་གྱི་དུས་མཚམས་དེ་བར་འདེད་ཆོག   དུས་རིམ་དེའི་ནང་གཅིག་གྱུར་དུ་སྤྱོད་བྱེད་ཡི་གེ་ཞིག་མེད་རྐྱེན་ཡིག་ཐོག་ལོ་རྒྱུས་མེད་ལ་གོ་དོན་ཟབ་ཅིང་གཞུང་ལུགས་ལྡན་པའི་ལོ་རྒྱུས་རིག་པ་ནི་དེ་བས་འབྱུང་མི་སྲིད། འོན་ཀྱང་གདོད་མའི་རུས་རྒྱུད་སྤྱི་ཚོགས་གོང་དུ་འཕེལ་ཚད་ཆེས་འགོར་ཅིང་དལ་བའི་དུས་ཡུན་ཧ་ཅང་རིང་མོ་དེའི་ནང་ཡང་། མེས་ཚོས་དཀའ་སྡུག་ཆེ་བའི་ས་མཐོའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་དེའི་ཁྲོད་དུ་གཅིག་ནས་རང་བྱུང་ཁམས་དང་གཉིས་སུ་རུས་རྒྱུད་ཚོ་པ་ཕན་ཚུན་འཐབ་རྩོད་ཡུན་རིང་བྱས་འབྲས་སུ་རིམ་བཞིན་རང་གི་རིགས་རུས་ཀྱི་མེས་པོའི་འབྱུང་ཁུངས་ཤེས་འདོད་ཀྱི་བློའམ་འདས་དོན་ལ་དྲན་འཆར་ཏེ་གདོད་མའི་ལོ་རྒྱུས་ཀྱི་འདུ་ཤེས་ཤིག་སྐྱེས་ཤིང་། ཡང་སྒོས་རུས་ཚོའི་ཁོངས་མིའི་ཁྲོད་གཟེངས་སུ་ཐོན་པའི་སྙིང་སྟོབས་ཟླ་བྲལ་གྱི་དཔའ་རྩལ་འཇོན་ཐང་ཆེ་བའི་ཚོ་དཔོན་སོགས་ཕུལ་བྱུང་མི་སྣ་ཚོར་ཡིད་སྨོན་རྗེས་དྲན་གྱིས་དེ་ཚོའི་མཛད་རྗེས་ངག་ཐོག་ནས་རིམ་བཞིན་ཕྱི་རབས་ཚོར་དྲན་སྐུལ་སློབ་གསོའི་ཚུལ་གྱི་བཤད་རྒྱུན་ཞིག་དར་བ་དང་སྦྲགས། སྐབས་དེའི་སྤྱི་ཚོགས་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་གནས་སྟངས་སམ་དོན་ཆེ་ག་གེ་མོ་ཞིག་གི་བྱུང་བ་གནད་བསྡུས་ཀྱིས་བྲག་ལྡེབས་ཀྱི་ངོས་སམ་ཤིང་ཁྲམ་སོགས་ཀྱི་ངོས་སུ་རྟགས་སམ་འདྲ་གཟུགས་རིས་དབྱིབས་ཀྱི་རྣམ་པའི་ཐོག་ནས་བརྗེད་ཐོར་འགོད་ཚུལ་གྱི་རྣམ་པ་ཞིག་ཀྱང་ཐོན་ཡོད་པ①དེ་དག་གིས་ཕྱིས་ཀྱི་ཡིག་ཐོག་ལོ་རྒྱུས་དང་། ལོ་རྒྱུས་རིག་པ་དར་བྱེད་ཀྱི་གཞི་རྒྱུའམ་ས་བོན་བསྐྲུན་ཡོད།   ཆེས་གནའ་བོའི་གཏམ་རྒྱུད་དམ་ངག་རྒྱུན་ལོ་རྒྱུས་དེ་ཚོའི་ནང་དོན་གཙོ་བོ་གཤམ་གསལ་ཁག་གསུམ་སྟེ།   
          ༡. སྣོད་བཅུད་འཇིག་རྟེན་དང་བོད་ཀྱི་ས་ཁམས་ཆགས་ཚུལ། བོད་མིའི་འབྱུང་ཁུངས་སྐོར་དཔེར་ན་བོད་ཀྱི་ཡུལ་གྲུ་འདི་གདོད་མའི་རྒྱ་མཚོ་བྲི་ནས་རིམ་བཞིན་སྐམ་སར་གྲུབ་ཚུལ་དང་བོད་མིའི་རུས་ཚན་གྱི་ཐོག་མ་བསེ་དང་རྨུ་ལྡོང་སྟོང་ལས་མཆེད་པའི་གཏམ་རྒྱུད་སོགས།   
          ༢ .ཡང་མེས་ཚོས་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་ཁྲོད་ཐོན་སྐྱེད་དང་གདོད་མའི་སྤྱི་ཚོགས་འཚོ་བ། གོམས་སྲོལ་སོགས་ཇི་ལྟར་མཚོན་པའི་སྐོར་དཔེར་ན་ཡ་ཐོག་བོད་ཀྱི་མེས་པོ་ཚོས་གོས་སུ་ཤིང་ལོ་དང་ཟས་སུ་མ་རྨོས་ལོ་ཏོག   ནགས་དང་བྲག་སྐྱིབས་སུ་ཚང་བཅས་ནས་ཀློ་དང་མོན་ལྟར་གྱི་སྤྱོད་ལམ་ལ་ཞུགས་ཚུལ་དང་། མཉམ་སྡེབ་ཀྱིས་རི་དྭགས་རྔོན་པ། རྩི་ཤིང་གི་འབྲས་བུ་འཐུ་བ་སོགས་གདོད་མའི་ཐོན་སྐྱེད་ནང་ཞུགས་ཚུལ།   
          ༣ .གདོད་མའི་མི་ཁྱུ་ནས་རིམ་བཞིན་རུས་རྒྱུད་སྤྱི་ཚོགས་དང་རུས་ཚོ་མནའ་འབྲེལ་གྱི་བྲན་གཡོག་ལམ་ལུགས་སྤྱི་ཚོགས་སུ་བགྲོད་རིམ་ནང་ཡོ་བྱད་གང་ཞིག་གསར་གཏོད་བྱས་ཡོད་ཚུལ་ལམ་དེ་ཚོར་བརྟེན་ནས་རུས་རྒྱུད་ཚོ་པ་ཕན་ཚུན་འཐབ་ཅིང་རྒོལ་བའམ་མནའ་འབྲེལ་བྱེད་ཚུལ་སོགས་ཀྱི་སྐོར་དཔེར་ན་དེ་ནས་རིམ་བཞིན་གནོད་སྦྱིན་ནག་པོ་དང་། མགོ་གཡག་བདུད་དང་། སྲིན་པོ་དང་། འདྲེ་དང་། ཀླུ་དང་འཐབ་རྩོད་གསོད་གཅོད་ལ་དགའ་བའི་བྱད་དབྱིབས་མི་ཡིན་པ་ལ་མིའི་མཚན་ཉིད་ཡོངས་སུ་ཚང་མེད་པའི་མི་མ་ཡིན་གྱི་རིགས་ཀྱིས་རིམ་པར་བོད་ཀྱི་ཡུལ་ཁམས་མངའ་མཛད་ཚུལ་དང་། ཕྱིས་སུ་རྒྱལ་ཕྲན་བཅུ་གཉིས་སོགས་ཀྱིས་རིམ་གྱིས་དུམ་བུར་དབང་ཚུལ་གྱི་གཏམ་རྒྱུད་སོགས་ལྟ་བུའོ།   
          གཞན་ཡང་མེས་པོ་ཚོས་ཡིད་སྨོན་བྱ་ཡུལ་གྱི་དཔའ་རྩལ་འཇོན་ཐང་ཆེ་བའི་རུས་ཚོ་མནའ་འབྲེལ་གྱི་ཚོ་དཔོན་སོགས་དཔའ་བོའི་མི་སྣ་དེ་རིགས་མིའི་རང་གཤིས་ཅན་གྱི་ལྷའི་གཟུགས་སུ་བཀོད་ནས་བསྟོད་བསྔགས་བྱེད་ཚུལ་དཔེར་ན། བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་གནམ་གྱི་ལྷ་ཡབ་ལྷ་བདག་དྲུག་གི་སྲས་ལས་མི་ཡུལ་བོད་ཀ་གཡག་དྲུག་གི་རྗེ་བོར་གཤེགས་ཚུལ་སྐོར་བོན་གྱི་ལྷ་སྒྲུང་དང་སྦྱར་བའི་ཚར་དུ་དངར་བའི་གཏམ་རྒྱུད་དེ་ཚོའི་ནང་གདོད་མའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཚུད་ཡོད་ནའང་།  དེ་རྣམས་མི་རབས་མང་པོར་ངག་ནས་ངག་ཏུ་གཅིག་ལ་གཅིག་བརྒྱུད་དུ་དར་བའི་བརྒྱུད་རིམ་ནང་ཕྱི་རབས་པར་ཤུགས་རྐྱེན་ཟབ་པའི་གྲས་ནི་དུས་ཡུན་རིང་མོར་མ་ཉམས་པར་ཤེས་རིག་དར་ཆེ་བའི་དུས་སུ་སླེབས་མཚམས། དམངས་ཁྲོད་ཀྱི་ངག་རྒྱུན་དུ་གནས་ཡོད་པའི་ངག་ཐོག་ལོ་རྒྱུས་དེ་དག་ཕྱིས་སློབ་དཔོན་ཐོན་མིས་བོད་ཀྱི་ཡི་གེའི་རྣམ་བཞག་གསར་དུ་བཏོད་རྗེས་ལོ་རྒྱུས་སྨྲ་བ་པོ་ཚོས་ཕྱོགས་བསྡུས་ཀྱིས་ཁོང་ཚོས་བརྩམས་པའི་ལོ་རྒྱུས་དེབ་ཐེར་རམ་ཆོས་འབྱུང་ནང་དུ་དྲངས་ཡོད་པ་དེའི་གྲས་ཁག་གཅིག་དེང་གི་ཆར་ཡང་མཐོང་རྒྱུ་ཡོད།   
          མདོར་ན་གནའ་བོའི་གཏམ་རྒྱུད་དང་ངག་རྒྱུན་ལོ་རྒྱུས་དེ་ཚོའི་ཐོག་ནས་བོད་ཀྱི་ཡང་མེས་ཚོས་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་། སྤྱི་ཚོགས་འཚོ་བའི་གནས་སྟངས་བཅས་ལ་ཐོག་མའི་གོ་བ་ཇི་ལྟར་ལེན་ཚུལ་གྱི་བསམ་པ་དང་འདོད་བློ་མཚོན་པར་བྱེད་ཅིང་། ང་ཚོས་ལྷ་སྒྲུང་གི་ལྷད་སྐྱོན་རྣམས་དོར་ནས་བལྟས་ཚེ་དེའི་ནང་གདོད་མའི་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་དངོས་དོན་དང་མཐུན་པའི་ཆའམ་བབ་ཆགས་དངོས་གཙོའི་ལོ་རྒྱུས་ལྟ་ཚུལ་གྱི་བསམ་པའི་ས་བོན་ཡང་ཡོད་པ་ནི་དཔེར་ན། གདོད་མའི་རྒྱ་མཚོ་བྲི་ནས་རིམ་བཞིན་བོད་ཀྱི་ཡུལ་གྲུ་འདི་སྐམ་སར་གྲུབ་ཚུལ་དང་བོད་མིའི་འབྱུང་ཁུངས་སྤྲེའུ་དང་བྲག་སྲིན་མོ་སྟེ་སྤྲ་རིགས་གཉིས་འདུས་པ་ལས་མཆེད་པའི་གཏམ་རྒྱུད་སོགས་ལྟ་བུའོ།   
          ཆེས་གནའ་བོའི་གཏམ་རྒྱུད་དང་ངག་རྒྱུན་ལོ་རྒྱུས་དེ་ཚོའི་ཐོག་ནས་མཚོན་པའི་རུས་ཚོའི་སྤྱི་ཚོགས་དུས་ཀྱི་མི་ཚོས་རང་བྱུང་ཁམས་དང་། སྤྱི་ཚོགས། ལྷ། མི་དང་དེ་དག་ཕན་ཚུན་གྱི་འབྲེལ་བའི་ཐད་འཛིན་པའི་བསམ་བློའི་འདུ་ཤེས་དེ་ཚོས་ཕྱིས་སུ་ཤེས་རིག་དར་ཆེ་བའི་དུས་རབས་ཀྱི་ལོ་རྒྱུས་སྨྲ་བ་པོ་ཚོའི་ལོ་རྒྱུས་ལྟ་ཚུལ་དང་ལོ་རྒྱུས་རིག་པའི་རྣམ་པར་ཡང་དུས་ཡུན་རིང་མོར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།   
          ལོ་རྒྱུས་རིག་པའི་ཕྱོགས་ནས་སྨྲས་ཚེ། གསོན་ཉམས་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གཏམ་རྒྱུད་དང་ངག་རྒྱུན་ལོ་རྒྱུས་དེ་ཚོའི་ནང་ཞུགས་པའི་གདོད་མའི་ཆོས་ལུགས་སོགས་ཀྱི་སྙིགས་མའམ་ལྷད་སྐྱོན་རྣམས་དོར་ནས་དངོས་དོན་ལ་ཞིབ་པར་དཔྱད་ཚེ་ད་གཟོད་བོད་ཀྱི་གདོད་མའི་སྤྱི་ཚོགས་འཕེལ་འགྱུར་གྱི་ཤུལ་རྗེས་སམ་ཡ་ཐོག་མེས་པོ་ཚོའི་འཚོ་བ་དངོས་ཀྱི་རགས་དབྱིབས་ཤིག་མཐོང་ཐུབ་པས། དེ་ཚོར་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་མི་དམན་པ་ཞིག་ཡོད་པའི་དབང་གིས། དེ་དག་ནི་བོད་ཀྱི་ལོ་རྒྱུས་རིག་པའི་ཐོག་ཆེས་སྔ་ཤོས་སུ་གྱུར་པའི་ཤུལ་བཞག་ཅིག་ཡིན་ཞེས་བརྗོད་ཆོག་ལ། དུས་སྐབས་དེ་ནི་བོད་དུ་ལོ་རྒྱུས་རིག་པའི་ས་བོན་འཁྲུངས་པ་དང་མྱུ་གུ་འབུད་པའི་དུས་ཤིག་ཡིན།   
          གཉིས་པ། བོད་དུ་ལོ་རྒྱུས་རིག་པ་ཐོག་མར་དར་བའི་དུས་རིམ། (བཙན་པོའི་དུས་རབས་ཀྱི་ལོ་རྒྱུས་རིག་པ།)   
          སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ནས་བཟུང་བཙན་པོའི་སྐབས་ཀྱི་སྤྱི་ཚོགས་དེ་རླབས་ཆེའི་ལོ་རྒྱུས་དོན་སྙིང་ལྡན་པའི་རྩ་འགྱུར་ཆེན་མོའི་དུས་རབས་སུ་བགྲོད་འགོ་ཚུགས་པ་དང་ཕྱོགས་མཚུངས། བོད་གཅིག་གྱུར་དུ་སྤྱོད་བྱེད་སྒྲ་སྦྱོར་ཡི་གེའི་གཞུང་ལུགས་གསར་དུ་བཏོད་པའི་དུས་དེ་ནས་བོད་མི་རིགས་ལ་ཁུངས་ལྡན་གྱི་ཡིག་ཐོག་ལོ་རྒྱུས་ཡོད་པའི་འགོ་ཚུགས་པ་དང་སྦྲགས་ལོ་རྒྱུས་རིག་པའང་ཐོག་མར་དར་འགོ་ཚུགས།   
          དུས་རིམ་དེའི་ནང་སྲོང་བཙན་སྒམ་པོ་སོགས་རིམ་བྱོན་བཙན་པོ་ཚོས་ཞི་བའི་ཐབས་ཀྱི་བཅོས་སྐྱོང་དང་དྲག་པོ་གཡུལ་གྱི་འདུ་འགོད་ཟུང་འབྲེལ་གྱི་སྦྱོར་བར་བརྟེན་ནས། བོད་བཙན་པོའི་ཆབ་སྲིད་མཐའ་བཞིར་རྒྱ་ཆེར་བསྐྱེད་པའི་ཁྲོད་ཉེ་འབྲེལ་ཡུལ་གྲུ་ཁག་བར་གྱི་འབྲེལ་ལམ་རིམ་བཞིན་རྒྱ་ཇེ་ཆེ་གཏིང་ཇེ་ཟབ་ཏུ་སོང་བའི་བརྒྱུད་རིམ་ནང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་ཕྱི་ལུགས་ནང་འདྲེན་དང་ཕྱི་བཟང་ནང་སྤྱོད་ཀྱིས་མི་རིགས་གཞན་དེ་ཚོའི་སྔོན་ཐོན་གྱི་སྤྱི་ཚོགས་དོ་དམ་ལམ་ལུགས་དང་ཐོན་སྐྱེད་ལག་རྩལ། ཆོས་དང་ཤེས་རིག་སོགས་ཀྱི་ལེགས་ཆའི་ཉིང་བཅུད་བསྡུ་ལེན་གྱིས་རང་མི་རིགས་ཀྱི་ཟུངས་ཁྲག་ནང་འདྲེན་པར་མཛད། དེ་བོད་ཀྱི་ཤེས་རིག་གཞོན་ནུའི་ལང་ཚོའི་དཔལ་ཡོན་ཇེ་རྒྱས་སུ་གཏོང་རྒྱུར་འབད་པ་ལྷོད་མེད་དུ་མཛད། ཡང་སྒོས་ཤར་ཕྱོགས་ཐང་རྒྱལ་རབ་དབར་གཉེན་ཐོག་གཉེན་བརྩེགས་ཀྱི་དབོན་ཞང་མཛའ་གཅུགས་འབྲེལ་ལམ་བཏོད་པའི་དུས་དེ་ནས་བཟུང་རྒྱ་བོད་མི་རིགས་དབར་གྱི་སྲིད་འབྱོར། རིག་གནས། དམག་དོན། ཆོས་ལུགས་སོགས་སྒོ་ཀུན་ནས་ཕན་ཚུན་ཤན་ཤུགས་ཐེབས་རེས་ཁྲོད་ཐང་གི་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་ནང་འདྲེན་མཛད་པ་དེ་དག་གིས་བོད་ཀྱི་སྤྱི་ཚོགས་དང་ཤེས་རིག་འཕེལ་རྒྱས་གཏོང་རྒྱུར་དངོས་པོའི་མཐུན་རྐྱེན་གསར་དུ་བསྐྲུན། དུས་རིམ་དེའི་ནང་རིམ་བྱོན་བཙན་པོས་སྔ་ཕྱིར་འབྲི་སྙ་བརྟན་དང་། ལང་ཚོ་ལྡོང་ལེགས། བྱ་དགག་སྟོང་ཀུན། འདར་མི་སྟག་ཁ། བློན་འཛིན་འཛིན་སོགས་བོད་ཕྲུག་བློ་རྣོ་བ་དུ་མ་ཐང་གི་རྒྱལ་ས་ཁྲང་ཨན་དུ་མངགས་ནས་རྒྱའི་གཙུག་ལག་ཡིག་ཚང་དང་། རྩིས་དཀར་ནག་སོགས་ལ་མཁས་པར་སྦྱངས། ཕྱོགས་མཚུངས་རྒྱའི་མཁས་པ་སྤྱན་དྲངས་ཏེ་བོད་ཀྱི་ལོ་ཙཱ་བ་དང་ལྷན་དུ་རྒྱའི《ཧྲེས་ཅིས》(史记)དང་། 《ཧྲང་ཧྲུའུ》(尚书) 《ཀྲན་གོ་ཚེ》(战国策)སོགས་ནང་སའི་ལོ་རྒྱུས་དང་དམག་དོན་སྐོར་གྱི་གཞུང་བོད་ཡིག་ཏུ་ཕབ་སྒྱུར་མཛད②
          བོད་བཙན་པོའི་ཆབ་སྲིད་ཀྱི་དགོས་མཁོར་ལྟོས་ནས་སྲིད་གཞུང་གི་གོང་འོག་དམག་སྲིད་སྒྲིག་གཞིའི་ནང་ཡིག་ཚང་གི་ལམ་སྲོལ་བཏོད། སྐབས་དེའི་གཞུང་ཕྱོགས་ཡིག་ཚང་ཁང་གི་འགན་འཛིན་པའི་འགན་དབང་ནི་བཙན་པོའི་བཀའ་རྒྱ་དང་། རྒྱལ་བློན་དབུ་སྙུང་གི་བཀའ་གཙིགས་སོགས་སྲིད་འབྱོར་དམག་དོན་ཕྱི་འབྲེལ་སྐོར་གྱི་དོན་གནད་ཆེ་རིགས་དུས་ཐོག་ཐོ་འགོད་བྱ་རྒྱུ་དང་གཅིག    ཡིག་ཚགས་འགངས་ཆེའི་གྲས་ཕྱག་སྦལ་ལམ་སྲིད་གཞུང་གི་ཡིག་ཚགས་ཁང་ནང་བདག་ཉར་དོ་དམ་བྱ་རྒྱུ་དང་གཉིས། བཙན་པོའི་བཀའ་རྒྱ་སོགས་གཞུང་ཡིག་དུས་ཐོག་ཏུ་ར་ས་དང་། ཁྲ་འབྲུག བསམ་ཡས། ལྡན་དཀར་དང་ལི། བྲུ་ཤ། རྒྱ་ཤ་ཅུ་སོགས་བདེ་བློན་གྱི་མངའ་རིས་མཐོང་ཁྱབ་ཁྲི་སྡེ་ལྔ་དང་རྒྱལ་ཕྲན་ཁག་སྟེ་བཙན་པོའི་མངའ་རིས་ས་གནས་ཁག་ལ་འགྲེམ་གཏོང་བྱ་རྒྱུ་དང་གསུམ། དེ་མིན་ཆོས་དོན་གཉེར་རྒྱུ་དང་གནམ་རིག་དུས་བརྟག་སོགས་ཀྱི་ལས་འགན་ཡང་སྒྲུབ་ཀྱིན་ཡོད།   
          ཕྱིས་བཙན་པོའི་མངའ་ཐང་ཆེས་ཆེར་རྒྱས་པ་དང་སྤྱི་ཚོགས་གོང་དུ་འཕེལ་རིམ་ཁྲོད་ཡིག་ཚང་མི་སྣའི་ལས་བགོས་ཀྱང་རིམ་བཞིན་ཞིབ་ཚགས་སུ་སོང་ནས། བཙན་པོའི་ཕོ་བྲང་ནང་ལོ་རྒྱུས་རྩོམ་སྒྲིག་གི་འགན་འཛིན་དཔོན་ཡང་ཐོན་ཡོད་པ་དེ་ཚོས་དེའི་གོང་གི་ཡིག་ཚང་པ་སྔ་ཕྱི་རིམ་བརྒྱུད་ཡིག་ཐོག་འཁོད་པའི་སྲིད་གཞུང་གི་ལོ་རྒྱུས་ཡིག་ཚགས་དེའི་རིགས་དཔྱད་གཞི་གཙོ་གནད་དུ་བཟུང་སྟེ། བཙན་པོ་རིམ་བྱོན་གྱི་རྒྱལ་རབས་ལོ་རྒྱུས་རྩོམ་སྒྲིག་བྱས་ཡོད་པ་དེའི་གྲས་བཙན་པོའི་གཞུང་ཕྱོགས་ནས་གཙོ་གཉེར་དམ་དོན་གྱིས་ཡིག་ཚང་པ་ཐུན་མོང་ཐོག་ནས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཙང་རྒྱལ་རབས་ཤོག་དྲིལ་དེ་ཚོར་སྤྱིར་ན་རྩོམ་པ་པོའི་མིང་འགོད་སྲོལ་མེད། འོན་ཀྱང་མི་སྒེར་གྱི་མིང་ཐོག་ནས་བརྩམས་པའི་རྒྱལ་རབས་ལོ་རྒྱུས་ཀྱང་ཐོན་ཡོད་པ་དེ་ཚོར་རྩོམ་པ་པོའི་མིང་ཁ་གསལ་བཀོད་ཡོད་ཚུལ་དཔེར་ན། སྦ་ས་བོན་པོས་རྩོམ་སྒྲིག་བྱས་པའི་གཉའ་ཁྲི་བཙན་པོ་ལྷ་ལས་གཤེགས་རབས་ཉི་ཤུ་རྩ་བདུན་དུ་བྱོན་ཚུལ་སྐོར་བོན་གྱི་ལྷ་སྒྲུང་གཏམ་རྒྱུད་དང་སྦྱར་བའི《ཡོ་གལ་ལྷ་གྱེས་ཅན》 སྐྱེས་ནམ་གྱིས་བརྩམས་པའི་རྒྱལ་རབས་ཡུན་པོ་རྒྱས་པར་བཤད་པ《ཟིངས་པོ་མགོ་སྔོན་ཅན》 སྦ་གསལ་སྣང་གིས་བརྩམས་པའི《སྦ་བཞེད》③སོགས་ལྟ་བུའོ།   
          དུས་རིམ་དེའི་ནང་བོད་བཙན་པོའི་རྒྱལ་རབས་ལོ་རྒྱུས་དང་རྣམ་ཐར། ལོ་རྒྱུས་རེའུ་མིག་སོགས་རྩོམ་ལུས་སྣ་ཚོགས་ཐོན་ཡོད་པ་དཔེར་ན། ཏུན་ཧོང་བྲག་ཕུག་ནས་ཐོན་པའི་གཏེར་ཡིག་ཤོག་དྲིལP. T.1288 དངB. M.8212(187)གཉིས་ཕྱོགས་གཅིག་ཏུ་བསྡེབས་པའི《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ཞེས་པ་དེ་ནི་དུས་སྒྲིག་པའི་རྩོམ་ལུས་ཀྱི་རྣམ་པའི་ཐོག་ནས་སྤྱི་ལོ641ནས763བར་ཁྱོན་མི་ལོ123རིང་རིམ་བྱོན་བཙན་པོའི་སྲིད་ལུགས་ཀྱི་མཛད་དོན་གནད་ཆེའི་རིགས་ལོ་ཚིགས་སོ་སོར་ཚིག་ཉུང་དོན་བསྡུས་བཀོད་ཡོད④པ་དེ་དག་ཚེག་བར་གཅོད་མཚམས་གསལ་ལ་ཡུལ། དུས། མི་སྣ། བྱ་བ་བཅས་རྩ་བའི་གྲུབ་ཆ་རྣམས་གསལ་ཁ་དོད་ཅིང་། ལོ་ཚིགས་སྔ་ཕྱི་ཕྲེང་སྟར་དུ་བརྒྱུད་པའི་ལོ་རེའི་དུས་མཚམས་སོ་སོར་འགོད་བྱའི་ནང་དོན་བསྡུས་ཤོས་ལ་ཡིག་འབྲུ5དང་རྒྱས་ཤོས་སུ209ཡོད་པ་དེའི་འགོ་མཇུག་ཆ་ཚང་ལ་ཁྱོན་ཡིག་འབྲུ་བདུན་སྟོང་ལྷག་ཙམ་མཆིས། གནའ་དུས་ཁུང་ཧྥུ་ཙི་ཞེས་པའི་ཀྲུང་གོའི་མཁས་དབང་གྲགས་ཅན་དེས་ལུའུ་རྒྱལ་རབས་ཀྱི་ལོ་རྒྱུས་ལྟེ་བར་བཟུང་སྟེ་བརྩམས་པའི་རྒྱལ་རབས《ཁྲོན་ཆིའུ》(春秋)⑤ཞེས་པ་དེ་གཉིས་གཤིབ་བསྡུར་བྱས་ཚེ། རྩོམ་ལུས་རྩོམ་སྟངས་འདྲ་མཚུངས་ཡིན་པ་ཙམ་མ་ཟད་ཚིག་སྣ་བསྡུས་དྲགས་པས་བྱ་བའི་འཕེལ་རིམ་སྔ་ཕྱིའི་རྒྱུ་འབྲས་ཀྱི་འབྲེལ་བ་སོགས་གསལ་ཁ་མེད་པའི་ཞན་ཆ་ཡང་གཅིག་མཚུངས་སུ་ལྷག་འདུག འོན་ཀྱང《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ཞེས་པ་དེ་ནི་ད་ཕན་ཤེས་རྟོགས་བྱུང་བའི་ལོ་དུས་ཁ་གསལ་རིམ་པ་སྟར་བརྒྱུད་དུ་སྒྲིག་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྔ་ཤོས་དེ་ཡིན་པས་ལོ་རྒྱུས་རིག་པའི་ཕྱོགས་ནས་སྨྲོས་ཚེ་དོན་སྙིང་ཆེ་ལ་ཁུངས་བཙན་པས་ལོ་རྒྱུས་དཔྱད་གཞིའི་རིན་ཐང་མཐོ།   
          དེ་མིན་རྣམ་ཐར་གྱི་རྩོམ་ལུས་ཐོག་ནས་བྲིས་པའི《བཙན་པོ་རིམ་བྱུང་གི་ལོ་རྒྱུས》ཞེས་པའི་ཤོག་དྲིལP.T.1287.དངI.0. Ch. xvii.2⑥དེ་གཉིས་ནང་གོང་གི་ཞན་ཆ་དེའི་རིགས་མེད་ནའང་ལོ་དུས་ཁ་གསལ་བཀོད་མེད། ནང་དོན་ཐད་གྲི་གུམ་བཙན་པོ་ནས་ཁྲི་སྲོང་ལྡེ་བཙན་བར་ཆབ་སྲིད་ཀྱི་མཛད་འཕྲིན་ཆེ་བའི་བཙན་པོ་ཁག་གཅིག་དང་བློན་མྱང་ཞང་སྣང་དང་མགར་སྟོང་བཙན། ཁྲི་འབྲིང་སོགས་ཀྱི་མཛད་རྗེས་དང་འབྲེལ་བའི་ལོ་རྒྱུས་དངོས་དོན་རྣམས་ལེ་ཚན་སོ་སོར་ཕྱེས་ནས་རྒྱས་བཤད་གང་འཚམས་རེ་བྱས་ཡོད་པ་དེ་དག་རྗོད་བྱེད་ཚིག་སྦྱོར་སྙན་ཞིང་བབ་ཆགས་ལ་མི་སྣའི་གཟུགས་བརྙན་བཀོད་འབྲི་གསོན་ཉམས་ལྡན་པ་དང་།  དཔེ་དོན་འབྲེལ་ཆགས་ཤིང་བྱ་བའི་འཕེལ་རིམ་སྔ་ཕྱི་འབྲེལ་ཆགས་པ། བསམ་བློའི་རང་བཞིན་དང་རྩོམ་རིག་པའི་བྲོ་བ་ཟབ་མོ་ལྡན་པའི་ལོ་རྒྱུས་ཤོག་དྲིལ་དེའི་ནང་དོན་གྱི་ཐོག་ནས་སྐབས་དེའི་བོད་མིའི་བསམ་པའི་འཁྱེར་སོ་དང་རྩོམ་པ་པོས་མིའི་རིན་ཐང་གཙིགས་ཆེར་འཛིན་པའི་གནའ་བོའི་མི་ཆོས་ཀྱི་ལོ་རྒྱུས་ལྟ་ཚུལ་ཤས་ཆེར་བཟུང་ཡོད་པ་མངོན།   
          རྩོམ་ལུས་རྩོམ་སྟངས་ཀྱི་ཆ་ནས་མི་སྣའི་གཟུགས་བརྙན་དང་བྱ་བའི་འཕེལ་རིམ་བཀོད་འབྲི་བྱེད་སྟངས་ཐད་རྒྱའི་ལོ་རྒྱུས་རིག་པ་བ་སི་མ་ཆན《司马迁》གྱིས་བརྩམས་པའི《ཡོ་གལ་ལྷ་གྱེས་ཅན》དང་། ཡབ་ཚན་འབངས་ཀྱིས་བརྩམས་པའི《ཧྲེ་ཅིས་གླེགས་ཐོ་ཟུར་བཀོད》.《史记.列传》ཀྱི་རྩོམ་ཚུལ་དང་མཚུངས་པའི་ཆ་ཡོད་པ་གཤིབ་བསྡུར་བྱས་པས་ཤེས།  གཞན་ཡང་ལོ་རྒྱུས་རེའུ་མིག་གི་རྩོམ་ལུས་ཐོག་ནས་བྲིས་པའི《རྒྱལ་ཕྲན་དང་རྒྱལ་རབས་རིམ་བྱུང་གི་མིང》(P. T.1286)⑦སྟེ་རྒྱལ་ཕྲན་ཁག་དང་རྗེ་བློན་སོ་སོའི་མིང་། རིམ་བྱོན་བཙན་པོའི་མིང་བཅས་རིམ་པ་སྟར་བརྒྱུད་དུ་བསྒྲིགས་ཡོད་པ་དེ་བལྟ་བདེ་ལ་སྟབས་བདེ་བའི་ཁྱད་ཆོས་ལྡན། དེ་མིན་མི་རིགས་གཞན་པའི་ལོ་རྒྱུས་སྐོར《ལི་ཡུལ་དུ་ནང་བསྟན་དར་ཚུལ་གྱི་ལོ་རྒྱུས》(P. T.960)དང《གྲུ་གུ་སོགས་རྒྱལ་རབས་ཀྱི་གནས་ཚུལ》(P. T.1283)⑧བོད་ཡིག་ཐོག་ཕབ་སྒྱུར་བྱས་པའི་རྒྱ་མི་རིགས་ཀྱི་གནའ་བོའི་གྲགས་ཅན་ལོ་རྒྱུས་ཡིག་ཆ《ཞང་ཤུ》(P.T986)《ཀྲན་གོ་ཚེ》⑨སོགས་གོང་སྨྲོས་གནས་ཚུལ་དེ་ཚོའི་ཐོག་ནས་སྐབས་དེའི་བོད་ཀྱི་ལོ་རྒྱུས་པ་ཚོའི་མཐོང་ཐོས་ཀྱི་རྒྱ་དང་བསམ་རྒྱ་ཇི་འདྲ་ཡོད་ཚུལ་མཚོན་ཐུབ་ལ་ནང་སའི་རྒྱ་མི་རིགས་ཀྱི་ལོ་རྒྱུས་རིག་པའི་བསམ་བློའི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་མཚོན་ཐུབ།  
          སྤྱི་ལོའི་དུས་རབས12པར་མཁས་པ་ལྡེའུས་བརྩམས་པའི《ལྡེའུ་ཆོས་འབྱུང》དང་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི《ཉང་ཆོས་འབྱུང》སོགས་སུ་དྲངས་ཡོད་པའི་འབྲེལ་ཡོད་དཔྱད་གཞིར་གཞིགས་ཚེ། བཙན་པོའི་དུས་སྐབས་སུ་རྩོམ་པ་པོའི་མིང་གསལ་བར་འཁོད་པའི་གྲས་སྦ་ས་བོན་པོས་བརྩམས་པའི《རྒྱལ་རབས་རྐྱང་པ་གཅིག་རྒྱུད》གཉའ་ཁྲི་བཙན་པོ་ཡན་ཆད་སྟོད་ཀྱི་ལྷ་རབས་དང་མན་ཆད་གདུང་གཅིག་རྒྱུད་དུ་གྲོལ་ཚུལ་སྟོན་པ《ཟངས་མ་གཞུགས་རལ་ཅན》རྗེ་ཉིད་ཀྱིས་བརྩམས་པ་རྒྱལ་རབས་སྦས་པའམ《གསང་བ་ཕྱག་རྒྱ་ཅན》རྒྱལ་པོ་རྣམས་ཀྱིས་མཛད་པ《བཀའ་རྩིས་ཆེན་མོ》 བཙུན་མོ་རྣམས་ཀྱིས་མཛད་པ《དར་དཀར་གསལ་བའི་མེ་ལོང》བློན་པོ་རྣམས་ཀྱིས་མཛད་པ《ཟླ་བའི་འདོད་འཇོ》དེ་མིན་སྐྱེས་ནམ་གྱིས་བརྩམས་པའི་རྒྱལ་རབས་ཡུན་པོ་རྒྱས་པར་བཤད་པ《ཟིངས་པོ་མགོ་སྔོན་ཅན》ནམ་སྣ་ཚོགས་ཅན། ཞང་བློན་གྱིས་བརྩམས་པའི་རྒྱལ་རབས་ཁུག་པའམ《ལྟབ་མ་དགུ་བརྩེགས་ཅན》སོགས་ཐོན་ཡོད། གོང་སྨྲོས་ཕྱོགས་བསྡུས་ཀྱིས་སྨྲོས་ཚེ་བོད་དུ་ལོ་རྒྱུས་རིག་པ་ཐོག་མར་དར་བའི་དུས་རིམ་དེའི་ནང་། ༡ .ལོ་རྒྱུས་ཀྱི་དཔྱད་གཞི་འཚོལ་བསྡུ་ཉར་ཚགས་བྱེད་པའི་ལམ་སྲོལ་ངེས་གཏན་ཞིག་ཆགས་ཡོད་པ་དང་། ༢. ལྟོས་བཅས་ནས་བཤད་ན་ཚད་མཐོ་སའི་ཕྱོགས་ནས་འགོ་ཚུགས་ཡོད་ལ་རྩོམ་ལུས་རྣམ་གྲངས་མང་བ། ༣. ནང་སའི་རྒྱལ་རབས་ལོ་རྒྱུས་རྩོམ་ལུས་རྩོམ་སྟངས་སོགས་རྒྱ་མི་རིགས་ཀྱི་ལོ་རྒྱུས་རིག་པའི་བསམ་བློའི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ། ༤. ལོ་རྒྱུས་སྨྲ་བ་ཚོའི་ཁྲོད་དུ་བོན་གྱི་ལྷ་རིག་པའི་ལོ་རྒྱུས་ལྟ་ཚུལ་དང་མི་ཆོས་ཀྱི་ལོ་རྒྱུས་ལྟ་ཚུལ་ཟུང་དུ་གནས་ཡོད་ལ་རྒྱལ་རབས་ལོ་རྒྱུས་ཀྱི་བརྩམས་འབྲས་དེ་ཚོའི་ནང་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཉུང་ངུའམ་སྤྱིར་ན་མེད་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་དབང་གིས་ལོ་རྒྱུས་དངོས་དོན་ལ་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་མཐོ། ལོ་རྒྱུས་རིག་པའི་ཕྱོགས་ནས་སྨྲོས་ཚེ་དུས་རིམ་དེའི་ནང་གི་ལོ་རྒྱུས་སྨྲ་བ་པོ་ཚོའི་བློ་ངོར་དུས་རབས་རིམ་བྱུང་ལོ་རྒྱུས་ཀྱི་དོན་སྤྱི་ཆ་ཚང་བ་ཞིག་འཆར་ཐུབ་མེད་པས་བརྩམས་འབྲས་དེ་ཚོའི་ནང་དོན་གནད་བསྡུས་ཡིན་པའམ་ཆ་ཚང་པོ་ཞིག་བྱུང་མེད་ནའང་། ལོ་རྒྱུས་རྩོམ་སྒྲིག་བྱེད་ལུགས་ཀྱི་གཞི་རྩའི་གྲུབ་ཆ་རྣམས་ཚང་ཡོད་ལ་ཐོག་མའི་རགས་དབྱིབས་ཤིག་གྲུབ་ཟིན་ཡོད།  ལྷག་དོན་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་བཙན་པོའི་སྐུ་དུས་ཀྱི་ལོ་རྒྱུས་ཤོག་དྲིལ་འཁྲུལ་མེད་དེ་ཚོའི་ཐོག་ནས་ཀྱང་སྤྱི་ལོའི་དུས་རབས་བརྒྱད་དམ་དགུ་པའི་ནང་བོད་དུ་དམིགས་བསལ་ཁྱད་ཆོས་ལྡན་པའི་ལོ་རྒྱུས་རྩོམ་སྒྲིག་གི་མ་ལག་ཅིག་གྲུབ་ཟིན་ཡོད་པ་དངོས་པོའི་སྟོབས་ཀྱིས་ར་འཕྲོད་བྱུང་ཡོད།  
          གསུམ་པ། གོང་དུ་འཕེལ་བའི་དུས་རིམ། (སིལ་བུའི་དུས་སྐབས་ཀྱི་ལོ་རྒྱུས་རིག་པ)   
          སྤྱི་ལོ841ལོར་བཙན་པོའི་གདུང་རྒྱུད་ནང་ཁུལ་སྲིད་དབང་འཕྲོག་ལེན་དང་བན་བོན་བར་གྱི་འགལ་བའི་འཐབ་རྩོད་ཛ་དྲག་རྣོ་ངར་གྱི་རྩེ་མོར་སོན་པའི་ཁྲོད་བཙན་པོ་དར་མས་བཙན་ཤེད་དྲག་སྤྱོད་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་བསྟན་པ་བསྣུབས་པའི་རྐྱེན་དང་། བསྟུད་མར་འོད་སྲུང་ཡུམ་བརྟན་དང་དེ་ཚོའི་ཕྱོགས་གཏོགས་འབྲོ་དབའས་སོགས་སྟོབས་ཤུགས་ཕན་ཚུན་ཡ་ང་སྙིང་རྗེ་མེད་པའི་དྲག་པོའི་ནང་འཁྲུག་དང་གཞི་ཁྱོན་ཆེ་བའི་འབངས་གྱེན་ལོག་བྱུང་བ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས། གཅིག་གྱུར་གྱི་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་ནས་རྒྱལ་ཕྲན་དུ་མས་དུམ་བུར་བཅད་བཟུང་གི་སིལ་བུའི་དུས་སྐབས་སུ་བགྲོད་འགོ་ཚུགས། དེ་ནས་དུས་རབས10པའི་ལོ་རབས་བདུན་ཅུ་པའི་བར་མི་ལོ་བརྒྱ་ལྷག་ཙམ་གྱི་ཟང་ཟིང་དུས་བབ་ཁྲོད་བོད་ཀྱི་སྲིད་འབྱོར་རིག་གསུམ་ཕྱོགས་གང་སར་གོད་ཆགས་ཚབས་ཆེ་ཕོག་པས། སྐབས་དེར་ཕྱོགས་མཐར་གྱར་བའི་བཙན་པོའི་སྐུ་དུས་ཀྱི་ལོ་རྒྱུས་ཡིག་ཆ་ཐར་ཐོར་ཆེས་ཉུང་ཤས་ཤིག་སྲུང་ཉར་ཐུབ་པ་ཙམ་ལས་ཕལ་མོ་ཆེ་རྩ་བརླག་ཏུ་སོང་བ་དང་གསར་དུ་དར་ཁ་མའི་ལོ་རྒྱུས་རིག་པ་དེ་བར་སྐབས་ཤིག་རིང་འཕེལ་མེད་སོར་གནས་སུ་ལྷུངས།   
          སྤྱི་ལོ978ལོར་བོད་དབུས་གཙང་ཁུལ་དུ་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་བསྟན་པ་ཕྱི་དར་དབུ་ཚུགས་པ་ནས1267ལོ་བར་མི་ལོ་ཉིས་བརྒྱ་བརྒྱད་ཅུ་ལྷག་ཙམ་གྱི་དུས་རིམ་དེའི་ནང་བོད་ཀྱི་སྤྱི་ཚོགས་ཁྲོད་བཀས་བཀོད་རྒྱུད་འཛིན་གྱི་དཔལ་འབྱོར་ལམ་ལུགས་རྩ་བའི་ཆ་ནས་ཆགས་ཟིན་པའི་སྔོན་འགྲོའི་ཆ་རྐྱེན་འོག བཀས་རྒྱུད་ས་གནས་བཅད་བཟུང་གི་རྒྱལ་ཕྲན་ཁག་གི་དབང་སྒྱུར་བ་ཚོས་སྲིད་དབང་སྲ་བརྟན་གཏོང་རྒྱུའི་དགོས་མཁོར་དམིགས་ཏེ་སངས་རྒྱས་བསྟན་པ་དར་འཕེལ་གཏོང་བར་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པར་བརྟེན། ནང་བསྟན་དེ་རིམ་གྱིས་གཤམ་འོག་གི་དམངས་ཁྲོད་ནས་སྟེང་གི་བཀོད་པའི་ཁྱབ་ཁོངས་བར་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་ཁྲོད་དུ་མང་ཚོགས་ཀྱི་རྨང་གཞི་བརྟན་པོར་ཚུགས་ཐུབ་པ་བྱུང་བ་དང་གཅིག   གཉིས་སུ་དུས་རིམ་དེའི་ནང་རྒྱ་གར་གྱི་ཡུལ་གྲུར་ཏཱ་སིག་དང་ཨཧྥུ་གྷ་ནི་སེ་ཐན་གྱི་ཏུ་རུཥྐའི་མུའུ་སི་ལིན་སྟོབས་ཤུགས་ཀྱིས་དྲག་པོའི་བཙན་འཛུལ་བྱས་པའི་ཁྲོད་མུའུ་སི་ལིན་གྱི་ཆོས་དང་རིག་གནས་རིམ་གྱིས་དར་བ་དང་ནང་བསྟན་ཉམས་རྒུད་དུ་གྱུར་བའི་དུས་སུ་འཁེལ། སྒོས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་དུ་མུའུ་སི་ལིན་སྟོབས་ཤུགས་ཀྱིས་རྒྱ་གར་དབུས་རྒྱུད་ཨོཏནྟ་པུ་རི་དང་བི་ཀྲ་མ་ལ་ཤཱི་ལ་སོགས་གཙུག་ལག་ཁང་གྲགས་ཅན་མང་པོ་གཏོར་བཅོམ་བྱས་པ་དང་། ནང་པའི་ཆོས་ལུགས་མི་སྣར་གནོད་འཚེ་ཚབས་ཆེ་བཏང་བར་བརྟེན་པཎྜི་ཏ་དང་རབ་ཏུ་བྱུང་བ་ཁྱོན་ཆེ་སི་རི་ལན་ཁ་བརྒྱུད་ཤར་ཕྱོགས་འབར་མ་དང་། ཐའི་ལནྜ། ཀམ་པུ་ཁྲེ་སོགས་སུ་ཡུལ་གྱར་དུ་ཕེབས་པ་དང་ཁག་གཅིག་བྱང་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ཏེ་བོད་དུ་ཕེབས། དུས་སྐབས་དེའི་ཡས་མས་སུ་དྷརྨ་པ་ལ་དང་ཛྙཱ་ན་ཤྲི། དཱི་པཾ་ཀ་ར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་སོགས་སྙན་གྲགས་ཆེ་བའི་པཎྜི་ཏ་བདུན་ཅུ་ལྷག་ཙམ་སྔ་རྟིང་དུ་བོད་དུ་ཕེབས་ཡོད་པ་ཁོང་རྣམ་པས་གོ་སྐབས་དམ་བཟུང་གིས་སངས་རྒྱས་ཀྱི་བསྟན་པ་དང་ནང་པའི་རིག་གནས་བོད་དུ་དར་སྤེལ་བཏང་བ་དང་། ལོ་ཆེན་རིན་ཆེན་བཟང་པོ་དང་མར་པ་ཆོས་ཀྱི་བློ་གྲོས་སོགས་ལོ་ཙཱ་བ་བརྒྱ་དང་ལྔ་བཅུ་ལྷག་ཙམ་བྱོན་ཡོད་པ་དེ་དག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་ལྷོ་རྒྱ་གར་སོགས་མི་རིགས་ཚོའི་ཕྱི་ནང་རིག་གནས་ལ་སྙིགས་དོར་བཅུད་ལེན་གྱིས་ཁོང་དུ་ཆུད་ཐབས་དང་དར་སྤེལ་མཛད་པ་བརྒྱུད། རིམ་བཞིན་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཀའ་གདམས་དང་། བཀའ་བརྒྱུད། ས་སྐྱ་སོགས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གཅིག་མཇུག་གཉིས་མཐུད་ངང་གསར་དུ་ཐོན་པ་དེ་དག་ཕན་ཚུན་འགྲན་རྩོད་ཀྱི་ཁྲོད་དུ་འཕེལ་རྒྱས་འགྲོ་འགོ་ཚུགས་པའི་དུས་སུ་འཁེལ་ཡོད།   
          གསུམ་ནས“མེ་མཁའ་རྒྱ་མཚོ”རྫོགས་མཚམས་ཀྱི་མེ་ཡོས་སྤྱི་ལོ1027ལོར་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས《དུས་འཁོར་རྩ་རྒྱུད》རྒྱ་གར་ནས་བོད་ཡིག་ཏུ་བསྒྱུར་བའི་ལོ་དེ་རྩིས་འགོར་བཟུང་བ་དེ་ནས་བོད་དུ་རབ་བྱུང་ལོའི་བརྩི་སྲོལ་དར་བ་དང་། སྤྱི་ལོ1207ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤིས་ཐང་པོ་ཆེ་དགོན་དུ་སྟོན་པའི་འདས་ལོའི་བསྟན་རྩིས་མཛད་པའི་དུས་རིམ་དེའི་ནང་རབ་བྱུང་ལོའི་བརྩི་སྲོལ་དར་བ་དང་བསྟན་བརྩིས་གཅིག་གྱུར་བྱུང་འགོ⑩ཚུགས། དེས་རྒྱལ་རབས་དེབ་ཐེར་རམ་ཆོས་འབྱུང་ཁག་ནང་ལོ་དུས་བརྩི་སྲོལ་ཐད་གཅིག་གྱུར་གྱི་ཚད་གཞི་བཟུང་ཡུལ་མེད་རྐྱེན་བཞེད་སྲོལ་འདྲ་མིན་བཅུ་ཕྲག་འགའ་ཕན་ཚུན་རྩོད་རྙོག་ཆེ་ལ་གཏན་འཁེལ་བའི་བཤད་ཚུལ་མེད་པའི་གནས་ཚུལ་དེར་རིམ་བཞིན་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་འགོ་ཚུགས་པ་དེས་ལོ་རྒྱུས་རིག་པ་གོང་དུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།   
          ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱི་མི་ཚེའི་ལྟ་ཚུལ་དང་རིན་ཐང་གི་ལྟ་ཚུལ་སོགས་ལོ་རྒྱུས་ལྟ་ཚུལ་གྱིས་བོད་མིའི་བསམ་པའི་འདུ་ཤེས་དང་ཡུལ་གོམས་གཤིས་ལུགས་སོགས་རིག་པའི་གནས་ཀྱི་ཕྱོགས་གང་སར་ཤུགས་རྐྱེན་ཇེ་ཆེར་ཐེབས་པ་ལས་བོད་མི་རིགས་ཐུན་མོང་གི་སེམས་ཁམས་གཤིས་རྒྱུད་དེར་རིམ་གྱིས་འགྱུར་བ་བྱུང་། སྤྱི་ཚོགས་ཀྱི་གནས་སྟངས་སམ་གཡོལ་ཐབས་མེད་པའི་ཁོར་ཡུག་དེའི་ཁྲོད་ནང་པ་སངས་རྒྱས་པའི་འཇིག་རྟེན་ལྟ་ཚུལ་བཏོན་པའི་རྒྱལ་རབས་དང་། ཆོས་འབྱུང་། རྣམ་ཐར། གདུང་རབས། གདན་རབས་སོགས་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་ལུས་རྣམ་གྲངས་གསར་པ་ཁག་གཅིག་གསར་དུ་ཐོན་ཡོད་ལ། དེ་དག་གི་རྩོམ་པ་པོ་ནི་ཕྱི་ནང་རིག་པའི་གནས་ལ་མཁས་པའི་གྲུབ་མཐའ་ཁག་གི་བླ་མ་སྐྱེས་ཆེན་དམ་པའམ་ཆོས་བྱེད་མི་སྣ་ཤ་སྟག་ཡིན་ཙང་ཁོང་རྣམ་པས་ལོ་རྒྱུས་རྒྱས་བཤད་བྱེད་སྐབས་བོད་ཀྱི་ཡུལ་གྲུར་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དར་བ་དང་འཕེལ་འགྲིབ་བྱུང་ཚུལ་དེ་ལྟེ་བའི་གནད་དུ་དམ་པོར་བཟུང་བ་དང་།  དུས་རིམ་དབྱེ་སྟངས་ཐད་ལའང་བསྟན་པ་སྔ་ཕྱིའི་རྣམ་གཞག་འཇོག་ཚུལ་གཞིར་བཟུང་པ་སོགས་མདོར་ན་དུས་རིམ་དེའི་ནང་གསར་དུ་ཐོན་པའི་ལོ་རྒྱུས་པ་ཚོའི་ནང་པའི་ལོ་རྒྱུས་ལྟ་ཚུལ་དེས་བོད་ཀྱི་ཕྱི་རབས་པ་ཚོར་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པ་མ་ཟད་བོད་ཀྱི་སྤྱི་ཚོགས་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།   
          དུས་རིམ་དེའི་ནང་ཐོན་པའི《ལོ་རྒྱུས་ལོག་གནོན་ཆེན་མོ》དང《ལྡེའུ་ཆོས་འབྱུང》《ཉང་ཆོས་འབྱུང》སོགས་སུ་བཙན་པོའི་རྒྱལ་རབས་བརྗོད་སྐབས་ལོ་རྒྱུས་དངོས་དོན་མང་ལ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཤན་ཤུགས་ཉུང་ངུ་ཡིན་ནའང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཱ་དང་རྙིང་མ་བའི་གཏེར་སྟོན་བླ་ཆེན་ཚོས་བསམ་ཡས་དང་ཡར་ཀླུང་ཤེལ་བྲག   ལྷ་སའི་གཙུག་ལག་ཁང་སོགས་ཀྱི་གཏེར་ནས་བཞེས་པའི་བཙན་པོའི་སྐུ་དུས་ཀྱི་ལོ་རྒྱུས་ཡིག་ཆ་དངོས་ལ་ཕྱག་སོར་གྱི་སྨྱུག་རྩེས་སྣོན་འཕྲི་བཅོས་སྒྲིག་མཛད་པའི《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་བུམ》《སྦ་བཞེད་ཞབས་བཏགས་མ》 《བཀའ་ཐང་ཟངས་གླིང》 《བཀའ་ཐང་ཤེལ་བྲག》《བཀའ་ཐང་སྡེ་ལྔ》སོགས་དེའི་རིགས་ལ་ནང་པའི་ལོ་རྒྱུས་ལྟ་ཚུལ་གྱི་ཤན་ཤུགས་ཆེ་བས། དེ་དག་ཆོས་ལུགས་དྲིལ་བསྒྲགས་ཀྱི་ཡོ་བྱད་ལྟ་བུ་ཞིག་ཏུ་གྱུར་ཡོད་ཚུལ་གྱི་དོན་དངོས་ཐོག་ནས་དུས་སྐབས་དེའི་བོད་ཀྱི་ལོ་རྒྱུས་པ་ཚོའི་ལོ་རྒྱུས་ལྟ་བར་རིམ་གྱིས་འགྱུར་བ་བྱུང་ཡོད་ཚུལ་གསལ་བར་མཐོང་ཐུབ།   
          དུས་རིམ་དེའི་ནང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་དར་འགོ་ཚུགས་པའི་དུས་སུ་གནས་ཡོད་ཙང་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་དར་རྒྱས་ཆེར་བྱུང་མེད། དེའི་དབང་གིས་རྒྱལ་རབས་སམ་ཆོས་འབྱུང་དེ་ཚོའི་ནང་གྲུབ་མཐའི་ཕྱོགས་འཛིན་གྱི་ཕན་ཚུན་དགག་བཞག་དང་ཟུར་ཟའི་གཏམ་སོགས་ཀྱི་དྲི་མས་བསླད་མེད་པ་དང་གཅིག   ཚིག་སྦྱོར་ཐད་སྤྱིར་ན་མངོན་བརྗོད་བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་ཅུང་གོ་བདེ་བའི་ཁྱད་ཆོས་ལྡན་པ་དང་གཉིས། ལྷག་དོན་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང(1011-1075)གི《ལོ་རྒྱུས་ལོག་གནོན་ཆེན་མོ》དང་ལྡེའུ་ཇོ་སྲས(? -1109)ཀྱི《ལྡེའུ་ཆོས་འབྱུང》མཁས་པ་ལྡེའུ(1123-1175)ཡི《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ཉང་ཉི་མ་འོད་ཟེར(1124-1192)གྱི《ཉང་ཆོས་འབྱུང》སོགས་ཀྱིས་བཙན་པོའི་དུས་སྐབས་སུ་བྲིས་པའི་ལོ་རྒྱུས་ཡིག་ཆའམ་རྒྱལ་རབས་ཤུལ་དུ་ལུས་པ་རྣམས་ཁུངས་སུ་གཏུགས་པ་དང་བན་བོན་གཉིས་ཀའི་ལོ་རྒྱུས་ཁག་ལས་གང་འཚམས་བཏུས་ནས“ངེས་དོན་གཏན་ལ་ཕབ། ཚིག་གི་ལྷད་མ་བཅུག   སྒྲོ་མ་བཏགས།   སྐུར་བ་མ་བཏབ། གྲ་ཆག་ཟུར་ཉམས་སུ་མ་བཏང་བ”⑿བཅས་ཀྱི་སྒོ་ནས་གཏན་ལ་ལེགས་པར་ཕབ་སྟེ་ཕྱོགས་གཅིག་ཏུ་བསྡེབས་པའི་རྩོམ་སྒྲིག་བྱེད་ཐབས་ཀྱི་རྩ་དོན་གཞིར་བཟུང་བས་དེ་ཚོར་ལོ་རྒྱུས་དཔྱད་གཞིའི་རིན་ཐང་མཐོ་ཙམ་ལྡན། དེ་མིན་དུས་རིམ་དེའི་ནང་རྗེ་བཙུན་གྲགས་པ་རྒྱལ་མཚན(1147-1216)གྱིས་མཛད་པའི《ས་ཆེན་གདན་རབས》དང་ས་པཎ་ཀུན་དགའ་རྒྱལ་མཚན་གྱི(1182-1252)《བཀའ་གདམས་ཆོས་འབྱུང་ཆེན་མོ》སོགས་ཐོན་ཡོད། མདོར་ན་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པ་དེ་བོད་བརྒྱུད་ནང་བསྟན་གྱེ་གྲུབ་མཐའ་ཁག་ཐོག་མར་དར་འགོ་ཚུགས་པའི་སིལ་བུའི་དུས་སྐབས་ཀྱི་དུས་དཀྱིལ་ནས་བཟུང་རིམ་གྱིས་འཚར་ལོངས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་ཡོད་དོ།   
          བཞི་པ། གནད་སྨིན་འཐུས་ཚང་དུ་འཕེལ་བའི་དུས་རིམ། (ས་ཕག་གཙང་གསུམ་དུས་སྐབས་ཀྱི་ལོ་རྒྱུས་རིག་པ)   
          སྤྱི་ལོ1267ལོར་ཆོས་སྲིད་ཟུང་འབྲེལ་གྱི་ས་སྐྱ་པའི་སྲིད་དབང་འགོ་ཚུགས་པ་ནས1642ལོར་དགའ་ལྡན་ཕོ་བྲང་པའི་སྲིད་དབང་ཚུགས་པའི་སྔ་ནུབ་བར་ཡོན་མིང་རིམ་བྱོན་གོང་མའི་སྲིད་གཞུང་གིས་བོད་ས་གནས་ལ་ཐད་ཀར་སྲིད་སྐྱོང་བྱས་པའི་དུས་རིམ་དེའི་ནང་རྒྱ།  བོད། ཧོར་སོགས་མི་རིགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཇེ་ཟབ་ཏུ་སོང་།  ཡང་སྒོས་མིང་རྒྱལ་རབས་ཀྱིས་བོད་དུ“མང་བསྐོས་ལྷན་སྐྱོང”དང“སྐྱེས་ལན་གྱ་ནོམ་སྤྲོད་པའི་འཇམ་འགུགས་སྲིད་ཇུས”ལག་བསྟར་བྱས་པས། དཔལ་འབྱོར་གྱི་ཕན་ཁེའི་སྐུལ་འདེད་འོག་ས་དཀར་དགེ་ལུགས་སོགས་གྲུབ་མཐའ་ཁག་གི་བླ་དཔོན་ཚོ་སྐུ་ངོ་མའམ་འཐུས་ཚབ་མངགས་གཏོང་གིས་ཟམ་མི་ཆད་པར་ནང་སར་གོང་མར་མཇལ་རྟེན་ཕུལ་བར་བསྐྱོད་སྲོལ་ཞིག་དར་ཡོད་པས། དེས་རྒྱ་བོད་ཧོར་སོགས་མི་རིགས་དབར་གྱི་འབྲེལ་བ་དེ་བས་ཇེ་ཟབ་དང་ཕན་ཚུན་དཔལ་འབྱོར་དང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་ཐེབས་པའི་ཁྲོད་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་རིག་གནས་རིམ་གྱིས་ཧོར་དང་རྒྱ་ནག་ཡུལ་གྲུར་དར།  
          ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་ཁྲོད་བོད་དུ་མདོ་སྔགས་གཞུང་ལུགས་སོགས་ཕྱི་ནང་རིག་པའི་གནས་ལ་ནང་བྱན་ཆུད་པའི་བླ་མ་སྐྱེས་ཆེན་དམ་པ་སོགས་ཤེས་ལྡན་མི་སྣ་འབོར་ཆེ་ཐོན་ཡོད་པ་ཁོང་རྣམ་པས་བསྟན་བཅོས་ཁྱོན་ཆེ་རྩོམ་སྒྲིག་མཛད་ཡོད་པ་དེ་ཚོའི་ནང་ཆོས་ལུགས་དང་ཚད་མ། གསོ་རིག སྐར་རྩིས། ལོ་རྒྱུས། རྩོམ་རིག བཟོ་བཀོད། སྒྱུ་རྩལ། ཁྲིམས་ལུགས། ས་ཁམས་སོགས་རིག་ཚན་མང་དག་ཅིག་ཚུད་ཡོད།   
          སྤྱི་ལོ1285(ཤིང་བྱ)ལོར་འགྲོ་མགོན་འཕགས་པའི་དངོས་སློབ་རྒྱའི་ལོ་ཙཱ་བ་ཧུ་གྱང་ཇུས《ཐང་ཡིག་གསར་མའི་ཐུ་བྷོད་ཀྱི་ལོ་རྒྱུས》བོད་ཡིག་ཐོག་ཕབ་བསྒྱུར་མཛད་པའི་འགྱུར་དེ་བོད་སོག་རྒྱ་གསུམ་གྱི་སྐད་ལ་མཁས་པའི་ལོ་ཙཱ་བ་གཽ་ཤྲི་རིན་ཆེན་གྲགས་ཀྱིས1325(ཤིང་གླང)ལོར⒀ཤིང་ཀུན་སྡེ་ཆེན་དུ⒁ཤིང་པར་དུ་བཏབ། དེའི་ནང་གི་དུམ་བུ་མི་ཉུང་བ་ཞིག་ཚལ་པ་ཀུན་དགའ་རྡོ་རྗེའི《དེབ་དམར》དང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི《རྒྱལ་རབས་གསལ་བའི་མེ་ལོང》 ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེའི《ཡར་ལུང་ཆོས་འབྱུང》ནང་དུ་དྲངས་ཡོད་ལ་ཕྱིས་སུ་འགོས་ལོ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་ཀྱང་ཚལ་པའི《དེབ་དམར》ལས་བརྒྱུད་དྲངས་མཛད། དེ་མིན་ཚལ་པའི《དེབ་དམར》གྱི་བརྗོད་དོན་གཙོ་བོ་བོད་ཀྱི་ལོ་རྒྱུས་བརྗོད་པ་དང་ཆབས་ཅིག་རྒྱ་གར་དང་། རྒྱ་ནག   ཧོར། མི་ཉག་སོགས་ཉེ་འབྲེལ་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱང་ས་བཅད་ཆེད་བཀོད་ཀྱིས་སོ་སོར་ནང་དོན་རྒྱས་བསྡུས་དེ་འཚམས་རེ་བཀོད་ཡོད་ཚུལ་སོགས་ལས་དུས་སྐབས་དེའི་ནང《ཐང་ཡིག་གསར་མ》སོགས་རྒྱ་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་གུང་སྒྲིག་སྟངས་དང་རྩོམ་ལུས་རྩོམ་སྟངས་དེ་ཚོས་བོད་ཀྱི་ལོ་རྒྱུས་པ་ཚོར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་མཚོན།   
          དུས་རིམ་དེའི་ནང་བོད་ཀྱི་ལོ་རྒྱུས་པ་ཚོའི་མཐོང་ཐོས་ཀྱི་རྒྱ་དང་བསམ་རྒྱ་ཇེ་ཆེར་གྲོལ་བ་ལས་རྩོམ་ལུས་གསར་པ་སྟེ་རྒྱལ་རབས་དེབ་ཐེར་དང་ལོ་རྒྱུས་བསྟན་རྩིས། ཡུལ་གྲུའི་གནས་བཤད། དུས་མཚམས་གཅིག་གི་ལོ་རྒྱུས། མི་རིགས་སམ་རྒྱལ་ཁབ་གཞན་གྱི་རྒྱལ་རབས་ལོ་རྒྱུས། དེ་མིན་དམག་གཞུང་དེབ་ཐེར⒂སོགས་ཆབ་སྲིད་དང་དཔལ་འབྱོར། དམག་དོན།ཁྲིམས་ལུགས། ས་ཁམས་གནས་བཤད་སོགས་ཆེད་འགོད་ལོ་རྒྱུས་ཀྱི་རྩོམ་ལུས་གསར་པ་ཁག་གཅིག་གསར་དུ་ཐོན་ཡོད་ལ་ཕྱི་ནང་རིག་པའི་གནས་ལ་མཁས་པའི་གྲགས་ཅཱན་ལོ་རྒྱུས་རིག་པ་བ་དང་ཕྱི་རབས་ཚོར་ཤུགས་རྐྱེན་ཆེས་ཟབ་པའི་ལོ་རྒྱུས་སྐོར་གྱི་ཕྱག་རྩོམ་ཕོན་ཆེ་ཐོན་ཡོད་པ་དཔེར་ན། ཚལ་པ་ཀུན་དགའ་རྡོ་རྗེས(1309-1364)1363ལོར་བརྩམས་པའི《དེབ་ཐེར་དམར་པོ》ནི་ཕྱི་རབས་ཚོར་ཤུགས་རྐྱེན་ཟབ་པའི་གྲས་ཤིག་ཡིན།⒃དེའི་རྩོམ་འབྲིའི་ཁྱད་ཆོས་དང་རིན་ཐང་ནི།   
          ༡. དེབ་དམར་ནང་རྒྱའི་ལོ་རྒྱུས་ཡིག་རྙིང་ཁུངས་སུ་གཏུགས་ཏེ་རྒྱ་ནག་གི་ཀྲའུ་རྒྱལ་རབས་ནས་ཡོན་བར་གྱི་རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་གནད་བསྡུས་ཤིག་བཀོད་ཡོད་པ་དང་།ཐང་བོད་འབྲེལ་བའི་སྐོར་བརྗོད་སྐབས་རྒྱའི《ཐང་ཡིག་གསར་མའི་ཐུ་བྷོད་ཀྱི་ལོ་རྒྱུས》ཞེས་པ་ཐོག་མར་དཔྱད་གཞིར་བཟུང་སྟེ་དེའི་ནང་ནས་དུམ་བུ་མི་ཉུང་བ་ཞིག་དྲངས་འདུག དེ་མིན་ཕྱི་རབས་ཚོས་མཐོང་དཀོན་པར་གྱུར་པའི་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁུངས་བཙུན་གྲས་དུ་མ་དཔྱད་གཞིར་བཟུང་ནས་འབྲེལ་ཡོད་ནང་དོན་མི་ཉུང་བ་ཞིག་བཀོད་ཡོད་པ་དེ་ཚོས་བོད་ཀྱི་ཕྱི་རབས་ལོ་རྒྱུས་པ་ཚོས་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ཤེས་རྟོགས་གསར་པ་ཞིག་བྱུང་རྐྱེན། ཕྱིས་སུ་བཙན་པོ་ཚོའི་མཛད་འཕྲིན་རྒྱས་བཤད་བྱེད་སྐབས་ཆོས་ཕྱོགས་ཁོ་ན་ཙམ་མ་ཡིན་པར་ཞི་བའི་ཐབས་ཀྱི་བཅོས་སྐྱོང་དང་དྲག་པོ་གཡུལ་གྱི་འདུ་འགོད་ཟུང་གི་མཛད་འཕྲིན། ཐང་བོད་འབྲེལ་བའི་གནས་ཚུལ་སོགས་དོ་སྣང་བྱ་ཡུལ་དང་བྲི་བྱའི་ནང་དོན་ཞིག་ཏུ་གྱུར་ཡོད་པ་དེས་སྐབས་དེའི་ལོ་རྒྱུས་པ་ཚོའི་ཁྲོད་དུ་དར་སྲོལ་གསར་པ་ཞིག་ཕྱེ་བ་མ་ཟད་བོད་ཀྱི་ཡིག་ཐོག་ལོ་རྒྱུས་དེ་དེ་བས་ཁུངས་ལྡན་ཚད་མཐོར་གཏོང་བར་སྐུལ་འདེད་གྱི་ནུས་པ་ཐོན་ཡོད།   
          ༢. ཀུན་དགའ་རྡོ་རྗེས་ས་སྐྱ་པའི་སྲིད་དབང་དུས་མཇུག་ཏུ་ཚལ་པའི་ཁྲི་དཔོན་ལོ་28གནང་རིང་ཡོན་གྱི་རྒྱལ་ས་ཏཱ་ཏུར་བྱོན། །325ལོར་གོང་མ་ཡེ་སུན་ཐེའི་མུར(泰定帝也孙铁木儿)གྱིས་ཁོང་ལ་ཚལ་པའི་མི་སྡེ་དབང་རིགས་ཐམས་ཅད་ཤེས་སུ་བཅུག་པའི་འཇའ་ས་དང་དངུལ་གྱི་ཐམ་ཀ། གསེར་གྱི་རྒྱན། གོས་དར་སོགས་གནང་། 《དེབ་དམར》ནང་འཁོད་ཡོན་རྒྱལ་རབས་དད་བོད་ས་གནས་ཀྱི་འབྲེལ་བའི་གནས་ཚུལ་དེ་དག་རྩོམ་པ་པོས་དངོས་སུ་མཐོང་ཐོས་མྱོང་བརྒྱུད་ལས་བྱུང་བ་དུས་རབས་དེའི་མིས་སྐབས་དེའི་ལོ་རྒྱུས་གནས་ཚུལ་བྲིས་པ་ཞིག་ཡིན་པས་དཔྱད་གཞིའི་ཡིག་རིགས་དང་པོའི་གྲས་འཚོལ་བསྡུ་དང་གཤིབ་བསྡུར་ཁུངས་གཏུགས་བྱེད་བདེ་སོགས་ཀྱི་ཆ་ནས་དེའི་གྲས་ལ་ལོ་རྒྱུས་དཔྱད་གཞིའི་རིན་ཐང་མཐོ་ཙམ་ལྡན།   
          ༣་ 《དེབ་དམར》གྱི་རྩོམ་ལུས་ཐོག་ནས་སྨྲས་ཚེ་འོས་ཤིང་འཚམ་པ་བྱུང་ཡོད་ཙང་བོད་ཀྱི་ཕྱི་རབས་ལོ་རྒྱུས་པ་ཚོས་དེར་ཡིད་སྨོན་གྱིས་རྩོམ་ལུས་དེ་རྒྱུན་འཛིན་གོང་འཕེལ་མཛད་ཡོད།   
          《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད》ནི་སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས1434ལོར་བརྩམས་ཤིང་། རྩོམ་པ་པོ་ནི་གྲུབ་མཐའ་ས་ལུགས་ཡིན། ཡིག་ཚང་དེའི་སྟོད་ཆར་རྒྱ་གར་དང་། རྒྱ་ནག  མི་ཉག  བོད། ཧོར་སོགས་ཀྱི་རྒྱལ་རབས་དང་བོད་དུ་ཇ་དང་དཀར་ཡོལ། གྲི་སོགས་དར་ཚུལ། བོད་ཀྱི་གསོ་བ་རིག་པ་དང་མི་དཔོན་སང་གྷའི་ལོ་རྒྱུས་སོགས་དང་། སྨད་ཆར་ས་སྐྱའི་གདུང་རབས་དང་དཔོན་ཆེན་རིམ་བྱོན། ཞ་ལུ་ཁྲི་སྐོར།རྒྱལ་རྩེ་ཆོས་རྒྱལ། སྟག་སྣ་རྫོང་པ། རྣམ་རྒྱལ་གླིང་པ་སོགས་ཀྱི་གནས་ཚུལ་དང་། བཀའ་གདམས། བཀའ་བརྒྱུད། ཞི་བྱེད་སོགས་གྲུབ་མཐའ་ཁག་བྱུང་འཕེལ་གྱི་ལོ་རྒྱུས་བཀོད་འདུག  
 ཡིག་ཚང་དེའི་ནང་དོན་རྒྱ་ཆེ་ཞིང་དུས་ཀྱི་བར་རྒྱང་རིང་ལ་ཡུལ་གྱི་ཁྱབ་ཁོངས་རྒྱ་ཆེ།  དེའི་ནང་ས་སྐྱ་པ་དང་ཕག་མོ་གྲུ་པའི་དུས་སྐབས་བོད་ཀྱི་ལོ་རྒྱུས་དང་བོད་ས་གནས་དང་རྒྱ་ནག་གོང་མའི་སྲིད་གཞུང་བར་གྱི་འབྲེལ་བའི་གནས་ཚུལ་ཡང་བཀོད། ལྷག་དོན་ཡོན་རྒྱལ་རབས་ཀྱིས་བོད་དུ་དམག་སྲིད་ཀྱི་སྒྲིག་གཞི་གསར་འཛུགས་དང་། ཐེམ་དུད་ཞིབ་བཤེར་དང་འཇའ་ལམ་གཏོད་ཚུལ། དབུས་གཙང་ཁྲི་སྐོར་བཅུ་གསུམ་དུ་དབྱེ་ཚུལ། དཔོན་རིགས་བསྐོ་འཐེན། འུ་ལག་བསྐུལ་གཏོང་། ཧོར་ཁྲིམས་ལག་བསྟར་སོགས་ཞིབ་ཕྲའི་བྱ་ཐབས་ཅུང་ཁ་གསལ་བཀོད་ཡོད་པ་དེ་དག་ནི་རྩོམ་པ་པོས《ཏ་ཡོན་ཐུང་ཀྲི》《大元通制》སོགས་ཕྱིས་རྩ་བརླགས་སུ་གྱུར་ཟིན་པའི་ཧོར་གྱི་ཁུངས་བཙུན་ཡིག་རྙིང་ཁུངས་སུ་གཏུགས་ཏེ་རྩོམ་སྒྲིག་མཛད་པ་ཞིག་ཡིན་ཙང་ལོ་རྒྱུས་དངོས་དོན་ལ་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་མཐོ།   
          《དེབ་ཐེར་སྔོན་པོ》ནི་བཀའ་བརྒྱུད་པའི་མདོ་སྔགས་གཞུང་ལུགས་སོགས་རིག་པའི་གནས་ལ་མཁས་པའི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ(1392-1481)གྱིས1476ལོར་བརྩམས། དེབ་ཐེར་དེའི་ནང་ཆོས་འབྱུང་གི་རྩ་བ་དང་། རྒྱ་བོད་ཧོར་སོགས་ཀྱི་རྒྱལ་རབས།  བསྟན་པ་སྔ་དར་དང་ཕྱི་དར། གྲུབ་མཐའ་ཁག་དར་འཕེལ་གྱི་ལོ་རྒྱུས། བླ་རབས་དང་གདན་རབས། སྐྱེས་ཆེན་དམ་པའི་མཛད་རྣམ་སོགས་བཀོད་འབྲི་ཞིབ་ཅིང་ཁུངས་འཕེར་བ་ཞིག་མཛད་ཡོད་པ་དེའི་ནང་འགོས་ལོས་རྒྱ་བོད་ལེགས་སྦྱར་སོགས་ཡིག་རིགས་འདྲ་མིན་གྱི་ལོ་རྒྱུས་དཔྱད་ཡིག་སྣ་མང་དྲངས་ཡོད་པ་དང་། དུས་སྤྲིག་པའི་ལོ་རྒྱུས་རྩོམ་ལུས་ཐོག་ནས་ནང་བསྟན་གྱི་འབྱུང་རྩ་དང་གྲུབ་མཐའ་ཁག་དར་འཕེལ་གྱི་ལོ་རྒྱུས་རྒྱས་བཤད་བྱེད་སྐབས་གདན་རབས་རྐང་དུ་བཟུང་ཏེ་ལོ་ཚིགས་སྔ་ཕྱི་རིམ་པ་སྟར་བརྒྱུད་དུ་སྒྲིག་ཡོད་ཅིང་། སྤྱི་དོན་དང་བྱེ་བྲག་ནང་ཚན་གྱི་དབྱེ་བ་གསལ་ཁ་དོད་ལ་ལོ་དུས་ཁ་གསལ་ཞིང་ནང་དོན་འགོ་མཇུག་ཆ་ཚང་བ་ཙམ་མ་ཟད་བོད་ཀྱི་རྒྱལ་རབས་དང་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་དཔྱད་གཞིའམ་ཁུངས་སྣེ་ཁྱོན་ཆེ་མཁོ་འདོན་གནང་ཡོད། ལྷག་དོན་ལོ་དུས་འགོད་སྟངས་ཐད་འགོས་ལོས་དོགས་གཞི་ཡོད་རིགས་དང་བཤད་རྒྱུན་འདྲ་མིན། བླ་སློབ་ཀྱི་གོ་རིམ་སོགས་ལ་དཔྱད་ཞིབ་ནན་ཏན་བརྒྱུད་ལུང་རིགས་ཀྱི་ཁུངས་སྐྱེལ་གང་འཚམས་མཛད་ཡོད་པ་དེ་དག་ཕལ་མོ་ཆེར་ཡིད་རྟོན་རུང་བ་ཞིག་ཡིན། ཁོང་གི་གཟབ་ནན་གྱིས་རིག་གཞུང་བརྩོན་ཞིབ་གནང་བའི་སྙིང་སྟོབས་དེས་ཕྱི་རབས་ཚོར་བག་ཆགས་ཟབ་མོ་ཞིག་འཇོག་གནང་མཛད།   
          《དེར་ཐེར་དམར་པོ་གསར་མ》འམ་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་ནི་དགའ་ལྡན་དགོན་གྱི་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པས(1478-1554)1538ལོར་མཛད།(17)དེའི་ཁྱད་ཆོས་ནི་ནང་དོན་ཐད་སྲིད་ལུགས་གཙོ་བོར་བཟུང་ཡོད་པ་དེའི་ནང་བོད་མིའི་འབྱུང་ཁུངས་ནས་བཙན་པོ་རིམ་བྱོན་དང་། བཙན་པོའི་རྒྱལ་རབས་རྩ་ཐོར་སོང་རྗེས་སུ་ཕྱི་རབས་གདུང་རྒྱུད་རྣམས་ཀྱི་གནས་ཚུལ་མདོ་དོན་དང་། ས་སྐྱ་པ་ནས1538ལོ་སྟེ་རྩོམ་པ་པོ་སྐུ་འཚོ་བཞུགས་དུས་སྐབས་བར་བོད་ཀྱི་སྤྱི་ཚོགས་འཕེལ་རིམ་ཁྲོད་རིམ་བྱུང་ས་གནས་སྟོབས་ཤུགས་སོ་སོའི་དར་རྒུད་གནས་ཚུལ་བཀོད་འབྲི་བྱས་ཡོད་པ་དེའི་ནང་གཙོ་གནད་ས་སྐྱ་པ་དང་ཕག་མོ་གྲུ་པའི་ལོ་རྒྱུས་དང་ཆབས་ཅིག་ཡོན་མིང་རྒྱལ་རབས་གཉིས་ཀྱི་དུས་གོང་མའི་སྲིད་གཞུང་གིས་བོད་དུ་འཛིན་པའི་སྲིད་ཐབས་སྐོར་བཀོད་ཡོད།   
          རྩོམ་འབྲིའི་རྣམ་པའི་ཆ་ནས《དེབ་དམར》གྱི་སྲོལ་རྒྱུན་རྒྱུན་འཇིན་བྱས་ཡོད་ནའང་གསར་གཏོད་ནི་ནང་བསྟན་གྲུབ་མཐའ་ཁག་གི་གནས་ཚུལ་ཕྱོགས་གཅིག་པོ་དེ་ལྟེ་བར་བཟུང་སྟེ་ལོ་རྒྱུས་རྒྱས་བཤད་བྱེད་ཐབས་དང་མི་འདྲ་བར་རིམ་བྱུང་ས་གནས་ཆབ་སྲིད་སྟོབས་ཤུགས་སོ་སོའི་དར་རྒུད་གནས་ཚུལ་རྐང་དུ་བཟུང་སྟེ་ལོ་རྒྱུས་གོ་སྒྲིག་རྒྱས་བཤད་མཛད་ཡོད་པ་དེ་ཡིན། བརྗོད་དོན་ཐད་ལོ་རྒྱུས་ཀྱི་བྱུང་བ་གནད་ཆེའི་གྲས་ལེགས་བདམས་ཀྱིས་ཕྱོགས་མང་གནས་ཚུལ་ཚིག་ཉུང་དོན་མདོར་བཀོད་ཡོད་པ་དེས་ཡིག་རྫོབ་དང་རྙོག་རྫོབ་ཀྱི་དྲི་མས་མ་འགོས་པར་ཀློག་པ་པོས་འགག་གནད་དམ་དོན་གྱི་སྙིང་པོ་རྟོགས་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན།《དེབ་དམར་གསར་མ》ཡི་ནང་དེབ་ཐེར་དང་ཆོས་འབྱུང་གཞན་པར་འཁོད་མེད་པའི་རྩ་ཆེའི་དཔྱད་གཞིའི་རྒྱུ་ཆའམ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་སམ་སྲིད་ལུགས་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེ་བའི་དཔྱད་གཞི་མཁོ་འདོན་མཛད་ཡོད་ལ། གཞུང་དངོས་ཀྱི་མ་ཡིག་ལ་བར་མཚམས་སུ་དཔྱད་གཞིའི་རིན་ཐང་ལྡན་པའི་མཆན་འགྲེལ་བཀོད་ཡོད་པ་དཔེར་ན་སྨན་རྩེའི་ལྷ་བཙུན་གྱིས(18)ས་སྐྱའི་སྤྱི་འཛིན་མཛད་ཚུལ་སོགས་ས་སྐྱ་པའི་ཁྲོད་དུ་གང་དེའི་གནས་བབ་དམིགས་སུ་ནན་བཤད་མཛད་ཡོད་ཚུལ་ལྟ་བུའོ། པཎ་ཆེན་བསོད་གྲགས་ཀྱིས་བོད་ས་གནས་ཀྱི་ཆབ་སྲིད་སྟོབས་ཤུགས་དར་རྒུད་ཀྱི་གནས་ཚུལ་སོགས་སྲིད་ལུགས་ལྟེ་བར་བཟུང་བའི་ཞིབ་འཇུག་མཛད་སྟངས་དེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་གང་དེ་དགེ་ལུགས་པའི་བླ་མ་སྐྱེས་ཆེན་དམ་པ་ཞིག་ཡིན་པའི་ངོས་ནས་བཤད་ན་མཛད་དཀའ་བ་ཞིག་ཡིན་མོད། དེས་བོད་ཀྱི་ལོ་རྒྱུས་རིག་པ་གོང་འཕེལ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཐོན་ཡོད་ལ་ཕྱི་རབས་པ་ཁག་གཅིག་ལ་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད་ཚུལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་ཕན་ཚུན་གཤིབ་བསྡུར་བྱས་པས་ཤེས།   
          《ཆོས་འབྱུང་མཁས་པའི་དགའ་སྟོན》ནི་ཀརྨ་བཀའ་བརྒྱུད་གནས་ནང་དགོན་གྱི་དཔའ་བོའི་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས(1504-1566)1564ལོར་བརྩམས།   དཔའ་བོ་གཙུག་ཕྲེང་གིས་མི་ལོ་ཉི་ཤུ་ལྷག་ཙམ་རིང་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་རྙིང་མ་ཁྱོན་ཆེ་གཟིགས་ཏེ་ཁུངས་བཙུན་གྲས་ཀྱི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡེབས་ནས་རྩོམ་འབྲི་མཛད་པ་ཞིག་ཡིན་ཙང་དཔྱད་གཞིའི་རྒྱུ་ཆའི་ཆ་ནས་སྨྲོས་ཚེ་ཚད་ལྡན་གྱི་ཆོས་འབྱུང་ངམ་རྒྱལ་རབས་དེབ་ཐེར་གཞན་པ་རྣམས་ཀྱིས་དེར་སྒྲུན་དུ་མེད། ཆོས་འབྱུང་དེ་ནི་སྲིད་འབྱོར་ཆོས་ལུགས་དང་རིག་གནས། རང་བྱུང་ཚན་རིག་སོགས་རིག་ཚན་དུ་མའི་ལོ་རྒྱུས་སྐོར་གྱི་ཕྱག་རྩོམ་ཞིག་ཡིན། དེའི་ནང་གཞི་རྐང་བོད་ཀྱི་ལོ་རྒྱུས་དང་ཞར་དུ་རྒྱ་ནག་དང་གྲུ་གུ། ལི་ཡུལ། མི་ཉག སུམ་པ། འ་ཞ། འཇང་། ཧོར། བྲུ་ཤ་སོགས་ཀྱི་རྒྱལ་རབས་ཆོས་འབྱུང་དང་དེ་མིན་རྒྱ་གར་གྱི་རྒྱལ་རབས་ཆོས་འབྱུང་། བལ་པོ། ཀསྨིར། ཏ་ཟིག་སོགས་ཀྱི་གནས་ཚུལ་ཡང་རགས་ཙམ་བཀོད་འདུག    ལོ་རྒྱུས་ཀྱི་དོན་གནད་གཙོ་གྲས་རྒྱས་བཤད་གནང་སྐབས་སྐབས་དེའི་ལོ་རྒྱུས་པ་ཀུན་གྱིས་དོ་སྣང་ཆེར་མི་མཛད་པའམ་ད་ལྟའི་མིའི་མིག་དབང་གི་སྤྱོད་ཡུལ་དུ་དབེན་པའི་རྩ་ཆེའི་དཔྱད་གཞིའི་རྒྱུ་ཆ་ལྷད་མེད་དང་པོའི་གྲས་དཔེར་ན། དེང་རྩ་བརླགས་སུ་གྱུར་ཟིན་པའི་བཙན་པོའི་སྐུ་དུས་ཀྱི་རྡོ་རིང་ཡིག་རྙིང་ཁག་གཅིག་དང་། བཀའ་གཙིགས།  སྤྲིངས་ཡིག   ཁྲིམས་ཡིག་སོགས་ཁུངས་བཙུན་ཁྱོན་ཆེ་དྲངས་ཡོད་པ་དེ་དག་གི་ནང་དོན་ཕྱིས་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཤོག་དྲིལ་ནང་འཁོད་ཕན་ཚུན་སྤྱིར་གབ་མཚུངས་ཤིང་། དེ་མིན་རྒྱའི་ཡིག་ཚང་སོགས་ནས་བོད་ཀྱི་ལོ་རྒྱུས་སྐོར་གྱི་འབྲེལ་ཡོད་དཔྱད་གཞིའང་ཕུན་སུམ་ཚོགས་པོ་བརྒྱུད་དྲངས་མཛད་ཡོད་པ་དེ་དག་ནི་ཁག་གཅིག་མཆན་འགྲེལ་གྱི་རྣམ་པའི་ཐོག་ནས་དུམ་བུའམ་དེབ་ཆ་ཚང་དྲངས་འདུག མདོར་ན་ཁུངས་འཕེར་བའི་དཔྱད་ཡིག་མང་དུ་དྲངས་ནས་ལོ་རྒྱུས་རྣལ་མ་ཅུང་ཕྲ་ཞིབ་སྨྲོས་ཡོད་པ་དེས་སྲོལ་རྒྱུན་གྱི་དེབ་ཐེར་རམ་ཆོས་འབྱུང་གཞན་པ་དག་གི་ཞན་ཆ་སེལ་ཡོད། དེ་མིན་བོད་ཀྱི་གདོད་མའི་ལོ་རྒྱུས་བརྗོད་སྐབས་གནའ་བོའི་ལྷ་སྒྲུང་དང་གཏམ་རྒྱུད་ཀྱང་མི་ཉུང་བ་ཞིག་དྲངས་འདུག་ལ་དུས་ཀྱི་ཆ་ནས་ཕག་མོ་གྲུ་པའི་སྐབས་བར་གྱི་གནས་ཚུལ་འཁོད། རྩོམ་ལུས་ཀྱི་ཆ་ནས་དུས་སྒྲིག་པ་དང་བྱུང་ཚུལ་འགོད་པ། རྣམ་ཐར་བཅས་ཁག་གསུམ་ཀ་སྤྱད་ཡོད་ལ་རྒྱལ་རབས་དེབ་ཐེར་དང་ཆོས་འབྱུང་ཟུང་གི་ལེགས་ཆ་བསྡུས་ཡོད་ཙང་དེ་གཉིས་པོའི་ནང་གཏོགས་པའི་ནང་དོན་ཚང་མར་ཁོང་གི་སྨྱུག་རྩེས་མ་རེག་པ་ཧ་ལམ་མེད། ཁོང་གིས་ལོ་རྒྱུས་ཀྱི་དངོས་དོན་དང་ཆོས་འབྱུང་གཉིས་པོ་ཞུ་ཐབ་གཅིག་གི་ནང་བཞུས་ནས་གཞུང་དང་དེའི་མཆན་འགྲེལ་གཉིས་པོ་ཕན་ཚུན་གཞོགས་འདེགས་ཚུལ་གྱི་དཀྱུས་གཅིག་ཏུ་འགོད་ཐབས་སོགས་ཀྱི་རྩོམ་རྩལ་ཐོག་ནས་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པ་དེ་དེ་བས་ཚད་ལྡན་འཐུས་ཚང་གི་ཕྱོགས་སུ་གོང་འཕེལ་གཏོང་གནང་མཛད།   
          ཇོ་ནང་ཏཱ་ར་ན་ཐའི(1575-1634)《རྒྱ་གར་ཆོས་འབྱུང》(1608)ནི་དུས་སྒྲིག་རྩོམ་ལུས་ཀྱི་རྣམ་པའི་ཐོག་ནས་གཞུང་དུ་རྒྱལ་རབས་རིམ་བྱུང་དང་དཀྱུས་སུ་བླ་ཆེན་གྲགས་ཅན་ཚོའི་གདན་རབས་བཀོད་དེ། སྟོན་པ་ཤཱཀྱ་མུ་ནེ་འདས་རྗེས་ཀྱི་རྒྱལ་པོ་མ་སྐྱེས་དགྲ་ནས་སྤྱི་ལོའི་དུས་རབས12པའི་དུས་མཇུག་གམ13པའི་དུས་འགོའི་རྒྱལ་པོ་རཐཱི་ཀ་སེ་ནའི་བར་རྒྱ་གར་གྱི་ཡུལ་གྲུར་ནང་བསྟན་དར་རྒུད་འཕེལ་འགྲིབ་དང་སློབ་དཔོན་གྲགས་ཅན་ཚོའི་མཛད་འཕྲིན། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་གདན་རབས། ཨེ་ཤེ་ཡའི་ལྷོ་རྒྱུད་དང་གླིང་ཕྲན་རྣམས་སུ་བསྟན་པ་དར་ཚུལ། ཐེག་དམན་གྱི་ལུགས་ཁྱབ་ཡུལ། རྒྱ་གར་ལྷོ་རྒྱུད་དུ་བསྟན་པ་ཡང་དར། གསང་སྔགས་རྡོ་རྗེ་ཐེག་པའི་འབྱུང་ཁུངས་དང་སྐུ་འདྲའི་བཟོ་རྒྱུན་བཅས་ཀྱི་སྐོར་འཁོད། ཆོས་འབྱུང་དེ་ནི་རྩོམ་པ་པོས་མ་ག་དྷཱའི་པཎྜི་ཏ་ས་དབང་བཟང་པོས་མཛད་པའི་གཞུང་ཚད་ཤོ་ལོ་ཀ་ཉིས་སྟོང་ཡོད་པའི་གཞུང་ཞིག་ཁུངས་སུ་གཏུགས་པ་དེའི་སྟེང་རྒྱལ་རིགས་ཀྱི་པཎྜི་ཏ་དབང་པོས་མཛད་པའི《བུདྡྷཿཔུ་ར་ཎ》དང་པཎྜི་ཏ་བྷ་ཌཱ་གྷས་མཛད་པའི《སློབ་དཔོན་རབས་ཀྱི་གཏམ》ཞེས་པའི་བསྟན་བཅོས་དེ་གཉིས་དང་། རྒྱ་གར་གྱི་པཎྜི་ཏ་དུ་མའི་གསུང་རྒྱུན་ལས་དངོས་སུ་ཐོས་པ་བཅས་ཕན་ཚུན་གཤིབ་བསྡུར་ཞལ་བསྐོངས་ཀྱིས་རྩོམ་སྒྲིག་མཛད་པ་ཞིག་ཡིན། དེས་རྒྱ་གར་གྱི་ནང་བསྟན་ལོ་རྒྱུས་སྐོར་ཡིག་རིགས་འདྲ་མིན་གྱི་དཔེ་ཆ་ཁག་ནང་ཆད་པའི་ནང་དོན་ཁག་གཅིག་ཁ་སྐོང་དང་ལྷག་པའི་རྩོད་རྙོག་ཁག་གཅིག་བསངས་ཡོད་ཙང་རྒྱ་གར་གྱི་གནའ་རབས་ལོ་རྒྱུས་དང་རྒྱ་གར་ནང་བསྟན་གྱི་དུས་སྨད་ལོ་རྒྱུས་ལ་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་ཆེ་བས། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་མཁས་དབང་ཚོས་དེར་མཐོང་ཆེན་དང་ལྷག་དོན་རྒྱ་གར་གྱི་ལོ་རྒྱུས་རིག་པ་བ་ཚོས་དེ་བས་བརྩི་མཐོང་ཆེ་བ་གནང་གི་ཡོད། དེ་མིན་ཁོང་གིས་ལོ་རྒྱུས་སྐོར་གྱི་ཕྱག་རྩོམ《མྱང་ཆོས་འབྱུང》དང《གུ་རུའི་རྣམ་ཐར》《ས་པཎ་གྱི་རྣམ་ཐར》སོགས་ཀྱང་བརྩམས་ཡོད།   
          གོང་དུ་དཔེ་མཚོན་ཙམ་མཚོན་ཕྱིར་སྨྲོས་པ་རྣམས་ཕུད་ད་དུང་ཕྱི་རབས་པར་ཤུགས་རྐྱེན་ངེས་ཅན་ཡོད་པའི་རྒྱལ་རབས་གྲགས་ཆེའི་ལོ་རྒྱུས་དང་ཆོས་འབྱུང་གྲས་སུ་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》(1283)དང་།  བྱང་ཇི་སྟོན་པ་ཤེས་རབ་འབུམ་གྱི《རྒྱལ་རབས་དཔག་བསམ་ལྗོན་ཤིང》(1286) བུ་སྟོན་རིན་ཆེན་གྲུབ(1290-1364)ཀྱི《བུ་སྟོན་ཆོས་འབྱུང》(1322) ཤཱཀྱ་རིན་ཆེན་སྡེའི《ཡར་ལུང་ཇོ་བོའི་ཆོས་འབྱུང》(1376) བླ་མ་དམ་པ་བསོད་ནམས་རྒྱལ་མཚན(1312-1375)གྱི《རྒྱལ་རབས་གསལ་བའི་མེ་ལོང》(1328) ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན(1302-1364)གྱི《བཀའ་ཆེམས་མཐོང་བ་དོན་ལྡན》(1362) རྟ་ཚག་ཚེ་དབང་དབང་རྒྱལ་གྱི《ལྷོ་རོང་ཆོས་འབྱུང》(1446)འབྲུག་པ་པད་མ་དཀར་པོའི(1526-1592)《འབྲུག་པ་ཆོས་འབྱུང》(1581) སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི《སྟག་ལུང་ཆོས་འབྱུང》(1609) མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི(1523-1594)《བསྟན་རྩིས་གསལ་བའི་ཉི་བྱེད》(1566)སོགས་དང་། གདུང་རབས་དང་གདན་རབས་འབོར་ཆེ་ཐོན་ཡོད་པའི་ཁྲོད་ནས་ཕྱི་རབས་པར་ཤུགས་རྐྱེན་ཟབ་པའི་གྲས་སུ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན(1597-?)གྱི《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》(1629)སོགས་ཡོད།   དེ་མིན་འགྲོ་མགོན་འཕགས་པས(1235-1280)མཛད་པའི《ས་པཎ་གྱི་རྣམ་ཐར》དང་རིན་ཆེན་རྣམ་རྒྱལ་གྱི《བུ་སྟོན་རིན་པོ་ཆེའི་རྣམ་ཐར》(1366) མཁས་གྲུབ་རྗེའི(1365-1438)《རྗེ་ཙོང་ཁ་པའི་རྣམ་ཐར》 བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི(1375-1451)《རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར》 སངས་རྒྱས་རྒྱལ་མཚན་གྱི(1452-1507)《མི་ལ་རལ་པའི་རྣམ་ཐར》དང《མར་པ་ལོ་ཙཱ་བའི་རྣམ་ཐར》 འགྱུར་མེད་བདེ་ཆེན་གྱི《ཐང་སྟོང་རྒྱལ་པོའི་རྣམ་ཐར》(1609) འབྲུག་པ་ཀུན་ལེགས་ཀྱི(1455-1538)《རང་རྣམ》(དུས་རབས་16པའི་དུས་འགོར་བརྩམས)སོགས་རྣམ་ཐར་གྱི་རིགས་བརྒྱ་ཕྲག་འགའ་ཤས་ཐོན་ཡོད།   
          གོང་སྨྲོས་དཔེ་མཚོན་ཙམ་མཚོན་ཕྱིར་བཀོད་པའི་ཕྱག་རྩོམ་དེའི་གྲས་ཀྱིས་བོད་ཀྱི་ལོ་རྒྱུས་རིག་པ་དར་འཕེལ་གྱི་ལོ་རྒྱུས་དང་རྩོམ་རིག་དར་འཕེལ་གྱི་ལོ་རྒྱུས་ཐོག་འགངས་ཆེའི་གནས་བབ་བཟུང་ཡོད་པ་ཙམ་དུ་མ་ཟད་མེས་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་པ་དང་རྩོམ་རིག་དར་འཕེལ་གྱི་ལོ་རྒྱུས་ཐོག་ཏུའང་གནས་བབ་ངེས་ཅན་བཟུང་ཡོད། འོན་ཀྱང་བོད་ཀྱི་སྤྱི་ཚོགས་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་རྒྱུད་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ནང་བགྲོད་འགོ་ཚུགས་པ་ནས་བཟུང་རིག་གཞུང་དཔྱད་བྱའི་དམིགས་ཡུལ་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་ལ་ཞབས་འདེགས་དང་ནང་པའི་ཆོས་ལུགས་དར་ཁྱབ་གཏོང་ཆེད་དུ་ཡིན་པས། ལོ་རྒྱུས་རིག་པ་བ་རྣམ་པས་དམིགས་སུ་དོ་སྣང་གནང་ཡུལ་ནི་བླ་མ་སྐྱེས་ཆེན་དམ་པ་སོགས་ཆོས་ལུགས་མི་སྣ་དང་བསྟན་པའི་སྦྱིན་བདག་ཏུ་གྱུར་པའི་རྒྱལ་བློན་སྐུ་དྲག་སོགས་མཐོ་རིམ་མི་སྣ་ཚོས་བོད་གངས་ཅན་གྱི་ཡུལ་གྲུར་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་མཛད་ཚུལ་དེ་ལྟེ་བའི་གནད་དུ་དམ་བཟུང་གནང་ཙང་ཚུལ་དེར་ལྟོས་ནས་བཤད་ན་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་ལོ་རྒྱུས་ལ་རིམ་བཞིན་དོ་སྣང་ཇེ་ཆུང་དུ་སོང་ཡོད། དཔེར་ན《རྒྱལ་རབས་ལྟབ་མ་དགུ་བརྩེགས་ཅན》དང་ཁུ་སྟོན་གྱི《ལོ་རྒྱུས་ལོག་གནོན་ཆེན་མོ》 བྱང་སྟོན་པ་ཤེས་རབ་འབུམ་གྱི《རྒྱལ་རབས་དཔག་བསམ་ལྗོན་ཤིང》སོགས་ནང་བསྟན་གྱི་ལོ་རྒྱུས་ལྟ་བའི་ཤན་ཤུགས་ཉུང་ངུ་ཡིན་པ་དེ་ཚོའི་གྲས་ལ་སྐབས་དེའི་ལོ་རྒྱུས་པ་ཚོས་རིམ་གྱིས་དོ་སྣང་ཇེ་ཆུང་དུ་སོང་རྐྱེན་ཕྱིས་རྩ་བརླགས་སུ་སོང་ཡོད་ཚུལ་གྱི་ཐོག་ནས་ཀྱང་དོན་དམ་དུ་དུས་རིམ་དེའི་ནང་ལོ་རྒྱུས་རིག་པའི་བསམ་པའི་ཁྱབ་ཁོངས་ཁྲོད་ནང་པའི་ལོ་རྒྱུས་ལྟ་ཚུལ་དང་།   གནའ་བོའི་མི་ཆོས་ཀྱི་ལོ་རྒྱུས་ལྟ་ཚུལ་སོགས་ལྟ་བ་འདྲ་མིན་བར་འགལ་འདུ་ཇི་འདྲ་བྱུང་ཡོད་ཚུལ་རགས་ཙམ་རྟོགས་ཐུབ།   
          གོང་གསལ་ཕྱོགས་བསྡུས་བྱས་ཚེ་དུས་རིམ་དེའི་ལོ་རྒྱུས་རིག་པར་མངོན་གསལ་ཆེ་བའི་ཁྱད་ཆོས་གཉིས་ཡོད་པ་ནི།   འབྲི་སྟངས་ཐད་སྲོལ་རྒྱུན་གྱི་དཔེ་དབྱིབས་རྒྱུན་འཛིན་བྱས་ཡོད་ལ། རྩོམ་པ་པོ་སྐུ་འཚོ་བཞུགས་སྐབས་དེའི་ལོ་རྒྱུས་ཀྱང་བཀོད་ཡོད་པ་དེ་ཚོའི་ནང་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་དྲངས་ཡོད་པ་དང་། སྒྲིག་སྟངས་བརྒྱུད་རིམ་ལྡན་པའི་རང་བཞིན་སོགས་ཕྱོགས་གང་གི་ཆ་ནས་མཚོན་ནའང་སྔ་རབས་པ་ཚོའི་གནས་ཚད་ལས་བརྒལ་ཡོད་པ་དང་གཅིག  
          གཉིས་སུ་སྲོལ་རྒྱུན་ལོ་རྒྱུས་རིག་པའི་ཁྱད་ཆོས་རྒྱུན་འཛིན་དང་ཆབས་ཅིག་ལོ་རྒྱུས་དོན་དངོས་རྒྱས་གླེང་བྱེད་རིམ་ནང་ཁུངས་འཚོལ་ར་སྤྲོད་ཀྱི་ཞིབ་འཇུག་ཀྱང་གང་འཚམས་མཛད་ཡོད་ཚུལ་དཔེར་ན། དཔའ་བོ་གཙུག་ཕྲེང་དང་འགོས་ལོ། པཎ་ཆེན་བསོད་གྲགས་སོགས་ཀྱིས་ལོ་རྒྱུས་ཀྱི་དོན་གནད་དང་ལོ་ཚིགས་སོགས་དོགས་གཞི་ཡོད་རིགས་ལ་གཟབ་ནན་དཔྱད་ཞིབ་ཀྱིས་རང་ལྟ་སྒྲུབ་བྱེད་ལུང་རིགས་ཀྱི་ཁུངས་འཚོལ་དགག་སྒྲུབ་གང་འཚམས་མཛད་ཡོད་ཚུལ་སོགས་ལྟ་བུའོ།  
          མདོར་ན་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ཕན་ཚུན་འགྲན་རྩོད་ཀྱི་ཁྲོད་འཕེལ་རྒྱས་སུ་འགྲོ་བ་དང་། སྐྱེས་ཆེན་དམ་པ་སོགས་ཆོས་ལུགས་མི་སྣས་རྐང་འཛིན་བྱས་པའི་ཤེས་ལྡན་མི་སྣ་ཁྱོན་ཆེ་ཐོན་བཞིན་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དུས་རིམ་ཞིག་ཏུ་གོང་འཕེལ་ཕྱིན་ཡོད་ལ། དཔྱད་གཞིའི་ཡིག་རིགས་སྣ་མང་ཕུན་སུམ་ཚོགས་ཤིང་ནང་དོན་སྣེ་འཛོམས་སྒྲིག་སྟངས་བརྒྱུད་རིམ་ལྡན་པ། ཕྱི་རབས་ཚོར་ཤུགས་རྐྱེན་ཟབ་པ་བཅས་ཀྱི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པ་དེ་གནད་སྨིན་འཐུས་ཚང་དང་ཕུན་སུམ་ཚོགས་ཤོས་ཀྱི་དུས་རིམ་ཞིག་ཏུ་སླེབས་ཡོད་པ་མཚོན་ཐུབ།   
          ལྔ་པ། འཕེལ་རྒྱས་ཀྱི་རྩེ་མོ་ནས་རིམ་བཞིན་འཕེལ་ཚད་འགོར་དལ་དུ་འགྲོ་བའི་དུས་རིམ།(དགའ་ལྡན་ཕོ་བྲང་པའི་དུས་སྐབས་ཀྱི་ལོ་རྒྱུས་རིག་པ)   
          སྤྱི་ལོ1642ལོར་བོད་ས་གནས་ཀྱི་དགའ་ལྡན་ཕོ་བྲང་པའི་སྲིད་དབང་ཚུགས་པ་ནས་དུས་རབས་གོང་མའི་ལོ་རབས50པའི་བར་མི་ལོ་སུམ་བརྒྱ་ལྷག་ཙམ་གྱི་དུས་རིམ་དེའི་ནང་ཐོན་པའི་ལོ་རྒྱུས་སྐོར་གྱི་ཡིག་ཆའི་གྲངས་འབོར་ནི་དེའི་གོང་གི་གྲངས་འབོར་ཁྱོན་ཡོངས་ལས་བརྒལ་ཡོད། རྩོམ་ལུས་རྣམ་གྲངས་ཐད《དབུས་གཙང་གནས་ཡིག》དང་སྨིན་གྲོལ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱི《འཛམ་གླིང་རྒྱས་བཤད》སོགས་སྤྱོད་མཁོ་ཆེ་བའི་ས་ཁམས་ལོ་རྒྱུས་དང་། དེ་མིན་ཇོ་ནང་དཀར་ཆག   གཙུག་ལག་ཁང་གི་དཀར་ཆག   བསམ་ཡས་དཀར་ཆག་སོགས་དགོན་སྡེའི་ལོ་རྒྱུས་སམ་རིག་དངོས་དཀར་ཆག་གསར་པ་ཁག་གཅིག་ཐོན་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས(1617-1682)མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》(1643)དང《རང་རྣམ་དུ་ཀཱུ་ལའི་གོས་བཟང》སྡེ་སྲིད་སངས་རྒྱས་རྒྱ་མཚོའི(1653-1705) 《དུ་ཀུ་ལའི་གོས་བཟང་གི་ཁ་སྐོང》དང《རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ》 《དགའ་ལྡན་ཆོས་འབྱུང་བཻཌཱུརྻ་སེར་པོ》(1698) མདོ་མཁར་ཚེ་རིང་དབང་རྒྱལ(1697-1764)གྱི《མི་དབང་རྟོགས་བརྗོད》(1733)དང《བཀའ་བློན་རྟོགས་བརྗོད》(1763) སུམ་པ་ཡེ་ཤེས་དཔལ་འབྱོར(1704-1788)གྱི《ཆོས་འབྱུང་དཔག་བསམ་ལྗོན་བཟང》(1748) ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི(1698-1755)《བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ》(1745) 《དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》ངམ་གུང་ཐང་རྒྱལ་རབས(1749) 《མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར》 རྡོ་རིང་བསྟན་འཛིན་དཔལ་འབྱོར(1760-?)གྱི《དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ》(1810ལོ་ཡས་མས་སུ་བརྩམས) རག་ར་ངག་དབང་བསྟན་པའི་རྒྱལ་མཚན(1822-?)གྱི《རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང》(1864) བྲག་དགོན་དཀོན་མཆོག་བསྟན་པ་རབ་རྒྱས(1801-1866)ཀྱི《མདོ་སྨད་ཆོས་འབྱུང》(1865) དེ་མིན་ཏཱ་ལའི་བླ་མ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་རྣམ་ཐར་ནི་ཕྱི་རབས་པར་ཤུགས་རྐྱེན་ངེས་ཅན་ཡོད་པའི་གྲས་ཡིན་ལ། རྣམ་ཐར་གྱི་རིགས་ཀྱང་སྟོང་ཕྲག་ལྷག་ཐོན་ཡོད།   
          འོན་ཀྱང་སྤྱི་ལོའི་དུས་རབས19ནས་བཟུང་ནང་དུ་ཆོས་སྲིད་ཟུང་འབྲེལ་བཀས་རྒྱུད་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་རུལ་སུངས་ངོ་བོའི་རྐྱེན་དང་། ཕྱི་བཙན་རྒྱལ་རིང་ལུགས་པས་མན་ཆིང་རྒྱལ་རབས་ཉམས་རྒུད་དུ་གྱུར་པའི་གོ་སྐབས་དེ་བསྟུན་བོད་སར་བཙན་འཛུལ་དང་མི་རིགས་ཁ་ཕྲལ་གྱི་ལྐོག་གཤོམ་སྤེལ་བའི་རྐྱེན་རྩ་དེ་གཉིས་ལས་ཕྱི་ཕྱོགས་སུ་བཀག་རྒྱ་དམ་དྲགས་པས་རིམ་གྱིས་རྙིང་ཞེན་བག་འཁུམས་ཀྱི་དབང་དུ་སོང་བ་དེས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་ཤེས་རིག་འཕེལ་རྒྱས་གཏོང་རྒྱུར་བཀག་རྒྱ་དང་ཚོད་འཛིན་ཤུགས་ཆེ་ཐེབས་ཡོད་ཙང་སྲོལ་རྒྱུན་ལོ་རྒྱུས་རིག་པ་དེ་གོང་འཕེལ་གྱི་རྩེ་མོ་ནས་རིམ་བཞིན་འགོར་དལ་གྱི་གནས་སམ་ཐ་ན་འཕེལ་མེད་སོར་གནས་ཀྱི་གནས་སུ་ལྷུངས་པ་དང་ཆབས་ཅིག    འཛམ་གླིང་གི་མི་རིགས་གཞན་པ་དང་ལྷག་དོན་ནུབ་ཕྱོགས་པས་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་ལ་དོ་སྣང་བྱེད་ཤུགས་རིམ་གྱིས་ཇེ་ཆེར་སོང་།   
གོང་ཁག་ཕྱོགས་བསྡུས་བྱས་ཚེ་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པར་ཐུན་མོང་གི་ཁྱད་ཆོས་དྲུག་ཡོད་པ་ནི།   
          ༡. ལྷ་ཆོས་ཀྱི་ལོ་རྒྱུས་ལྟ་ཚུལ་དང་མི་ཆོས་ཀྱི་ལོ་རྒྱུས་ལྟ་ཚུལ་ཟུང་དུ་གནས་ཡོད་ལ། སྤྱི་ལོའི་དུས་རབས་བཅུ་གཅིག་ཙམ་ནས་བཟུང་ནང་པ་སངས་རྒྱས་པའི་མི་ཚེའི་རིན་ཐང་གི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་བོད་མིའི་སེམས་ཁམས་སུ་རིམ་གྱིས་སིམ་པ་ལས། ལོ་རྒྱུས་རིག་པའི་ཁྱབ་ཁོངས་ཁྲོད་བརྗོད་བྱའི་ནང་དོན་དང་ཕྱིའི་རྩོམ་ལུས་ཀྱི་རྣམ་པ་སོགས་ཕྱོགས་ཡོངས་ནས་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཅིག་ཆགས་ཡོད།   
          ༢. ཞིབ་འཇུག་བྱ་ཡུལ་ནི་བོད་ཀྱི་བཙན་པོའམ་རྒྱལ་བློན་དང་། བླ་མ་སྐྱེས་ཆེན་དམ་པའམ་མི་དྲག་ཚོའི་མཛད་འཕྲིན་སྐོར་ཡིན།   
          ༣. ཞིབ་འཇུག་བྱ་ཐབས་སུ་ལོ་རྒྱུས་རྒྱས་བཤད་དམ་འགྲེལ་པ་གཙོ་བོར་བཟུང་བ་ལས།   སྤྱི་ཚོགས་འཕེལ་འགྱུར་གྱི་ཆོས་ཉིད་འཚོལ་ཞིབ་ཀྱི་ཞིབ་འཇུག་བྱེད་ཐབས་མི་འདང་བ།   
          ༤ .རྩོམ་ལུས་རྣམ་གྲངས་ཕུན་སུམ་ཚོགས་ལ་རྩོམ་སྣ་མང་ཞིང་ལོ་རྒྱུས་ཡིག་རིགས་ཕོན་འབོར་ཆེ་བ།  
          ༥. སྤྱིར་ན་ལོ་རྒྱུས་རིག་པ་དང་རྩོམ་རིག་གཉིས་གཞི་གཅིག་ཏུ་འཇོག་པ་ལས་ལོགས་སུ་ལོ་རྒྱུས་རིག་པ་ཞེས་ཐ་དད་དུ་དབྱེ་སྲོལ་མེད་པ།   
          ༦. རྩོམ་པ་པོ་ནི་ཕྱི་ནང་རིག་པའི་གནས་ལ་ནང་བྱན་ཆུད་པའི་བླ་མ་སྐྱེས་ཆེན་དམ་པའམ་ཆོས་བྱེད་མི་སྣ་ཡིན་པ་བཅས།   
ལྷག་པའི་ཞན་ཆ་དང་སྐྱོན་ཆ་ནི།   
          ༡. ལོ་རྒྱུས་པ་ཚོའི་བློ་ངོར་བཙན་པོའམ་སྡེ་སྲིད་དང་ཆོས་རྒྱལ་གོང་མ་རྣམས་ལས་རྒྱལ་ཁབ་བམ་མི་རིགས་ཀྱི་གནས་ལུགས་མི་རྟོགས་པ་དང་།   
          ༢. མི་རེ་འགའ་བ་ལས་ཚོགས་སྤྱིའི་གནས་ལུགས་མི་རྟོགས་པར་ལོ་རྒྱུས་དེ“དཔའ་བོའི”མི་སྣ་ཉུང་ཤས་ཤིག་གི་གར་སྟེགས་ཤིག་ཏུ་གྱུར་ཡོད་པ།   
          ༣. རྙིང་མའི་རིགས་ལ་དང་ཞེན་ལས་མིག་མདུན་གྱི་གཉེར་དོན་གང་ཡིན་ལུགས་མི་རྟོགས་པ།   
          ༤. དོན་དངོས་ཁོ་ནར་དམིགས་པ་ཙམ་ལས་ཕུགས་བསམ་མི་རྟོགས་པ་བཅས་ཞན་ཆ་བཞི་དང་། ལོ་རྒྱུས་ཀྱི་བྱ་རིམ་འགོད་རྒྱུར་དོ་སྣང་ལས་ལོ་རྒྱུས་ཀྱི་དོན་དངོས་ཐོག་ནས་སྤྱི་ཚོགས་འཕེལ་འགྱུར་གྱི་ཆོས་ཉིད་འཚོལ་ཞིབ་ཀྱིས་དེ་མ་འོངས་པའི་ཕུགས་བསམ་ཐོག་ཏུ་འཁྱོལ་བ་བྱས་ཏེ་དམངས་ཡོངས་ཀྱི་རྒྱལ་གཅེས་ཀྱི་གོ་རྟོགས་མཐོར་འདེགས་དང་ཤེས་རིག་གི་བློ་སྒོ་འབྱེད་ཐབས་དང་རྒྱལ་འབངས་ཀུན་ལ་ཕན་པ་སྒྲུབ་རྒྱུར་དོ་སྣང་དེ་ཙམ་མེད་ཙང་ལོ་རྒྱུས་རྩོམ་སྒྲིག་བྱེད་སྐབས་རྒྱས་བཤད་ཙམ་ལས་དངོས་དོན་དང་མཐུན་མིན་ལོགས་སུ་ཕུགས་འདེད་ཀྱི་བརྡར་ཤ་གཅོད་རྒྱུ་མི་འདང་ཞིང་། སྔར་ལུགས་སྦུགས་འདྲེན་ལས་གསར་གཏོད་མི་བྱེད་པའི་སྐྱོན་ཆ་གཉིས་བཅས་ལྷག་ཡོད།⒆ལྷག་དོན་མི་ལོ་བདུན་བརྒྱ་ལྷག་ཙམ་རིང་ཆོས་སྲིད་ཟུང་འབྲེལ་བཀས་རྒྱུད་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནང་སངས་རྒྱས་ཆོས་ལུགས་ཀྱི་མི་ཚེའི་ལྟ་ཚུལ་ལམ་ནང་རིག་པའི་བསམ་བློའི་འཆིང་རྒྱས་མི་རིགས་འདི་ཉིད་ཚེ་ཕྱི་མ་གཙིགས་ཆེར་བཟུང་བ་ལས་དངོས་ཡོད་གནས་ཚུལ་ལ་དོ་སྣང་ཆུང་བ་དང་། དམ་པའི་ལྷ་ཆོས་གཙིགས་ཆེར་འཛིན་པ་ལས་འཇིག་རྟེན་ཁྱིམ་པའི་བྱ་གཞག་ཕལ་པར་འཇོག་པ། ཀུན་སྤྱོད་ལ་མཐོང་ཆེན་ལས་ཁེ་དབང་གཉེར་རྒྱུར་དོ་སྣང་ཆུང་བ། བཟོད་པ་སྒོམ་རྒྱུ་གནད་ཆེར་བཟུང་བ་ལས་འགོག་རྒོལ་གྱི་བསམ་པ་ཞན་པ། ཆོས་སེམས་ཆེ་དྲགས་པ་ལས་རང་འགུལ་གྱི་བསམ་པ་ཞན་པ། ལས་ལ་གང་བསྐོས་ཀྱི་བསམ་པ་ཤུགས་ཆེ་བ་ལས་རང་རྒྱུད་འཕེལ་རྒྱས་གཏོང་རྒྱུ་ཞན་པ་བཅས། མདོར་ན་མི་རིགས་འདི་ཉིད་དཔའ་ཞིང་བརྟུལ་ཕོད་ཀྱི་སྙིང་སྟོབས་ནས་གཉོམ་ཆུང་བཟོད་སྒོམ་སྙིང་རྗེ་ཅན་གྱི་སེམས་རྒྱུད་དུ་རིམ་གྱིས་འགྱུར་བ་བྱུང་སྟབས། དངོས་ཡོད་སྤྱི་ཚོགས་ཁྲོད་ཆོས་སྲིད་གཙོ་ཕལ་གྱི་གོ་ལྡོག་པ་དེས་རིམ་གྱིས་སྲིད་ལུགས་དང་འབྲེལ་ཆེ་བའི་ལོ་རྒྱུས་ལ་སྣང་ཆུང་བྱེད་པའི་རྣམ་པ་ཞིག་ཆགས་ཙང་བོད་ཀྱི་སྤྱི་ཚོགས་འཕེལ་འགྱུར་གྱི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་གིས་གནའ་དེང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་དཔྱད་བསྡུར་བྱ་རྒྱུའི་དོན་སྙིང་པོ་མེད་པར་གྱུར་ནས། ལོ་རྒྱུས་རིག་པ་དེ་རྩོམ་སྒྲིག་དང་འགྲེལ་པའམ་ཡང་འགྲེལ་ཙམ་གྱི་བཤུལ་ལམ་དོག་མོར་ཆས་པ་དེས་ལོ་རྒྱུས་རིག་པ་གོང་དུ་འཕེལ་བར་ཚོད་འཛིན་ཤུགས་ཆེ་ཐེབས་ཡོད། འོན་ཀྱང་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པའི་ཐོག་ནས་མི་རིགས་ཀྱི་རང་བཞིན་དང་ཆོས་ལུགས་ཀྱི་རང་བཞིན་གསལ་ཐག་ཆོད་མངོན་གྱི་ཡོད་ལ་ལོ་རྒྱུས་སྐོར་གྱི་ཕྱག་རྩོམ་ཕོན་འབོར་ཆེ་ཞིང་རྩོམ་ལུས་རྣམ་གྲངས་མང་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་དམིགས་བསལ་ཁྱད་ཆོས་དེ་དག་གིས་བོད་ཀྱི་དེང་རབས་ལོ་རྒྱུས་རིག་པར་སྲ་ཞིང་བརྟན་པའི་རྨང་གཞི་ཞིག་བསྐྲུན་ཡོད། སྔ་མཐུད་ཕྱི་སྐྱོང་གི་དུས་རབས་གཅིག་གི་བོད་རིག་པའི་མཁས་དབང་སྐུ་ཞབས་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་རྩོམ་འཕྲོ་ཅན《དེབ་ཐེར་དཀར་པོ》དེ་དུས་རབས་གོང་མའི་ལོ་རབས50པར་འགྲེམ་སྤེལ་བྱས་པའི་དུས་དེ་ནས་བཟུང་བོད་དུ་དེང་རབས་ལོ་རྒྱུས་རིག་པ་དར་འགོ་ཚུགས་སོ། །
མཆན་འགྲེལ།   
①སྐབས་དེའི་རིས་ཡིག་བརྐོས་པའི་ཤིང་ཁྲམ་སོགས་རུལ་འགྱུར་སླ་ནའང་བྲག་བརྐོས་རི་མོ་དེའི་རིགས་དེང་གི་ཆར་མི་འཇིག་པར་མཐོང་རྒྱུ་ཡོད། དཔེར་ན་མངའ་རིས་རུ་ཐོག་དང་ནག་ཆུའི་ཤན་རྩ་སོགས་ཀྱི་ཉེ་འཁོར་ནས་རྙེད་པའི་བྲག་བརྐོས་རི་མོ།   
②②ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི《དེབ་ཐེར་དམར་པོ》 མི་རིགས་དཔེ་སྐྲུན་ཁང་གི1981ལོའི་དཔར་གཞི།   P.18དང་། 《ཐང་ཡིག་རྙིང་མའི་གླེགས་བམ་བརྒྱ་དང་གོ་དྲུག་ཐུ་བྷོད་ཀྱི་རྒྱལ་རབས》ཏེ《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི1983ལོའི་དཔར་གཞི།    P.136   
③སྦ་བཞེད་ནི་སྦ་གསལ་སྣང་གིས་སྤྱི་ལོའི་དུས་རབས་བརྒྱད་པར་བརྩམས་པ་ཞིག་ཡིན་མོད། དུས་རབས་བཅུ་གཉིས་པའི་གཡས་གཡོན་གྱི་ལོ་རྒྱུས་པ་ཚོས་དེར་བཅོས་ལྷད་ཤུགས་ཆེ་མཛད་ཤུལ་ཡོད་ནའང་དེའི་ནང་བཙན་པོའི་སྐུ་དུས་ཀྱི་ལོ་རྒྱུས་དཔྱད་ཡིག་མང་པོ་ཞིག་དྲངས་འདུག་པས་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན།   
④P. T.1288དངB. M.8212(187)ནི་སྐུ་ཞབས་དབང་རྒྱལ་ལགས་དང་བསོད་ནམས་སྐྱིད(王尧、陈践)ཀྱིས་བསྒྱུར་མཆན་མཛད་པའི《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》མི་རིགས་དཔེ་སྐྲུན་ཁང་གི1992ལོའི་པར་གཞི།   P.12-33ལ་གཟིགས། ཤོག་དྲིལ་དེའི་ནང་ཁྱིའི་ལོ་སྟེ་སྤྱི་ལོ650ནས་བཟུང་ལོ་དུས་ཁ་གསལ་དང་དེའི་གོང་སྤྱི་ལོ641བར་བརྒྱུད་ཤུགས་སུ་བསྟན་ཡོད་ནའང་ཕངས་པ་ཞིག་ལ་གོང་ཤོག་རལ་ཐོར་དུ་སོང་འདུག་པས་ཡི་གེ་ཆ་ཚང་མི་གསལ།  
⑤ཁུང་ཧྥུ་ཙིས(སྤྱི་ལོའི་སྔོན551-479བར་གྱི་མི)བརྩམས་པའི《ཁྲོན་ཆིའུ》《春秋》ཞེས་པ་ནི་ཀྲུང་གོའི་དུས་སྒྲིག་པའི་རྒྱལ་རབས་ལོ་རྒྱུས་ཐོག་མ་དེ་ཡིན། དེའི་ནང་ལོ་དུས་སོ་སོར་འགོད་བའི་ནང་དོན་ཉུང་ཤོས་ཡིག་འབྲུ་གཅིག་དང་མང་ཤོས་ལ47ཡོད་པ་དེའི་འགོ་འཇུག་ཆ་ཚང་ལ་ཁྱོན་ཡིག་འབྲུ་ཆིག་ཁྲི་བརྒྱད་སྟོང་ཙམ་སྤྱད་ནས་མི་ལོ242རིང་གི་ལོ་རྒྱུས་དོན་ཆེ་ཁག་སོ་སོར་བཀོད་འདུག   
⑥⑦P. T.1287 དང་I.0. Ch. xvii.2 P. T.1286བཅས་ནི《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》མི་རིགས་དཔེ་སྐྲུན་ཁང་གི1992ལོའི་པར་གཞི།    P.34-66, P.67-71.ལ་གསལ།   
⑧P. T.960དང་P. T.1283ནི་སྐུ་ཞབས་དབང་རྒྱལ་ལགས་དང་བསོད་ནམས་སྐྱིད་ཀྱིས་ཕྱོགས་སྒྲིག་མཛད་པའི《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》མི་རིགས་དཔེ་སྐྲུན་ཁང་གི1983ལོའི་པར་གཞི།   P.256-275,P.279-287.ལ་གསལ།   
⑨P. T.986《尚书》དངP. T.1291《战国策》ཡི་བསྒྱུར་ཡིག་དུམ་བུ་ནི་གོང་མཚུངསP.114-128.དངP.129-137.བར་གསལ།   
⑩ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིས་རབ་བྱུང་བཞི་པའི་མེ་ཡོས་ལོའི(སྤྱི་ལོ་1207)ཟླ་གསུམ་པའི་ཚེས་ལྔ་ཉིན་ལྷོ་ཁའི་ཐང་པོ་ཆེ་དགོན་དུ་སྟོན་པའི་འདས་ལོའི་བསྟན་རྩིས་མཛད་སྐབས་ཀྱི་ཉིན་དེར་སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ1750དང་ཟླ་བ་གཉིས་དང་ཟླ་ཕྱེད་སོང་བར་བཞེད་པ་དེ་ནི་དེང་སང་འཛམ་གླིང་ནང་བསྟན་ཆོས་ལུགས་པའི་ཁྲོད་དགོངས་པ་གཅིག་མཐུན་དུ་བཞེད་པའི་གནས་བརྟན་སྡེ་པའི་ལུགས་ཀྱི་བསྟན་རྩིས་དེ་ཡིན།   
(11)《བཀའ་ཐང་ཤེལ་བྲག》དང《བཀའ་ཐང་སྡེ་ལྔ》ནི་དུས་རབས13པའི་དུས་སྨད་དུ་ཡར་རྗེ་ཨོ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་དང་བསམ་ཡས་ཀྱི་གཏེར་ནས་བཞེས།   
⑿ཉང་ཉི་མ་འོད་ཟེར་གྱིས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི1988ལོའི་དཔར་གཞི།   P.501   
⒀《ཐང་ཡིག་གསར་མའི་ཐུ་བྷོད་ལོ་རྒྱུས》ཀྱི་བོད་བསྒྱུར་དེ་བླ་མ་གཽ་ཤྲི་རིན་ཆེན་གྲགས་ཀྱིས་ཤིང་མོ་བྱའི(1285)ལོ་ལ་ཤིང་ཀུན་སྡེ་ཆེན་དུ་པར་དུ་བཏབ་ཅེས་རྒྱལ་རབས་གསལ་མེར་ལོ་ཁམས་མི་མཐུན་པ་གསུངས་ཀྱང་འདིར་དེབ་དམར་གྱི་བཞེད་པ་ལྟར་བཀོད།   
⒁ཤིང་ཀུན་སྡེ་ཆེན་ནི-དེང་ཀན་སུའི་ལྷོའི་རྒྱུད་ཀྱི་ལིན་ཐའོ(临逃)ཞེས་པའི་ས་གནས་དེར་འགྲོ་མགོན་འཕགས་པའི་སྐུ་དུས་སུ་གཙུག་ལག་གི་སྡེ་ཆེན་མོ་ཞིག་བཞེངས་ཡོད་པ་དེར་བརྗོད།   
⒂ དུས་རིམ་དེའི་ནང་ལ་སྟོད་བྱང་པ་དང་། མངའ་རིས་གུང་ཐང་། རྒྱལ་མཁར་རྩེ་པ། གཙང་པ་སྡེ་སྲིད་སོགས་ཀྱི་དམག་གཞུང་དེབ་ཐེར་ཐོན་ཡོད། 
⒃ ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་ལོ་རྒྱུས་སྐོར་གྱི་ཕྱག་རྩོམ་གཞན《དེབ་ཐེར་དམར་པོའི་ཁ་སྐོང་མཁས་པའི་ཡིད་འཕྲོག》དང《དེབ་ཐེར་ཁྲ་བོ》《དེབ་ཐེར་དཀར་པོ》སོགས་ཡོད།   
(17) རྩེད་ཐང་པ་ཤར་རྩེ་པཎ་ཆེན་བསོད་ནམས་གྲགས་པ་ཞེས་ཀྱང་འབོད། ཁོང་གི་ལོ་རྒྱུས་སྐོར་གྱི་ཕྱག་རྩོམ་གཞན《རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར》 《འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱི་རྣམ་ཐར》 《འདུལ་བའི་ཆོས་འབྱུང》 《བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན》(1529ལོར་བརྩམས)སོགས་ཡོད།   
⒅འདི་ནི་སུང་ལྷོ་མའི་རྒྱལ་ཐོག་བདུན་པ་ཀྲའོ་ཞན(南宋少帝赵)ཞེས་པ1276ལོར་རྒྱལ་ས་ཤོར་ནས་ཡོན་གྱི་དམག་དཔུང་གིས་ཏཱ་ཏུར(大都)གསོན་ཁྲིད་བྱས། ཧོར་སེ་ཆེན་རྒྱལ་པོས(忽必烈汗)ས་སྐྱ་པར་རྩིས་སྤྲད་རྗེས་ས་སྐྱའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་ནས་བོད་བརྒྱུད་ནང་བསྟན་གཞུང་ལུགས་ལ་སློབ་གཉེར་མཛད། ཕྱིས་གོང་མ་སི་ཏི་ཕ་ལ་དབྱིངས་ཁྱུང་གེ་གན་རྒྱལ་པོས(英宗硕德八刺)རྒྱལ་སྲིད་སྐྱོང་བའི(1320-1323)དུས་སུ་ངོ་ལོག་པར་འགྱུར་དོགས་ནས་བཀྲོངས།    
⒆参见,梁启超:《新史学》,载《20 世纪中华学术经典文库历史学一史学理论卷》兰州大学出版社,2000年版, P.36   
(དཔྱད་རྩོམ་འདི་ཉིད《བོད་ལྗོངས་ཞིབ་འཇུག》2005ལོའི་དུས་དེབ་བཞི་པ་དང2006ལོའི་དུས་དེབ་དང་པོར་མུ་འབྲེལདུ་བཀོད།)