མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

གནའ་དེང་རྩོམ་རིག་གི་གཤིབ་བསྡུར་ལས་བོད་མིའི་མི་ཚེའི་ལྟ་ཚུལ་གྱི་འཕོ་འགྱུར་ལ་དཔྱད་པ།

སྤེལ་དུས 2018-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྒྲོལ་མ་འཚོ།
           ལྟ་ཚུལ་ཞེས་པ་ནི། མི་ཚེའི་དམིགས་ཡུལ་དང༌། དོན་སྙིང༌། རིན་ཐང༌། ཕུགས་བསམ་སྐོར་གྱི་གཞི་རྩའི་ལྟ་ཚུལ་ལ་ཟེར་ཞིང༌། དེ་རུ་བདེ་སྐྱིད་ཀྱི་ལྟ་བ་དང༌དགའ་སྐྱོའི་ལྟ་བ། ཤི་གསོན་གྱི་ལྟ་བ། ལེགས་ཉེས་ཀྱི་ལྟ་བ་རྣམས་འདུ། མི་ཚེའི་ལྟ་ཚུལ་ནི་འཇིག་རྟེན་ལྟ་ཚུལ་གྱི་གྲུབ་ཆ་ཞིག་ཡིན་ཅིང༌། འཇིག་རྟེན་ལྟ་ཚུལ་གྱིས་མི་ཚེའི་ལྟ་ཚུལ་ལ་ཚོད་འཛིན་བྱེད། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཤམ་གྱི་འཐུས་ཚབ་རང་བཞིན་ལྡན་པའི་མི་ཚེའི་ལྟ་ཚུལ་འདི་དག་བྱུང་མྱོང་སྟེ། གཅིག སྐྱིད་འདོད་རིང་ལུགས་ཀྱི་མི་ཚེའི་ལྟ་ཚུལ་ཏེ། མིའི་འཚོ་བ་ནི་མིའི་ལྷན་སྐྱེས་ཀྱི་འདོད་པ་སྐོང་བའི་བརྒྱུད་རིམ་ཞིག་དང༌། དབང་བོའི་བདེ་བ་འཚོལ་ཞིང༌། དངོས་པོའི་ལོངས་སྤྱོད་ཀྱིས་ཚིམས་པར་གྱུར་ན་དེ་ནི་བདེ་སྐྱིད་ཅིག་ཏུ་བརྩི། གཉིས། ངེས་འབྱུང་སྐྱོ་ཤས་རིང་ལུགས་ཀྱི་མི་ཚེའི་ལྟ་ཚུལ་ཏེ། མི་ཚེ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པས། འཁོར་བ་ལ་ངེས་འབྱུང་སྐྱེ་ཞིང་དེ་ལས་ཐར་བ་ནི་དོན་གྱིས་ཐར་བར་འདོད། གསུམ། འདོད་སྡོམ་རིང་ལུགས་ཀྱི་མི་ཚེའི་ལྟ་ཚུལ་ནི། མིའི་འདོད་པའམ་ཁྱད་པར་མིའི་ལུས་ཀྱི་འདོད་པ་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་རྐྱེན་དུ་ངོས་འཛིན་པས། འདོད་པ་སྤངས་ཏེ་དཀའ་ཐུབ་ལ་གནས་དགོས་པར་འདོད། བཞི། བདེ་སྐྱིད་རིང་ལུགས་ཀྱི་མི་ཚེའི་ལྟ་ཚུལ་ལ་རིགས་གཉིས་ཏེ། གཅིག་ནི་མི་སྒེར་གྱི་བདེ་སྐྱིད་ནི་མི་ཚེའི་ཆེས་མཐོ་བའི་དམིགས་ཡུལ་དང་རིན་ཐང་དུ་འདོད་པ་དང༌། ཅིག་ཤོས་ནི་རང་བདེའི་ཞར་ལ་གཞན་ཕན་དོན་དུ་གཉེར་ཞིང༌། ཐུན་མོང་གི་བདེ་སྐྱིད་ལ་འབད་རྩོལ་བྱེད་པ་ནི་མི་ཚེའི་དམིགས་ཡུལ་མཐོ་ཤོས་དང་རིན་ཐང་གི་གནས་ས་ཡིན་པར་འདོད། ལྔ། སྤྲོ་སྣང་རིང་ལུགས་ཀྱི་མི་ཚེའི་ལྟ་ཚུལ་ནི། སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་ལམ་ལ་འོད་སྣང་ལྡན་ཞིང༌། མི་ཚེའི་དམིགས་ཡུལ་ཡང་སྤྱི་ཚོགས་ཀྱི་ཕན་བདེའི་དཔལ་ཡོན་དང་སྔོན་ཐོན་ལ་སྙེག་པ་དང༌། བདེན་དོན་ལ་སྙེག་པ་ཡིན་ལ། མི་ཚེ་ལ་ཧུར་བརྩོན་དང་སྤྲོ་སྣང་གི་བསམ་པ་བཅངས་དགོས་པར་འདོད། དྲུག གུང་ཁྲན་རིང་ལུགས་ཀྱི་མི་ཚེའི་ལྟ་ཚུལ་ནི། འབྱོར་མེད་གྲལ་རིམ་གྱི་མི་ཚེའི་ལྟ་ཚུལ་ཡིན། དེས་མིའི་ཚེ་སྲོག་འགུལ་སྐྱོད་ཀྱི་བརྒྱུད་རིམ་ནི་ཕྱི་རོལ་འཇིག་རྟེན་གྱི་ངོས་འཛིན་དང་བསྒྱུར་བཅོས་ཡིན་པར་འདོད་ཅིང༌། འབྱོར་ལྡན་གྲལ་རིམ་རྩ་མེད་དུ་གཏོང་བ་དང༌། གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པ། མི་ཕལ་མོ་ཆེའི་ཁེ་ཕན་སེམས་པ་ནི་མི་ཚེའི་བླ་ན་མེད་པའི་དམིགས་ཡུལ་དང་ཆེས་ཆེ་བའི་བདེ་སྐྱིད་ཅིག་ཡིན་པར་འདོད། གོང་གི་མི་ཚེའི་ལྟ་བ་དེ་དག་ནི་མིའི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ནས་མཚོན་པར་བྱས་ཡོད།
           བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་ལ་མཚོན་ན། ནང་པ་སངས་རྒྱས་པའི་འཇིག་རྟེན་ལྟ་ཚུལ་གྱི་ཤན་ཞུགས་ཀྱི་དབང་གིས་མི་ཚེའི་ལྟ་ཚུལ་ལའང་ངག་རྩོམ་དང་ཡིག་རྩོམ་གཉིས་ཀྱི་སྟེང་ནས་ཅུང་ཟད་མི་འདྲ་བ་བྱུང་སྟེ། ངག་རྩོམ་ལ་མཚོན་ན། དཔེར་ན་བོད་ཀྱི་གླུ་ཚིག་ལས“ངར་ཚེ་སྟོད་བསམ་པ་རྣམ་གསུམ་ཡོད།། རྟ་འདོ་བའི་གོམ་ལག་བདེ་ན་འདོད།། གོས་ཚ་རུའི་འདབས་ཀ་ཡངས་ན་འདོད།། མ་སྲུ་མོའི་ཤ་རྩ་དཀར་ན་འདོད།། དེ་ཚེ་སྟོད་བསམ་པ་རྣམ་གསུམ་ཡིན།། ངར་ཚེ་རྐེད་བསམ་པ་རྣམ་གསུམ་ཡོད།། སྦྲ་མཐིང་སྨུག་མཁའ་བར་ཡངས་ན་འདོད།། ཇ་ལན་ཆེན་བརྩིགས་པ་མཐོ་ན་འདོད།། འབྲི་ཐུལ་མའི་རྡང་ཐག་རིང་ན་འདོད།། དེ་ཚེ་རྐེད་བསམ་པ་རྣམ་གསུམ་ཡིན།། ངར་ཚེ་སྨད་བསམ་པ་རྣམ་གསུམ་ཡོད།། ཇ་ཡུ་དམར་ཁོལ་མགོ་ཞིམ་ན་འདོད།། མ་སྲུ་མོའི་ངག་སྒོ་འཇམ་ན་འདོད།། ཆོས་མ་ཎི་དུང་ཕྱུར་བུད་ན་འདོད།། དེ་ཚེ་སྨད་བསམ་པ་རྣམ་གསུམ་ཡིན”ཅེས་པ་ནི་བོད་རིགས་མི་དམངས་ཀྱི་མི་ཚེའི་ལྟ་ཚུལ་སྤྱི་སྡོམ་བྱས་པ་ཞིག་ཡིན་ལ། དེ་རུ་ཚེ་སྟོད་དང་ཚེ་རྐེད། ཚེ་སྨད་བཅས་ཆ་གསུམ་དུ་ཕྱེ་ནས། རྟ་བཟང་བོར་ཞོན་པ་དང༌། གོས་ཡག་པོ་གྱོན་པ། མ་ཡག་མར་འཕྲད་པ་བཅས་ནི་ཚེ་སྟོད་ཀྱི་དམིགས་ཡུལ་ཡིན་ལ། ཚེ་རྐེད་དུ་རྒྱུ་ནོམ་པས་ཕྱུག་པ་དམིགས་ཡུལ་ཡིན་ཅིང༌། ཚེ་སྨད་དུ་བུ་བུ་མོ་དང༌། མག་པ་མནའ་མས་ཤ་ཚ་ཞིང་ཆོས་མ་ཎི་དུང་ཕྱུར་བཏོན་ཏེ་ཚེ་ཕྱི་མའི་ལམ་རྒྱགས་གྲ་སྒྲིག་བྱེད་པ་སྟེ། དེ་ནི་བོད་རིགས་མང་ཚོགས་བྱིངས་ཀྱི་མི་ཚེའི་ལྟ་བ་ཡིན་ལ། བྱེ་བྲག་ཏུ་བན་སེར་མོ་ཞིག་གི་མི་ཚེ་དང༌། སྟག་ཤ་ར་ཞིག་གི་མི་ཚེས་བུ་མོ་ཞིག་གི་མི་ཚེ་བཅས་ནི། གླུ་ལས་“བན་སེར་མོ་ཞིག་གི་འཛོམས་གསུམ་བཤད།། མགོ་ཞྭ་མོའི་ནང་ན་ཆོས་སྐད་འཛོམས།། ཕྱག་མཛུབ་ཆུང་སྲུབས་ན་ཡིག་ཆུང་འཛོམས།། ཁ་དུང་སོའི་བར་ན་ཀུན་རིག་འཛོམས།། བན་སེར་མོ་ཟེར་ན་གན་མོ་དགོས།། སྟག་ཤ་ར་ཞིག་གི་འཛོམས་གསུམ་བཤད།། མགོ་ཝ་ཞྭའི་ནང་ན་དཔའ་སྐད་འཛོམས།། ལག་མཛུབ་ཆུང་སྲུབས་ན་གྲི་ཆུང་འཛོམས།། ཁ་དུང་སོའི་བར་ན་རྟ་མགྲིན་འཛོམས།། སྟག་ཤ་ར་ཟེར་ན་གན་མོ་དགོས།། མ་བུ་མོ་ཞིག་གི་འཛོམས་གསུམ་བཤད།། མགོ་ཚར་ཞྭའི་ནང་ན་གནས་སྐད་འཛོམས།། ལག་མཛུབ་ཆུང་སྲུབས་ན་འབྲི་མར་འཛོམས།། ཁ་དུང་སོའི་བར་ན་སྒྲོལ་མ་འཛོམས།། མ་བུ་མོ་ཟེར་ན་གན་མོ་དགོས”ཞེས་བོད་རིགས་མང་ཚོགས་ཀྱིས་བན་སེར་མོ་དང་སྟག་ཤ་ར། མ་བུ་མོ་ཞིག་ཡིན་ན་ཅི་ལྟ་བུ་ཞིག་ཡིན་དགོས་པ་རྣམས་ལ། ཆོས་ལུགས་ཀྱི་ཤན་ཞུགས་ཆུང་ཞིང༌། དོན་དངོས་ཀྱི་འཚོ་བ་དང་འབྲེལ་ཆེ་བའི་དམིགས་འབེན་ཞིག་བཏོན་པ་སྟེ། སྤྱིར་མང་ཚོགས་ཀྱི་སེམས་སུ་གྲྭ་པ་ཞིག་ཡིན་ན་ཆོས་སྙན་མོ་ཞིག་འདོན་ཤེས་པ་དང༌། ཡི་གེ་ལེགས་པོ་ཞིག་འབྲི་ཤེས་པ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་པ་ལས། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ལ་ངེས་ཤེས་རྙེད་མེད་པ་དང༌། སྟག་ཤར་གཞོན་ནུ་ཞིག་ཡིན་ན་དཔའ་དགོས་པའི་མཚུངས་སུ་ཆོས་ཤིག་འདོན་ཤེས་དགོས་ཏེ། བོད་ཡུལ་འདི་དུས་ཡུན་རིང་བོ་ཞིག་ལ་འཁྲུག་ཟིང་དང་རྐུན་ཇག་གི་རྒྱུ་འགྲུལ་ཚབས་ཆེ་བ་དང༌། གཞན་ཡང་བོད་ཀྱི་གོམས་སྲོལ་ལ། ཕན་ཚུན་བར་མི་བསད་པ་བྱུང་ན།
           ཤི་བོ་དེའི་བུ་རབས་ཚ་རྒྱུད་ནས་གསོད་མཁན་ངོ་མའམ། མ་མཐར་བུ་རབས་ཚ་རྒྱུད་ཚུན་ལ་དགྲ་ཤ་ལེན་པ་ཞེས་ཕན་ཚུན་མི་ཐོག་མང་བོར་གསོད་རེས་བྱེད་པ་དང༌། དགྲ་ཤ་ལེན་ཐུབ་ན་མི་དེ་རྒོད་པོར་རྩི་བ་དང༌། མ་ཐུབ་ན་རུས་འདྲུད་པ་ཞེས་མི་དེ་གང་ཡང་མི་འཇོན་པ་ཝ་མོ་ལྟ་བུར་དམའ་འབེབས་བྱེད་སྲོལ་དེ་ནི་ཕལ་ཆེ་བ་མདོ་སྟོད་སྨད་གཉིས་སུ་ཡོད། དེ་བཞིན་སྔར་ལུང་བ་ཕན་ཚུན་དགྲ་ཤ་ལེན་རེས་ཀྱིས་དུས་ཡུན་རིང་བོར་བདེ་འཇགས་མེད་པར་སྐབས་རེར་ལུང་བ་སྟོངས་པའི་སྣང་ཚུལ་ཡང་ཡོད། དེ་ནི་ཡུལ་ཁྲིམས་ཀྱིས་ཉེས་ཅན་ལ་གཉའ་གནོན་མ་ནུས་པའི་ཉེར་ལེན་གྱིས་དོན་དག་དེ་འདྲ་མི་བྱེད་ཀ་མེད་བྱུང་བར་སེམས། ཆོས་མ་ཎི་འདོན་པ་ནི་མི་གཤིས་ཇེ་ལེགས་སུ་གཏོང་བའི་ཐབས་ཀྱི་མཆོག་ཏུ་རྩི་ཞིང༌། ཕྱི་དགྲ་བོ་རིག་ན་དཔའ་དགོས་ཤིང༌། ནང་ཕུ་ནུ་དང་གྲོགས་མཛའ་བཤེས་རིག་ན་བྱམས་དགོས་པའི་ལྟ་བ་ཡོད། མ་བུ་མོ་ཞིག་ཡིན་ན་ཁྱིམ་སྐྱོང་བའི་འགན་འཁུར་ཡོད་པས་ལག་ལས་ཀ་བཟང་ཞིང༌། རྒན་བཀུར་གཞོན་བྱམས་ཡོད་དགོས་པའི་ཚད་གཞི་བཏོན་པ་རེད། གཞན་ཡང་ཕོ་རབ་འབྲིང་ཐ་གསུམ་གྱི་གོ་དོན་ཡང་གླུ་ལས“སྐྱེས་ཕོ་རབ་ཅིག་ལ་འདོད་གསུམ་ཡོད།། བློ་རྒྱ་ཁོག་པ་ཆེ་ན་འདོད།། དཔའ་སྟོབས་བརྩོན་སེམས་འཛོམས་ན་འདོད།། ཡུལ་ཕ་མར་བརྩི་བཀུར་བྱེད་ན་འདོད།། སྐྱེས་ཕོ་རབ་ཟེར་ན་གན་མོ་དགོས།། སྐྱེས་ཕོ་འབྲིང་ཞིག་ལ་འདོད་གསུམ་ཡོད།། ཟ་བྱེད་ཁ་ཕོར་ཆེ་ན་འདོད།། ཟ་རྒྱུ་འཐུང་རྒྱུ་ཡོད་ན་འདོད།། ཟོས་ནས་འཐུང་ནས་ལས་ན་འདོད།། སྐྱེས་ཕོ་འབྲིང་ཟེར་ན་གན་མོ་རེད།། སྐྱེས་ཕོ་ཐ་ཞིག་ལ་འདོད་གསུམ་ཡོད།། ཆང་དང་དུ་བ་ཤ་གསུམ་འདོད།། ཇག་རྐུན་འཕྲོག་གསུམ་ཤེས་ན་འདོད།། ནང་སྒོས་སུ་རང་སྡེ་གཏོར་ན་འདོད།། སྐྱེས་ཕོ་ཐ་གན་མོ་མི་དགོས་ཤིག”ཅེས་དང༌།“སྐྱེས་ཕོ་རབ་ཅིག་གི་བསམ་ཚུལ་བཤད།། གསེར་སེར་པོའི་ཕོ་བྲང་བཞེང་ན་བསམ།། དངུལ་དཀར་པོའི་སྦྱིན་པ་གཏང་ན་བསམ།། ཡུལ་ཕ་མའི་དྲིན་ལན་གཞལ་ན་བསམ།། སྐྱེས་ཕོ་རབ་བསམ་ཚུལ་གན་མོ་རེད།། སྐྱེས་ཕོ་འབྲིང་ཞིག་གི་བསམ་ཚུལ་བཤད།། འབྲུག་འདྲ་བའི་རྟ་ཞིག་བཞོན་ན་བསམ།། ཐོག་འདྲ་བའི་བོའུ་ཞིག་འཁུར་ན་བསམ།། ཕྱི་ཡུལ་ནས་དཔའ་རྩལ་ངོམ་ན་བསམ།། སྐྱེས་ཕོ་འབྲིང་བསམ་ཚུལ་གན་མོ་རེད།། སྐྱེས་ཕོ་ཐ་ཞིག་གི་བསམ་ཚུལ་བཤད།། རྒྱུ་ནོར་ལུག་འཚོ་རྒྱུ་མེད་ན་བསམ།། ཟས་ཞིམ་པོ་ཟོས་ནས་བསྡད་ན་བསམ།། ཉིན་མཚན་མེད་ལ་ཉལ་ན་བསམ།། སྐྱེས་ཕོ་ཐའི་བསམ་ཚུལ་གན་མོ་རེད“ཅེས་སྐྱེས་ཕོ་རབ་ཅིག་གི་མི་ཚེ་ནི་བློ་ཁོག་ཡངས་པ་དང༌། དཔའ་སྟོབས་དང་བརྩོན་སེམས་ཆེ་བ། ཕ་མར་བརྩི་བཀུར་བྱེད་པ། ཁྱིམ་ཁང་གཞི་རྒྱ་བསྐྱེད་པ། མར་ངན་སློང་ལ་སྦྱིན་པ་གཏོང་མཁན་ཞིག་ཡིན་པར་འདོད། སྐྱེས་ཕོ་འབྲིང་ཞིག་གི་མི་ཚེ་ནི་གཞན་ལ་ངོམ་རྒྱུ་རང་ལ་ཟ་རྒྱུ་ཡོད་པའི་ཞོར་དུ་ལས་ལ་དགའ་བ་ཞིག་ཡིན་པར་འདོད་ལ། སྐྱེས་ཕོ་ཐ་ཞིག་གི་མི་ཚེ་ནི་དཀའ་ལས་མ་བརྒྱབ་པར་བདེ་སྐྱིད་འདོད་པ་དང༌། རྐུན་ཇག་འཕྲོག་གསུམ་གྱིས་བདག་གནོད་གཞན་ཕུང་གི་བྱ་བར་སྤྲོ་བ་ཞིག་ཡིན་པར་འདོད་པ་སོགས་མང་ཚོགས་ཀྱི་བློ་གྲོས་ལས་བྱུང་བའི་ངག་རྩོམ་དུ་ཁྱབ་ཡོད།
           ཡིག་ཐོག་རྩོམ་རིག་ལ་མཚོན་ན། རྩོམ་པ་པོ་མང་ཆེ་བ་ཆོས་པ་ཡིན་ཅིང༌། ཁྱིམ་པའི་རྟེན་ཅན་གྱི་རྩོམ་པ་པོ་རྣམས་ལའང་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་ཐེབས་མེད་པ་ཞིག་མི་སྲིད་པས། ཁོ་ཚོས་བརྩམས་པའི་རྩོམ་རིག་བརྩམས་ཆོས་སུ་མངོན་པའི་མི་ཚེའི་ལྟ་བ་ནི། སྤྱིར་མཐོ་རིས་ཀྱི་ལུས་རྟེན་དཀོན་ཞིང༌། དེ་ལས་ཀྱང་དལ་འབྱོར་གྱི་མི་ལུས་དཀོན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས“རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུ་ག་དང༌།། རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས།། མི་ཉིད་ཆེས་ཐོབ་དཀའ་བ་མི་དབང་གིས།། དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད”ཅེས་རྒྱལ་པོ་བདེ་སྤྱོད་བཟང་བོ་ལ་གདམས་པ་དང༌། རྒྱལ་སྲས་ཞི་བ་ལྷས“རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ཆུད་ལྟར།། མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས”ཞེས་པ་ལྟར་དང༌། གཞན་ཡང༌། གྱང་ལོགས་ཀྱི་ཞལ་བ་འཇམ་པོ་ལ་སྲན་མ་གཏོར་བ་ཆགས་དཀའ་བའི་དཔེ་དང༌། ཁབ་རྩེ་གྱེན་དུ་བསྟན་པ་ལ་སྲན་མ་སྤུངས་ཀྱང་རེ་རེ་ཙམ་ཡང་ཆགས་དཀའ་བའི་དཔེར་བསྟན་པ་བཞིན་རྙེད་དཀའ་ཞིང༌། རྙེད་ན་དོན་ཆེ་བ་དང༌། གསེར་སྲང་སྟོང་གི་རིན་པས་ཀྱང་མི་ཁུགས་ལ་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་དཀོན། དེ་ལྟར་རྙེད་པར་དཀའ་བའི་དལ་འབྱོར་རྙེད་ཀྱང་ཡུན་རིང་སྡོད་ལོང་མེད་པར་མི་རྟག་འཆི་བའི་དབང་དུ་འགྲོ། ཤི་ནས་ཀྱང་མི་ཤི་བའམ་ཆུ་བསྐམས་པ་ལྟ་བུ་ཞིག་ཡིན་པ་དེ་ཀ་ལས་གཞན་དུ་མི་འདུག་ཀྱང༌། ཤི་ནས་ཀྱང་མེད་དུ་མི་འགྲོ་ཞིང་སྐྱེ་བ་ལེན་དགོས་པ་ཡིན། སྐྱེ་བ་ཞིག་བླངས་ཕྱིན་ཆད་འཁོར་བའི་གནས་ལས་མ་འདས། དེས་ན་ད་རེས་ཀྱི་སྐྱེ་བ་འདིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་ཏེ་གཏན་དུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ཅི་ནས་ཀྱང་བྱེད་ དགོས་པར་འདོད་པ་ནི་བོད་ཀྱི་སྲོལ་རྒྱུན་ཡིག་ཐོག་རྩོམ་རིག་ལས་བསྟན་པའི་མི་ཚེའི་དམིགས་ཡུལ་མཐར་ཐུག་ལགས་པས། སངས་རྒྱས་ཀྱི་སྐྱེས་རབས་ཡིན་ནའང་འདྲ། སྐྱེས་བུ་དམ་པའི་རྣམ་ཐར་དང་རྟོགས་བརྗོད་ཡིན་ནའང་འདྲ། རྒྱལ་པོ་དང་དཔའ་བོའི་གཏམ་རྒྱུད་གང་ཡིན་ཡང་མི་ཚེའི་ལྟ་བ་གོང་ལྟར་ཡིན་ལ། བརྗོད་གཞིར་བདམས་པའི་མི་སྣ་ཡང་ལྟ་བ་དེ་དང་མཐུན་པའི་རིགས་ཡིན་པ་ལས་ཐར་བ་དང་ཐམས་ཅད་མཁྱེན་པ་དོན་དུ་མི་གཉེར་བའི་རིགས་མིན་ནོ།། དཔེར་ན།《རྗེ་བཙུན་མི་ལ་རས་པའི་རྣམ་མགུར》ལྟ་བུ་སྟེ། ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་རྗེ་བཙུན་རང་གི་མགུར་གླུ་ལས་བྱུང་སྟེ།“རྡོ་རྗེ་འཆང་གིས་བྱིན་བརླབས་པ།། ཏེེ་ལོ་ནཱ་རོའི་སྤྱན་སྔ་རུ།། དཀའ་བ་སྤྱད་པའི་ངོ་མཚར་ཅན།། ཕ་སྐད་གཉིས་སྨྲ་བའི་ལོ་ཙཱ་པ།། སྒྲ་སྒྱུར་མར་པ་མ་ལགས“སམ།། དེ་ཡི་ཐུགས་རྗེས་བསྐྱངས་པ་ཡི།། ང་རང་མི་ལ་རས་པ་འདི།། ཕ་མི་ལ་ཤེས་རབ་རྒྱལ་མཚན་དང༌།། ཨ་མ་མྱང་ཚ་དཀར་རྒྱན་ཡིན།། ང་རང་ཐོས་པ་དགའ་ཞེས་ཟེར།། སྔོན་གྱི་རྒྱུ་འབྲས་མི་སླུ་བས།། ངེད་མ་སྨད་བསོད་ནམས་ཆུང་བའི་ཕྱིར།། ཡབ་མི་ལ་དེ་ཉིད་དགུང་ལ་གཤེགས།། སྒྱུ་མའི་ཟས་ནོར་གང་ཡོད་རྣམས།། ཨ་ནེ་དང་ཨ་ཁུ་གཉིས་ཀྱིས་ཕྲོགས།། ངེད་མ་སྨད་ཀྱིས་ཁོང་གི་གཡོག་པོ་བྱས།། ཟ་མ་ཁྱི་ཡི་ལྟོ་བ་ལ།། གོས་སུ་དུག་པོ་ཚེམ་བེར་གྱོན།། སྐྱི་བསེར་རླུང་དང་འཁྲུག་པ་ཤོར།། ཨ་ཁུའི་འཐབ་རྡུང་རྒྱུན་དུ་ཁུར།། ཨ་ནེའི་ངོ་འཛུམ་དཀར་ནག་བལྟས།། བྲན་གཉའ་ཤོར་གྱི་གདན་ས་ངེད་ཀྱིས་ཕྲོགས།། ངེད་མ་སྨད་ལ་སྡུག་པ་རེས་མོས་བབ།། སྡུག་བསྔལ་གྱི་ཡི་མུག་བཟོད་གླགས་མེད།། བླ་མ་གཡུང་སྟོན་དང་རོང་སྟོན་ལྷ་དགའ་ལ།། མཐུ་སེར་གཏད་གསུམ་པོ་རྫོགས་པར་བསླབས།། ཨ་ཁུ་དང་ཨ་ནེས་ཐོག་དྲངས་པའི།། ཡུལ་མི་ཁྱིམ་མཚེས་ཕུང་ལ་བཏང༌།། ང་དེ་ཕྱིར་བསམས་ཤིང་འགྱོད་པ་སྐྱེས།། རྗེ་ནཱ་རོ་དང་མེེ་ཏྲིས་བྱིན་བརླབས་པ།། ལྷོ་ཆུ་ཁྱེར་ཕུ་ན་བཞུགས་སོ་སྐད།། ཕ་ལོ་ཙཱ་པའི་སྙན་པ་རྒྱང་ནས་ཐོས།། ལམ་དཀའ་བ་སྤྱད་ནས་དྲུང་དུ་ཕྱིན།། ཕ་དྲིན་ཅན་དེ་ཡི་ཞབས་དྲུང་དུ།། ཁོ་བོ་མི་ལ་རས་པ་ངས།། ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡད།། སྲས་མཁར་དགུ་ཐོག་ཁྱམས་དང་བཅས།། དེ་རྣམས་ང་ཡིས་སངས་ཀྱིས་བརྩིགས།། ཕ་དྲིན་ཅན་དེས་ཀྱང་ཐུགས་རྗེས་བཟུང༌།། ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ།། གནས་ལུགས་ཟབ་མོའི་ངོ་སྤྲོད་དང༌།། ཐབས་ལམ་ནཱ་རོའི་ཆོས་དྲུག་དང༌།། སྨིན་ལམ་དབང་བཞིའི་ཆུ་རྒྱུན་དང༌།། དཔལ་ལྡན་ནཱ་རོའི་ཕྱག་ལེན་ལ།། ཡིད་ཆེས་ཞལ་གདམས་བཅས་པ་གནང༌།། ངས་ཀྱང་ལེ་ལོ་མ་བགྱིས་པར།། ཚེ་འདི་བློས་བཏང་བསྒོམས་པ་ལས།། གཏན་གྱི་སྐྱིད་མགོ་དེ་ནས་ཚུགས།། ང་རྣལ་འབྱོར་བྱུང་ཚུལ་དེ་ལྟར་གདའ།། ཁྱེད་བུ་མོ་ལྔ་སྐྱིད་དོ་ལོག་ལ་བཞུགས”ཞེས་པ་ལྟར་སྐྱིད་སྡུག་འདྲེས་མའི་བརྒྱུད་རིམ་ལྔ་བྱུང་བ་སྟེ། ཐོག་མར་རྒྱུ་ནོར་ལོངས་སྤྱོད་འཛོམས་པའི་ཕ་མའི་དྲུང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་པ་དང༌། དེ་ནས་བསགས་པའི་ཕ་ནོར་རྣམས་གཞན་ལ་ཤོར་ནས་ཨ་ཁུ་དང་ཨ་ནེ་ལ་གཡོག་བྱས་ནས་སྡུག་བསྔལ་སྣ་ཚོགས་མྱངས་པ། དེའི་རྗེས་འཁོན་འཛིན་གྱི་བསམ་པ་བཅངས་ཏེ་དགྲ་བོ་ཚར་བཅད་པ། བར་དུ་བླ་མ་བསྟེན་ནས་མན་ངག་ཐོབ་པ། ཐ་མར་ཉམས་སུ་བླངས་ནས་གྲུབ་པ་ཐོབ་ཅིང་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའོ།། དེ་ལྟ་བུའི་མཛད་པ་དེ་ཡང་བསྡུ་ན་དོན་གསུམ་དུ་འདུ་སྟེ། དང་པོར་མེ་འོབས་ལྟ་བུའི་འཁོར་བ་མཐའ་དག་གི་ཉེས་དམིགས་ལ་ཐུགས་སྐྱོ་ཞིང་ངེས་འབྱུང་སྐྱེས་པ་དང༌། མཐོ་རིས་ཀྱི་ལྷ་ཚངས་པ་དང་བརྒྱ་བྱིན་གྱི་བདེ་བ་ལ་ཡང་སྨོན་པ་སྐད་ཅིག་ཙམ་ཡང་མེད་པའི་ཞེན་ལོག་དང་ལྡན་པ། པད་ཚལ་ལྟ་བུའི་ཐར་བ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་མཐོང་བས་ཡིད་ཕྲོགས་ཏེ། ཆོས་ཀྱི་ཕྱིར་དུ་ལུས་སྲོག་གཏོང་བ་ལ་ཉམ་ང་དང་བག་ཚ་ཅུང་ཟད་ཙམ་ཡང་མེད་པའི་དད་བརྩོན་དང་ཤེས་རབ་སྙིང་རྗེ་ལྡན་པ། བར་དུ་བླ་མ་དམ་པས་རྗེས་སུ་བཟུང་ཞིང་ཞལ་ནས་བྱུང་བའི་བདུད་རྩི་དབེན་པའི་རི་ཁྲོད་དུ་མྱངས་པས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་ཉམས་དང་རྟོགས་པའི་མྱུ་གུ་ འཁྲུངས་པ། ......ཡི་དམ་མཁའ་འགྲོས་རྗེས་སུ་བཟུང་ནས་ལམ་གྱི་གེགས་སེལ་ཞིང་བོགས་བཏོན་པས་ཉམས་རྟོགས་གོང་དུ་འཕེལ་ཏེ་ཆོས་ཀྱི་དགོངས་དོན་ལ་ནང་བྱན་ཆུད་པ། མཐའ་མར་སྒྲིབ་གཉིས་ལ་སོགས་པའི་སྤང་བྱ་མཐའ་དག་དབྱིངས་སུ་དག་པས་ཆོས་རྣམས་ཟད་པར་སྐྱེལ་བ། མཁྱེན་བརྩེ་ལ་སོགས་པའི་ཡོན་ཏན་མ་ལུས་པ་ཐུགས་ལ་རྫོགས་པས་སངས་རྒྱས་ཏེ་གྲུབ་མཐའ་ཕྱི་ནང་གི་གང་ཟག་ཀུན་གྱི་རྩོད་པ་དང་བྲལ་ཞིང་ཀུན་གྱི་ནང་ན་རྒྱལ་མཚན་གྱི་ཏོག་ལྟ་ བུར་གྱུར་པའོ།། དེས་ན་རྗེ་མི་ལ་སོགས་སྔོན་གྱི་དམ་པ་གོང་མ་རྣམས་ཀྱི་མི་ཚེ་ལྟ་བུ་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་མིག་ལྟོས་ཕེར་བའི་མཛད་བཟང་རྣམས་གནའ་རབས་བོད་ཀྱི་རྩོམ་རིག་གི་བརྗོད་བྱར་གྱུར་པ་སྟེ། དེ་མིན་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས“འཁོར་བའི་འདམ་ལས་སོར་གང་མ་འཕགས་ཕྱིར།། རྣམ་ཐར་བྱ་བའི་མིང་འདོགས་བྱ་མི་འོས།། ཉམས་རྟོགས་ཡོན་ཏན་རི་བོང་རྭ་མཚུངས་ཕྱིར།། རྟོགས་བརྗོད་བྱ་བའི་མིང་ཡང་ཅི་ལྟར་རིགས”ཞེས་གསུངས་པ་ལྟར་རོ།། དེ་བཞིན་དུ《རྒྱལ་བུ་དྲི་མེད་ཀུན་ལྡན》དང༌། 《སྣང་ས་འོད་འབུམ》《ཆོས་རྒྱལ་ནོར་བཟང》《གཟུགས་ཀྱི་ཉི་མ》《དོན་ཡོད་དོན་གྲུབ》《འགྲོ་བ་བཟང་མོ》《པདྨ་འོད་འབར》《གཏམ་པདྨའི་ཚལ་གྱི་ཟློས་ཀར》《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》སོགས་ལས་ཀྱང་མི་ཚེའི་དམིགས་ཡུལ་མཐོ་ཤོས་ནི་ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་པར་བྱ་བ་དེ་ཡིན་ཏེ། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཀྱི་མཇུག་ཏུ། “དེ་ཡང་འདོད་དང་གཡུལ་གྱི་གཏམ་སོགས་སྙན་ངག་ལུས།། གསལ་བར་བྱེད་པའི་སྤྲོས་པ་མང་ལྡན་ཡང༌།། སྙིང་བོར་འབབ་པ་ངེས་འབྱུང་གཏམ་གྱི་རྔ་བོ་ཆེ།། གང་དག་མ་རིག་གཉིད་ལས་སློང་བའི་ཆོས་དབྱིངས་ཟབ”ཅེས་འདོད་པ་དང་གཡུལ་སོགས་བརྗོད་བྱ་རྒྱ་ཆེན་པོ་ཞིག་བྲིས་ཡོད་ནའང༌། སྙིང་བོའི་དོན་ནི་འཁོར་བ་ལ་ངེས་འབྱུང་སྐྱེས་ཏེ་དམ་པའི་ལྷ་ཆོས་སྒྲུབ་པ་དེ་ཡིན་པར་འདོད། དེས་ན་མི་ཚེའི་ལྟ་བ་མཐར་ཐུག་གམ་རབ་ནི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བགྲོད་རྒྱུ་དེ་ཡིན་ལ། དེ་མིན་རྒྱལ་པོ་དང་དཔའ་བོ་ལྟ་བུ་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་སྐྱོབ་ནུས་པ་ཞིག་ཡིན་ནའང་སྲོལ་རྒྱུན་རྩོམ་རིག་གི་བརྗོད་བྱར་འགྱུར་ཞིང་མི་ཚེའི་ དམིགས་ཡུལ་དུ་བྱེད་དོ།། དེ་བས《གེ་སར་རྒྱལ་པོའི་སྒྲུང》དང《རཱ་མ་ཎའི་རྟོགས་བརྗོད》《སྐྱ་སེང་བུ་ལྔའི་རྟོགས་བརྗོད》སོགས་བྱུང་བ་རེད། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ནི་འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་ཡིན་ལ། དེ་དག་ལས་མིའི་རེ་འདུན་དང་ཕུགས་བསམ་མཚོན་པ་ཤུགས་ཆེ་སྟེ། མི་སྣ་གཙོ་བོ་ཡང་བླ་མ་དང་རྒྱལ་པོའམ། ཡང་ན་གཞན་ལས་དཔའ་རྩལ་འཛོམས་པའམ་གཞན་ལས་མཛེས་སྡུག་གི་ལང་ཆོ་རྫོགས་པ་འབའ་ཞིག་ཡིན། སྤྱི་ཚོགས་གསར་བའི་ནང་དུ་རིག་གཞུང་གསར་བ་དང་བསླབ་ཚན་གསར་བ། ཁོར་ཡུག་གསར་བ་བཅས་ཀྱི་ཤན་ཤུགས་ལ་བརྟེན་ནས་བརྩམས་ཆོས་དག་གི་མི་སྣ་གཙོ་བོ་ནི་ཞིང་པ་དཀྱུས་མ་དང་འབྲོག་པ་དཀྱུས་མ་སོགས་མི་ཕལ་བ་དག་ཡིན། རྩོམ་ མཁན་ཚོས་རང་གི་སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་བྲིས་པ་བརྒྱུད་ནས་བོད་མི་རྣམས་ཀྱི་བསམ་པའི་འཁྱེར་སོ་དང་རང་གི་ཕ་ཡུལ་དུ་གནས་པའི་གནད་དོན་དག་མཚོན་པར་བྱེད་དེ། དཔེར་ན། སྐུ་ཞབས་དོན་གྲུབ་རྒྱལ་གྱི《སད་ཀྱིས་བཅོམ་པའི་མེ་ཏོག》དང《ཚུལ་ཁྲིམས་རྒྱ་མཚོ》ཚེ་རིང་དོན་གྲུབ་ཀྱི《ལམ》དང《ར་ལོ》སྟག་འབུམ་རྒྱལ་གྱི《ལྷིང་འཇགས་ཀྱི་རྩྭ་ཐང》དང《ཧྭ་པ་གསོས་པའི་ཟིན་བྲིས》རང་སྒྲའི《བྲག་ཁུང་པ་དང༌། ཁོའི་ཉེ་འཁོར་གྱི་ཚོང་པ་ཚོ》དུས་རབས་འདིའི་ན་གཞོན་རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་གི《སེམས་ཁུར》དང《སྡོམ་པ་སྲུང་བ》ལྷ་བྱམས་རྒྱལ་གྱི《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》དང《དབྱར་རྩྭ་དགུན་འབུ》སོགས་ལྟ་བུ་རེད། 《སད་ཀྱིས་བཅོམ་པའི་མེ་ཏོག》ནི་བུ་བུ་མོ་མངལ་ན་ཡོད་དུས་གཉེན་རྟགས་བརྒྱབ་པའི་སྲོལ་རྒྱུན་གྱི་བསམ་བློ་ལ་དགག་པའི་སྒྲུང་གཏམ་ཞིག་ཡིན་ལ། བསམ་བློ་དེ་དང་ལུགས་སྲོལ་དེས་མི་རབས་གསར་བའི་རང་དབང་རང་འཐད་ཀྱི་བརྩེ་དུངས་ལ་གེགས་བྱས་པ་དང་ན་གཞོན་ཕོ་མོ་དག་གི་ལུས་སེམས་གཉིས་ཀར་སྡུག་བསྔལ་ཚད་ལས་འདས་པ་བཟོས་པ་བྲིས་ཡོད། དེ་ཡང་རྩོམ་པ་པོ་ནི་དེང་རབས་ཀྱི་འདུ་ཤེས་ཡོད་པའི་ཤེས་ཡོན་པ་ཞིག་ཡིན་པ་དང༌། བརྩམས་ཆོས་ནང་གི་མི་སྣ་རྣམས་ཀྱང་ཞིང་པ་དཀྱུས་མ་འབའ་ཞིག་ཡིན་པས། མི་ཚེའི་ལྟ་ཚུལ་ཡང་དེ་དང་དེ་མཐུན་གྱིས་མངོན་ཡོད་དེ། མི་སྣ་གཙོ་བོ་ལྷ་སྐྱིད་ཀྱིས་རང་དབང་རང་འཐད་ཀྱི་བརྩེ་དུངས་ཀྱི་ཆེད་དུ་རང་ལྕེབས་རྒྱག་པར་རྩོམ་སྐབས་རིག་ཡག་གིས་བསྐྱབས་པ་དང༌། རང་གི་སེམས་ཁོང་གི་སྙིང་གྲོགས་ཚེ་རིང་གི་ཆེད་དུ་ཕ་མར་གསང་སྟབས་ཀྱིས་སྟོང་སྐོར་ལ་བྲོས་མོད། ལམ་བར་ནས་ཁྲམ་པ་ཞིག་ལ་ཐུག་པས་ཇོ་མོ་བྱེད་པའི་བསམ་ཚུལ་བྱུང༌། བརྩམས་ཆོས་འདི་དང《སྣང་ས་འོད་འབུམ་གྱི་རྣམ་ཐར》གཉིས་བསྡུར་ཚེ་གནའ་རབས་དང་མི་མཐུན་པའི་མི་ཚེའི་ལྟ་ཚུལ་ཞིག་མཐོང་ཐུབ་སྟེ། བུ་མོ་ལྷ་སྐྱིད་ཇོ་མོ་བྱེད་འདོད་པ་དེ་དམ་པའི་ཆོས་ལ་དད་པ་ཡོད་པས་མིན་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པར་ངེས་ཤེས་སྐྱེས་པའང་མིན། མོ་ཇོ་མི་བྱ་རྒྱུའི་བསམ་བློ་དེ་ནི་ལུས་སེམས་ཀྱི་སྡུག་བསྔལ་ལས་གཡོལ་ཐབས་བྱེད་པ་ཙམ་ལས་མ་འདས། དེ་ནི་མི་སྣའི་གཤིས་ཀ་དང་དངོས་ཡོད་གནས་ཚུལ་ལའང་མཐུན་ཏེ། ལྷ་སྐྱིད་ནི་ཞིང་སྡེ་ནས་ནར་སོན་པའི་བུ་མོ་དཀྱུས་མ་ཞིག་ཡིན་པས། མོ་ལ་མཚོན་ན་དམ་པའི་ལྷ་ཆོས་ཟེར་བའང་ཚད་དེ་འདྲ་ཞིག་ལས་བརྒལ་མི་སྲིད། ང་ཚོས་གོང་དུ་བཤད་ཟིན་པ་ལྟར། བོད་གནའ་རབས་ཀྱི་བརྩམས་ཆོས་ལས་མངོན་པའི་མི་ཚེའི་ལྟ་ཚུལ་དང༌། དེང་རབས་རྩོམ་རིག་ལས་མངོན་པའི་མི་ཚེའི་ལྟ་ཚུལ་གཉིས་མི་གཅིག་ལ། དེང་རབས་རྩོམ་རིག་ལས་ཀྱང་དུས་རབས་སྔོན་མའི་མི་ཚེའི་ལྟ་ཚུལ་དང་དུས་རབས་འདིའི་མི་ཚེའི་ལྟ་ཚུལ་ལ་ཡང་མི་འདྲ་ས་ཡོད། དཔེར་ན། 《ཚུལ་ཁྲིམས་རྒྱ་མཚོ》དང《སྡོམ་པ་སྲུང་བ》གཉིས་བསྡུར་ཏེ་དཔྱད་ཚེ་ཤེས་ཐུབ། 《ཚུལ་ཁྲིམས་རྒྱ་མཚོ》ནི་དུས་རབས་སྔོན་མའི་ནང་དུ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་པ་ཡིན། སྒྲུང་གཏམ་དེའི་ནང་དུ་ཚུལ་ཁྲིམས་རྒྱ་མཚོ་སྟེ་གྲྭ་བཙུན་དཀྱུས་མ་ཞིག་གི་ལས་དབང་བྲིས་ནས་ཁོའི་སེམས་ཀྱི་འགལ་འདུ་སྣ་ཚོགས་མཚོན་པར་བྱས་ཡོད། ཚུལ་ཁྲིམས་རྒྱ་མཚོ་ཁོང་འདུལ་ཁྲིམས་ཡོད་པའི་གྲྭ་བཙུན་ཞིག་ཡིན་མོད། ལྷ་མོ་སྒྲོལ་མ་མཐོང་ཐེངས་རེར་རང་སེམས་རང་གིས་གཅུན་མི་ཐུབ་ལ།“སྡོམ་པ་ཟེར་བ་དེ་ནི་འཚོ་བའི་བདེ་སྐྱིད་སྡོམ་བྱེད་ཀྱི་ལྕགས་ཐག་ཅིག་ཡིན་ལ། ལང་ཚོའི་འདུན་མ་འགོག་བྱེད་ཀྱི་བཙོན་ར་ཞིག”ཡིན་པར་འདོད། འོན་ཀྱང་མཇུག་མཐར་ཁོ་དུས་ཀྱི་འགྱུར་ལྡོག་གི་དབང་གིས་སྐྱ་སར་བབས་པ་ལས་བརྩེ་དུངས་ཀྱི་ཆེད་དུ་མིན་ལ། རྗེས་ནས་ཀྱང་རང་གི་ཡོད་ཚད་མི་རིགས་སློབ་གསོའི་ཆེད་དུ་དབུལ་རྒྱུའི་རྦད་སེམས་བཅངས་ཡོད། 《སྡོམ་པ་སྲུང་བ》ནི༢༠༠༦ལོའི《སྦྲང་ཆར》དེབ་གཉིས་པར་བཀོད་པའི་སྒྲུང་གཏམ་ཞིག་སྟེ། དེའི་ནང་གི་མི་སྣ་གཙོ་བོ་ནི་ཨ་ཁུ་གྲགས་པར་འབོད་པའི་བཙུན་པ་གྲོང་ཆོག་པ་ཞིག་ཡིན། ཁོ་ཁྱོ་ག་དུས་རྒྱུན་ཚོང་ལ་འགྲོ་བའི་འབྲོག་ཁྱིམ་ཞིག་ལ་གྲོང་ཆོག་ཏུ་ཕྱིན་ནས། ཁྱིམ་དེའི་བུད་མེད་ཅིག་དང་མཉམ་དུ་བསྡད་པའི་ཉིན་ཤས་རིང་གི་སེམས་ཀྱི་འགྱུ་བ་བྲིས་ཡོད། རྩོམ་དེ་ལས་དགག་རྒྱག་དང་སུན་འབྱིན་ཅི་ཡང་བྱས་མེད་པར་མི་སྣ་གཉིས་ཀྱི་སེམས་ཁམས་ཀྱི་འགྱུར་བ་སྣ་ཚོགས་དང་སེམས་ཁོང་གི་འགལ་འདུ་བྲིས་པ་བརྒྱུད། མཐའ་མར“མིའི་རང་རྒྱུད་ན་ཡོད་པའི་འདོད་པ་དེ་ནི་འགོག་ཐབས་མེད་པའི་སྟོབས་ཤུགས་ཤིག་ཡིན”(རྩོམ་པ་པོའི་སྐད་ཆ)པས་དེ་ལས་ཐར་མ་ཐུབ་པ་བྲིས་ཡོད། ཚུལ་ཁྲིམས་རྒྱ་མཚོ་མར་ལོག་བྱེད་དགོས་བྱུང་མོད། དེ་ནི་རང་གཅུན་མ་ནུས་པ་ཁོ་ནའི་རྐྱེན་མིན་པར་དུས་ཀྱི་དབང་གིས་ཡིན་ལ། མར་ལོག་བྱས་རྗེས་ཀྱང་ཕ་ཡུལ་གྱི་མི་རིགས་སློབ་གསོའི་ཆེད་དུ་རང་ནུས་གང་ཡོད་དབུལ་བའི་ཆོད་སེམས་བཅངས་ཡོད་པས། མི་ཚེའི་ལྟ་བའི་ཐད་ནས་བལྟས་ན་མི་རིགས་ཀྱི་ཆེད་དུ་རང་ནུས་འབུལ་བ་དེའི་རིགས་སུ་གཏོགས་པས་ཚད་ཅུང་མཐོན་པོ་ཞིག་ཏུ་བརྩིས་ཆོག་ཕྱི་མའི་ཨ་ཁུ་གྲགས་པ་ལ་མཚོན་ན་རང་གི་འདོད་པ་རྒྱ་ཡན་དུ་བཏང་བ་ཙམ་ལས་མི་རིགས་ཀྱི་ཆེད་དུ་མིན་ལ་རྒྱལ་ཁབ་ཀྱི་ཆེད་དུ་དེ་བས་ཀྱང་མིན། ཐ་ན་རང་ཉིད་ལ་མ་འོངས་པར་ཅི་ཞིག་བྱེད་དགོས་ཀྱི་དམིགས་ཡུལ་གསལ་བོ་ཞིག་ཀྱང་མེད། དེ་ནི་འགན་འཁྲིའི་འདུ་ཤེས་མེད་པའི་མི་ཚེའི་ལྟ་བ་ཞིག་ཡིན། དེང་གི་སྤྱི་ཚོགས་ཀྱི་ནང་དུ་ཨ་ཁུ་གྲགས་པ་ལྟ་བུ་མང་དུ་འབྱུང་བཞིན་ཡོད་པས། དེ་ནི་བཟང་ལྟས་ཤིག་ཡིན་པར་མི་སེམས། ལ་ལས་སྡོམ་ཁྲིམས་སྲུང་བ་ནི་མི་གཤིས་ཀྱི་བཀག་སྡོམ་ཞིག་ཡིན་པར་འདོད་ལ། མི་གཤིས་ཀྱི་བཅིངས་འགྲོལ་ལ་འབོད་སྐུལ་བྱེད། དེའི་རྒྱུ་རྐྱེན་གཙོ་བོ་ཕྱི་ཡོང་རིག་གནས་ཀྱི་བརྡབ་གསིག་ཐེབས་པས་རེད། ནང་ཆོས་ཀྱི་ལྟ་བ་ནི་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་རྒྱུ་དང་རང་གི་ཚེ་སྲོག་ཤོར་དགོས་རུང་ཚུལ་ཁྲིམས་ཤོར་མི་རུང་བར་གསུངས། རྩོམ་རིག་ནི་འཚོ་བ་ལས་བྱུང་ཞིང་འཚོ་བ་མངོན་མཚོན་བྱེད་པས་ན། བོད་ཀྱི་དེང་རབས་རྩོམ་རིག་གིས་ཀྱང་མང་ཚོགས་ཀྱི་འཚོ་བར་ཁ་གཏོད་ཅིང་མང་ཚོགས་ཀྱི་ཁྲོད་དུ་གནས་པའི་སྤྱི་ཚོགས་ཀྱི་གནད་དོན་དག་མཚོན་པར་བྱེད། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི《ར་ལོ》ལ་མཚོན་ན། མི་ཚེའི་ཕུགས་འདུན་དང་རེ་སྙེག་མེད་པར་ལེ་ལོ་དང་སྒྱིད་ལུག་གིས་དུས་འདའ་བར་བྱེད་པའི་མི་སྣ་ཞིག་བཞེང་སྐྲུན་བྱས་ཡོད། ར་ལོ་ནི་ཆུང་དུས་ནས་ཨ་མ་མ་གཏོགས་གཉེན་ཉེ་གཅིག་ཀྱང་མེད་པའི་མི་ཞིག་ཡིན་ལ། ཨ་མ་ཚེ་ལས་འདས་རྗེས་ཡུལ་མི་ཚོས་ཁོ་སློབ་གྲྭར་བསྐྱལ་མོད། སློབ་ཆུང་ལོ་བཅུར་བཏོན་ཀྱང་ཀ་མད་སུམ་ཅུའང་འབྲི་མ་ཤེས་ལ། སློབ་གྲྭ་ལས་ཕུད་རྗེས་འགྲོ་ས་འདུག་ས་མེད་པར་ཁྱིམ་ཚང་འགར་སོང་ནས་ཟོག་འཚོ་བ་སོགས་ལས་ཀ་ལས་ནས་ཕོ་བ་འགྲང་ཐབས་བྱེད། ཟོག་རྫི་བཟང་བོ་ཞིག་ཡིན་པ་དང“ལག་གཙང་མ”(ཁོའི་བཟང་ཆ་ཉག་གཅིག་པོ་ཡིན)ཡིན་པས། ཁྱིམ་ཚང་ཞིག་གིས་ཁོ་མག་པར་བཞག་མོད། ཁོས་རིམ་བཞིན་རང་གི་གཤིས་ཀ་མངོན་པར་བྱས་ཏེ“ང་ཁྱོད་ཚང་གི་མག་པ་ཡིན་པ་ལས་གཡོག་པོ་མིན་ཅེས་ཉིན་གུང་བར་དུ་མལ་ལས་མི་ལངས་ལ། ཕོ་བ་འགྲངས་ན་“ཨ་.“..། འོ......། གནའ་མིའི་གཏམ་དཔེ་ལ......”ཞེས་བརྒྱགས་སྐད་ཆེན་པོ་འཆད་པས་ཁོ་ཁྱིམ་ཚང་དེས་ཀྱང་སྒོར་ཕུད། འོན་ཀྱང་ཁོས་རང་སྐྱོན་མི་མཐོང་བར་ད་དུང“ང་ར་ལོ་ཚང་གི་ཕ་རྒྱལ་པོའི་འཁྲུངས་རབས། མ་རྒྱལ་མོའི་སྐྱེས་རབས་ཁྱོད་ཚོས་གོ་ཨེ་མྱོང.....”.སོགས་མདོ་མེད་ཚིག་སྟོང་འབའ་ཞིག་བཤད་ཅིང༌། མི་ཚེ་ལ་དམིགས་ཡུལ་དང་ཕུགས་འདུན་ཅི་ཡང་མེད་པར་ལྟོ་གོས་ཙམ་གྱི་ཆེད་དུ་རབ་བྱུང་བསྒྲུབས་པ་དང༌། དེ་ནས་དེའང་སྡུག་བསྔལ་ཞིག་ཏུ་བསམས་ནས་སྐྱ་སར་བབས་པ་སོགས་མདོ་མེད་འཆལ་པོ། ལེ་ལོ་དང་སྒྱིད་ལུག་གི་ངང་ཚུལ་འཛིན་པའི་མི་སྣ་ཞིག་བཞེང་སྐྲུན་བྱས་ནས། བོད་ཁམས་སུ་གནས་པའི་མི་དེའི་རིགས་ལ་ཟུར་ཟ་དང་སྐྱོན་བརྗོད་བྱས་ཡོད། ང་ཚོའི་འཚོ་བའི་ཁྲོད་དུ་མི་འདིའི་རིགས་ཤིན་ཏུ་མང་སྟེ། ལ་ལར་ལས་ཀ་ལས་འདོད་མེད་པར་རྒྱལ་ཁབ་ཀྱི་རོགས་སྐྱོར་དངུལ་ལ་རེ་སྒུག་བྱས་ནས་སྡོད་པ་དང༌། ལ་ལ་ཞིག་གིས་རྐུ་འཕྲོག་གི་ལས་ལ་བརྟེན་ནས་རང་གི་དམིགས་ཡུལ་འགྲུབ་པར་བྱེད། གང་ལྟར། མི་ཚེའི་ལྟ་བ་དང་མི་ཚེའི་དམིགས་ཡུལ་མི་འདྲ་བའི་དབང་གིས་མི་རེ་རེའི་བགྲོད་ལམ་ཡང་མི་འདྲའོ།། ཚེ་རིང་དོན་གྲུབ་ཀྱི《ལམ》ཞེས་པའི་ནང་དུ་གཞོན་ནུ་མིང་སྲིང་གཉིས་ཀྱི་མི་ཚེའི་ལྟ་ཚུལ་མི་འདྲ་བའི་དབང་གིས་གདམ་གསེས་བྱས་པའི་མི་ཚེའི་མདུན་ལམ་མི་འདྲ་བ་གཉིས་བྲིས་ཡོད། དེ་ཡང་སློབ་གྲྭ་གཅིག་ནས་མཐར་ཕྱིན་པའི་མིང་སྲིང་གཉིས་ལས་ཕུ་བོ་བཀྲ་ཤིས་ནི་རྫོང་དཔོན་མགོན་པོའི་ཆང་གཏམ་གྱི་རྗེས་སུ་འབྲངས་ནས་སློབ་སྦྱོང་གི་འདུན་པ་ཉམས་ཤིང་མཐར་ཆང་རྐྱལ་ཞིག་ཏུ་གྱུར་པ་དང༌། སྲིང་མོས་སློབ་གྲྭའི་ནང་གི་སྦྱང་བརྩོན་གྱི་རྒྱུན་བསྐྱངས་ནས་མུ་མཐུད་དུ་སློབ་སྦྱོང་བྱས་པ་བྲིས་ཡོད། སྟག་འབུམ་རྒྱལ་གྱི་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》ལས་མི་སྣ་གཙོ་བོ་དབང་ལྡན་རྡོ་རྗེ་ནི་དུས་ཀྱི་དབང་གིས་གཞན་ཡུལ་འགྲིམས་ཤིང་ཚོང་ཆུང་ཆུང་རེ་བརྒྱབ་ནས་མ་དངུལ་ཅུང་བསགས་པས། བཅོས་བསྒྱུར་སྒོ་འབྱེད་རྗེས་སུ་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བས། ཁོ་ཡུན་རིང་ཁ་བྲལ་པའི་ཕ་ཡུལ་དུ་ལོག་ཅིང༌། ཕ་ཡུལ་འཛུགས་སྐྲུན་གྱི་ཆེད་དུ་རང་ནུས་ཅི་ཡོད་དབུལ་རྒྱུའི་ཆོད་སེམས་བཅངས་ནས་འབྲོག་ཁུལ་དུ་ཚོང་ཁང་བསྒྲུབས་པ་དང༌། རང་གིས་མ་དངུལ་བཏང་ནས་སློབ་གྲྭ་བཙུགས་པ། སྡེ་བའི་མགོ་ཁྲིད་དང་སྡེ་མི་བསམ་ཤེས་སྐོར་ཞིག་རྩ་འཛུགས་བྱས་ནས་ཕྱི་རྒྱལ་གྱི་ཕྱུགས་ལས་ས་ཁུལ་དུ་ལྟ་སྐོར་ལ་འགྲོ་བ་སོགས་རང་གི་ནུས་ཤུགས་ཡོད་དགུ་ཕ་ཡུལ་ཕྱུག་འགྱུར་གྱི་ཆེད་དུ་ཕུལ་པའི་བླ་མེད་ཀྱི་སྤྱོད་བཟང་བྲིས་ཡོད། སྐུ་ཞབས་དོན་གྲུབ་རྒྱལ་གཙོས་པའི་རྩོམ་པ་པོ་རྒན་པ་རྣམས་ཀྱིས་ཐོག་མར་མི་རིགས་ཀྱི་ལ་རྒྱ་གླེངས་པ་དང༌། ཕུ་ནུའི་ནང་དམེ་ལ་སེམས་ཁུར། གཉེན་སྒྲིག་རང་དབང་གི་ལྟ་བ། ཕྲུ་གུ་སློབ་གྲྭར་སྐྱེལ་བའི་དགེ་མཚན། ལེ་ལོ་དང་སྒྱིད་ལུག་ལ་སུན་འབྱིན། བརྩོན་འགྲུས་དང་ཧུར་བརྩོན་ལ་བསྟོད་བསྔགས་སོགས་བྱས་ཏེ་མི་ཚེའི་དམིགས་ཡུལ་ནི་རང་དབང་དང་འགྲིག་མཐུན། མི་ཡ་རབས་ཞིག་བྱས་ཏེ་མི་རིགས་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་རྒྱུ་དེ་ཡིན་པར་འདོད་པ་དང༌། དེའང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་དགུ་བཅུ་པའི་ནང་དུ་སྤྱི་འགྲོས་ཤིག་ཏུ་གྱུར་ཡོད་ཅིང༌། དེ་དུས་ཀྱི་རྩོམ་རིག་བརྩམས་ཆོས་མང་ཆེ་ཤོས་ཀྱིས་སྲོལ་རྒྱུན་རྙིང་བ་དང་ལྟ་བ་མཁྲེགས་འཛིན། བག་འཁུམ་དང་རྨོངས་དད་སོགས་བོད་ཡུལ་དུ་རྒྱུན་འབྱམས་སུ་གནས་པའི་གནད་དོན་ལ་སུན་འབྱིན་དང་དགག་རྒྱག་བྱས་འདུག དུས་རབས་འདིའི་ནང་དུ་བྲིས་པའི་སྒྲུང་འབྲིང་དག་ལ་བལྟས་ན་བརྗོད་བྱའི་ཁྱབ་རྒྱ་ཇེ་ཆེར་སོང་ཞིང༌། རྩོམ་པ་པོ་རྣམས་ཀྱིས་གསར་རྩོམ་གྱི་མདུང་རྩེ་འཚོ་བའི་ཁྲོད་ཀྱི་ཕྱོགས་གང་སར་གཏད་ཡོད། ལྷག་པར་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་དུ་གནས་པའི་གནད་དོན་དག་ལ་སྨྱུག་རྩེ་བསྐོར་ནས་བསམ་གཞིག་བཏང་བ་ཅུང་མང༌། དཔེར་ན། རྩོམ་པ་པོ་སྟག་འབུམ་རྒྱལ་གྱི《ཧྭ་པ་གསོས་པའི་ཟིན་བྲིས》ལྟ་བུ་རེད། རྩོམ་པ་པོས་དཔོན་པོ་ཆུང་ཆུང་ཞིག་གིས་ཧྭ་པ་ཞིག་གསོས་པའི་བརྒྱུད་རིམ་བྲིས་ནས། དེང་སང་སྤྱི་ཚོགས་ཀྱི་ནད་ཡམས་ཞིག་ཏུ་གྱུར་ཡོད་པའི་སྣང་ཚུལ་ཞིག་མངོན་པར་མཚོན་ཡོད། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང༌། རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།། བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང”ཞེས་གསུངས་པ་བཞིན། ཧྭ་པ་དེའི་རིགས་ལ་སྟག་ཁྱི་གཟིག་ཁྱི་ལྟ་བུའི་འཕར་སྤྱང་འགོག་པའི་སྤོབས་པ་མེད་ལ། རང་གི་བདག་པོ་ལ་བློ་དཀར་ཞིང་མ་ཤི་བར་དུ་བདག་པོ་ལ་སྲུང་སྐྱོབ་བྱེད་པའི་གཤིས་ཀ་ནི་དེ་བས་ཀྱང་མེད་མོད། ཁྱིམ་ལ་མགྲོན་པོ་ཕེབས་དུས་བརྡ་གཏོང་ཐུབ་པ་དང༌། མི་ཆེན་དང་དཔོན་ཆེན་ཡོང་ན་སྤྲོ་བ་སློང་མཁས་ལ་ངོ་སོ་བྱེད་མཁས་པས་མི་ལ་ལའི་དགའ་བསུ་ཐོབ། འོན་ཀྱང་ཧྭ་པ་དེའི་རིགས་ནི་རང་གི་བདག་པོ་འབྱོར་བའི་ཚེ་ན་གམ་དུ་ཡོང་ནས་རྔ་མ་གཡུགས་ཞིང་ལྕེ་ལྡག་བྱེད་ཅིང༌། བདག་པོ་རྒུད་པའི་ཚེ་ཁྲེལ་མེད་ངོ་ལོག་བྱེད་པར་བག་མི་ཚ། དེའང་མདོར་བསྡུས་ན་རང་གི་འཚོ་གནས་ཀྱི་ཆེད་དུ་གཞན་ལ་ཧྭ་པ་ལྟར་ཁ་ཡག་ངོ་དགའ་བྱེད་པའི་མི་ཚེའི་ལྟ་ཚུལ་དེ་དམར་རྗེན་དུ་བྲིས་ཡོད། དེ་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་ན་དངོས་སུ་གནས་པའི་གནད་དོན་ཞིག་ཡིན་ལ་ད་ལྟའི་མི་ལ་ལར་དེ་ཉིད་གཤིས་སུ་གྲུབ་ཡོད། རེད་དེ།“ཁྱི་གཤིས་ཀྱི་ཕྱེད་ཀ་ནི་མི་གཤིས་ཡིན་ལ། གལ་ཏེ་ཁྱི་གཤིས་དང་འབྲེལ་བའི་མི་གཤིས་དེ་ཡང་ཡལ་བར་དོར་ཚེ་དེ་ནི་སྤྱང་ཀི་རུ་གྱུར་པ་མ་ཡིན་ནམ། མི་གཤིས་དང་ཁྱི་གཤིས་ལ་བར་ཐག་ངེས་ཅན་ཡོད་ནའང༌། ལན་རེར་བསམ་བློ་རེ་བཏང་ན་མི་གཤིས་ཀྱི་ཕྱེད་ཀའང་ཁྱི་གཤིས་ཡིན་པའི་བསམ་ཚུལ་སྐྱེས་འོང༌། ཚང་མས་ཁྱི་བཟང་བོ་ཞིག་རེད་ཅེས་བཤད་དུས། ཁྱི་དེར་མི་གཤིས་ཀྱི་ཆ་མང་ཙམ་ཡོད་པར་གོ་བ་དང༌། མི་དེ་ངན་པ་ཞིག་རེད་ཅེས་ནའང་མི་དེར་ཁྱི་གཤིས་ཀྱི་ཆ་མང་བོ་འདྲེས་ཡོད་པའི་རྐྱེན་རེད”ཅེས་སྒྲུང་གཏམ་དུ་དེ་ལྟར་བྲིས་ཡོད་པ་ནི་བདེན་པར་སྣང༌། ད་ལྟའི་སྤྱི་ཚོགས་སུ་རང་གི་གོ་གནས་འཕར་ཆེད་དང་རང་གི་འཚོ་གནས་ཇེ་ལེགས་སུ་གཏོང་ཆེད་མི་གཞན་ལ་ཧྭ་པ་བཞིན་ཁ་ཡག་ངོ་དགའ་བྱེད་ཅིང༌། དེ་སྔ་རང་ལ་རོགས་རམ་བྱས་མྱོང་བའི་མི་དེར་བཀོལ་སྤྱོད་ཀྱི་རིན་ཐང་མེད་པར་གྱུར་ཚེ། དེ་མ་ཐག་རྒྱང་བཀྱེད་པ་དང་དེར་འཕྱ་དམོད་བྱེད་པའང་ཡོད། དེ་དང་དེ་ལྟ་བུའི་རིགས་རྣམས་ཀྱི་རྒྱུད་ལ་མ་གྱུར་སེམས་ཅན་ཐམས་ཅད་ཕར་ཞོག་རྒྱལ་ཁབ་དང་མི་རིགས་ཀྱང་མེད་ལ། མདོར་ན་རང་ཉིད་གཅིག་པུའི་ཁེ་ཕན་ལས་མ་འདས།
           དེ་མིན༢༠༠༦ལོའི《སྦྲང་ཆར》དེབ་དང་པོའི་ཐོག་ཏུ་བཀོད་པའི་ལྷ་བྱམས་རྒྱལ་གྱི《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》ཞེས་པའི་སྒྲུང་ཐུང་དེ་རུ། ནང་ལོགས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་ན་བོད་ཀྱི་རིག་གནས་ཞིབ་འཇུག་གི་ལས་ཁུངས་ཤིག་ཏུ་ལས་ཀ་གཉེར་བཞིན་པའི་བཀྲ་ཤིས་ནི། སློབ་གྲྭ་མཐར་ཕྱིན་ནས་ལས་གནས་སྟེང་དུ་ཞུགས་མ་ཐག་སྤོབས་སེམས་ཀྱིས་ཁེངས་ཤིང༌། ལྷད་མེད་དྭངས་གཙང་གི་བསམ་བློ་རྣམ་དག་ལྡན་པའི་ན་གཞོན་ཞིག་ཡིན་མོད། ཁོས་བོད་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལ་ཞིབ་རྟོག་བྱས་པའི་སྙན་ཞུ་ཞིག་གོང་རིམ་ལ་ཕུལ་སྐབས། ཁོའི་ཐད་ཀར་གྱི་མགོ་པ་བཀྲ་ཤིས་ཁ་ཆེས“འདི་ལྟར་བྲིས་ན་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མི་མཐུན། ཕྱིར་ཁྱེར་ནས་རྩོམ་ནང་གི་གྲངས་ཀ་དེ་དག་དང་ཐ་སྙད་ཁ་ཤས་ལ་བཟོ་བཅོས་བྱས་རྗེས་ཁྱེར་ཤོགཅེས་སྐྱོན་བརྗོད་ནན་མོ་བྱས་པ་དང༌། ཉིན་ཁ་ཤས་ཀྱི་རྗེས་སུ་ལས་ཁུངས་དེའི་ཏང་ཨུའི་ཧྲུའུ་ཅི་དང་མགོ་པ་དང་པོ་གཉིས་ཀས་ཀྱང་གནོན་ཤུགས་བྱིན། དེ་ལྟར་བཀྲ་ཤིས་གྲིབ་གཟུགས་ཆེན་པོ་ཞིག་གི་ཁྲོད་ནས་ཐར་མ་ཐུབ་ལ་རིམ་བཞིན་རང་གི་གྲིབ་གཟུགས་ཀྱང་བོར། རྒྱུ་མཚན་ནི“གྲིབ་གཟུགས་ཀྱི་ཁྲོད་དུ་རང་གི་གྲིབ་གཟུགས་མཐོང་མི་སྲིད”པས་སོ།།
           གོང་དུ་བཤད་ཟིན་པ་ལྟར། མི་རེ་རེའི་མི་ཚེའི་ལྟ་ཚུལ་ནི་རིག་གནས་དང་ཁོར་ཡུག དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་རྒྱུ་ཡོད་པ་ཞིག་ཡིན་པས། གོང་གི་སྒྲུང་ཐུང་ནང་གི་ན་གཞོན་བཀྲ་ཤིས་ལ་མཚོན་ནའང་དྲག་པོའི་གནོན་ཤུགས་ཀྱི་འོག་ཏུ་རང་གི་ཕུགས་བསམ་དང་སྤོབས་པ་རྣམས་རིམ་གྱིས་ཉམས་ཤིང༌། མཐར་རང་ཉིད་སུ་ཡིན་པ་དང་རང་དང“བོད”ཅེས་པའི་མིང་དེའི་བར་དུ་འབྲེལ་བ་ཅི་ཞིག་ཡོད་པའང་རིམ་གྱིས་བརྗེད་པར་གྱུར། སྣང་ཚུལ་དེའི་རིགས་ད་ལྟའི་གྲོང་ཁྱེར་དུ་འཚོ་བ་རོལ་པའི་མི་རྣམས་ཀྱི་སྟེང་དུ་བྱུང་དང་འབྱུང་བཞིན་ཡོད་པ་སྨོས་མེད་རེད། བཀྲ་ཤིས་ལྟ་བུའི་མི་གང་མང་གིས་གྲིབ་གཟུགས་ཆེ་ཆུང་མི་འདྲ་བའི་ཁྲོད་ནས་རང་གི་ཕ་ཡུལ་བརྗེད་ཅིང༌། དེའི་བུ་དང་བུ་མོ་རྣམས་ཀྱིས་རང་གི་ཕ་སྐད་བཤད་མི་ཤེས། འདི་ནི་ཤིན་ཏུ་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཡིན་ལ། ང་ཚོས་ནམ་ཡང་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ཀྱང་རེད། 《བྲག་ཁུང་པ་དང༌། ཁོང་གི་ཉེ་འཁོར་གྱི་ཚོང་པ་ཚོ》ཞེས་པ་ནི༢༠༠༦ལོའི《སྦྲང་ཆར》དེབ་བཞི་པའི་ཐོག་ཏུ་བཀོད་པའི་སྒྲུང་འབྲིང་ཞིག་རེད། དེ་རུ་བོད་ཀྱི་ཚོང་པ་ཁ་ཤས་ཀྱིས་རང་གི་ཁེ་སྤོགས་ཀྱི་ཆེད་དུ་གཡོ་སྒྱུ་ཁྲམ་གསུམ་གྱི་ཟློས་གར་སྐྱུག་བྲོ་བ་འཁྲབ་ཅིང༌། ཕ་མེས་ཀྱི་ཤུལ་བཞག་རིག་རྫས་གཞན་ལ་བཙོང་བའི་བྱ་སྤྱོད་བྲིས་ཡོད། ཚོང་པ་དེ་དག་གི་མི་ཚེའི་མཐར་ཐུག་གི་རེ་སྙེག་ནི་རང་ལ་ཁེ་སྤོགས་མང་ཙམ་འཐོབ་པ་ཁོ་ནའི་ཆེད་དུ་ཡིན་པས། ཁོ་ཚོས་ཕ་མེས་ཀྱིས་བཞག་པའི་ཤུལ་བཞག་རིག་རྫས་ཀྱི་རིན་ཐང་རྟོགས་མེད། དེ་དང་བསྡུར་ན་དབེན་གནས་སུ་ཉམས་ལེན་བྱེད་པའི་བླ་མ་བྲག་ཁུང་པ་ནི་ཟང་ཟིང་ལ་མི་དགའ་བའི་ཆོས་པ་རྣམ་དག་ཅིག་ཡིན་ལ། ཁོང་གིས་ཉིན་བཞིན་ཁ་ཏོན་དགེ་སྦྱོར་བྱེད་ཅིང༌། དེ་དག་ཐམས་ཅད་ཀྱང“དགེ་བ་འདི་ཡིས་མྱུར་དུ་བདག།། རྫོགས་པའི་སངས་རྒྱས་ཐོབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག”ཅེས་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དགེ་བ་རྫོགས་བྱང་ལ་བསྔོ་བར་བྱེད། དེ་མིན་ད་དུང་རང་གིས་ཉར་ཚགས་བྱས་པའི་རིན་ཐང་གཞལ་དུ་མེད་པའི་རྟེན་རྫས་རྣམས་ཕངས་སེམས་མེད་པར་ཚོང་པ་རྣམས་ལ་རྟེན་སྐལ་དུ་བྱིན་པ་དང༌། ད་དུང་མ་འོངས་པ་ན་རྟེན་སྐལ་གྱི་བདག་པོ་ཁྱོད་ཚོ་རེད་ཅེས་བཤད་པས། ཚོང་པ་དབང་ཕྱུག་ལ་སེམས་འགུལ་ཐེབས་ཤིང་མཐར་རང་གིས་སྔར་བྱས་ལ་འགྱོད་སེམས་སྐྱེས་ནས་བླ་མའི་དྲུང་དུ་འགྱོད་བཤགས་བྱེད་པར་སོང་མོད། དེ་དུས་བླ་མ་གྲོངས་ཟིན་པས་“ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ངོ་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་འོངས”ཞེས་པའི་དཔེ་རུ་གྱུར། རྩོམ་པ་པོ་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད་ལ། བོད་མིའི་འཚོ་བར་རྒྱུས་མངའ་ཆེ་བས་བླ་མ་བྲག་ཁུང་པའི་སྒོམ་རྒྱག་སྟངས་དང་སེམས་ཁམས། བོད་རིགས་ཚོང་པ་དག་གི་བྱ་བྱེད། དུར་ས་སློག་པའི་བརྒྱུད་རིམ། མི་ཤི་རྗེས་ཀྱི་རོ་ལས་བྱེད་སྟངས་སོགས་བྲིས་པ་ཁ་གསལ་ཞིང་བདེན་སྣང་སྟེར་ཐུབ། མཇུག་མཐར་ཚོང་པ་ཚོས་བསམ་ཤེས་ནས་གནའ་རྫས་དེ་དག་དགོན་པར་བསྐྱལ་བ་དེ་ནི་རྩོམ་པ་པོའི་རེ་སྙེག་ཡིན་ལ། བོད་ཀྱི་ཚོང་པ་ཚོར་མཚོན་ན་དེ་ལྟར་བསྒྲུབ་འོས་པ་ཞིག་ཀྱང་རེད། ང་ཚོས་རང་གི་ཡུན་ཐུང་གི་ཁེ་ཕན་གྱི་ཆེད་དུ་མེས་པོའི་ཤུལ་བཞག་རིག་རྫས་རྣམས་གཞན་ལག་ཏུ་འཆོར་དུ་བཅུག་ན། མི་རིགས་ཀྱི་ཉེས་ཅན་ཡིན་པས་དེ་ལ་བསམ་བློ་གཏོང་བར་རིགས་སོ།། དེས་ན། ཕྲན་གྱི་བསམ་ཚུལ་ལ་གནའ་རབས་རྩོམ་རིག་ལ་རྩོམ་པ་པོའི་རྩོམ་རིག་དང་ངག་ཐོག་རྩོམ་རིག་སྟེ་རིགས་གཉིས་ཡོད་པ་དང༌། རྩོམ་གྱི་རིགས་འདི་གཉིས་ལས་མངོན་པའི་མི་ཚེའི་ལྟ་ཚུལ་ནི། སྔ་མས་མི་སྒེར་རམ་མི་རིགས་ཤིག་གམ། རྒྱལ་ཁབ་ཅིག་གི་འཚོ་གནས་ལ་བསམ་བློ་མི་གཏོང་བར་དལ་འབྱོར་གྱི་རྟེན་ལ་སྙིང་བོ་བླངས་ཏེ། ཐུག་མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བར་བྱེད་འདོད་པ་སྟེ། རྗེ་བཙུན་མི་ལ་རས་པས་གྲོང་ཡུལ་དུ་མི་འབབ་པའི་དམ་བཅའ་བྱས་པ་ནི“བདག་ཉམས་རྟོགས་ཁྱད་པར་ཅན་ཞིག་མ་སྐྱེས་ཀྱི་བར་དུ་རི་ཁྲོད་འདིར་ལྟོགས་གྲིར་ཤི་རུང་དད་ཟས་དང་གཤིན་ཟས་ཀྱི་ཐལ་བ་འགམ་ཕྱིར་མི་འབབ། འཁྱག་གྲིར་ཤི་རུང་གོས་ཕྱིར་མི་འབབ། སྐྱོ་གྲིར་ཤི་རུང་འདུ་འཛི་དང་གཡེང་བའི་ལས་མི་བྱེད། ན་སྟེ་ཤི་རུང་སྨན་ཐུན་གཅིག་གི་ཕྱིར་ཡང་མི་འབབ། ཚེ་འདིའི་བྱ་བ་སྒྲུབ་ཕྱིར་ལུས་འགུལ་བ་ཙམ་ཡང་མི་བྱེད་པར་སྒོ་གསུམ་ཡེངས་མེད་དུ་སངས་རྒྱས་བསྒྲུབ་བོ”ཞེས་རང་གི་འཚོ་གནས་དོན་དུ་མི་གཉེར་བར་སངས་རྒྱས་བསྒྲུབས་པ་རེད། འདི་ནི་བོད་ཀྱི་གནའ་རབས་རྩོམ་རིག་གི་རྩོམ་པ་པོ་རྣམས་ཀྱི་ཕུགས་འདུན་ཡིན་ལ། དེ་ལྟ་བུའི་མི་སྣ་ཡང་གྲངས་ཀྱིས་མི་ཟིན་པ་ཞིག་ཡོད་པས། འཚོ་བ་དངོས་མཚོན་མེད་ཅེ་ན་དོན་དང་མི་མཐུན་ཞིང༌། དེའི་ལྡོག་ཕྱོགས་ཀྱང་ཤིན་ཏུ་མང་བོ་ཞིག་ཡོད་པ་ནི《མི་ལ་རས་པའི་རྣམ་ཐར》ལས།“ཁྱི་ར་བ་གཞོན་པ་ཞིག་ན་རེ། ཁྱོད་རང་མི་མིག་རྩ་ཅན་ཞིག་འདུག་པ་ལ། འདི་འདྲའི་སྡུག་བྱེད་པ་བས་འཇིག་རྟེན་པ་བྱས་ན་རབ་རྟ་བཟང་བོ་སེང་ཕྲུག་འདྲ་བ་ཞོན། འཁོར་གསུམ་ཚེར་མ་འདྲ་བ་བཏགས་ནས། སྡང་བའི་དགྲ་བཏུལ། ནོར་ལོངས་སྤྱོད་འཛོམ་པོས་བྱམས་པའི་གཉེན་བསྐྱངས་པས་སྐྱིད་འོང༌། དེ་མིན་ཚོང་བྱས་རུང་རང་མགོ་ཐོན་པས་སྐྱིད་འོང༌། ཐ་མ་མི་གཡོག་བྱས་ཀྱང་ལྟོ་གོས་བཟང་པོ་མྱོང་བས་ལུས་སེམས་འདི་འདྲ་བས་སྐྱིད་པ་འོང་སྟེ། སྔར་མ་ཤེས་འདུག ད་བྱས་པ་དྲག”ཅེས་རྗེ་བཙུན་ལ་སློབ་གསོ་བཏང་བ་དང༌། ཐ་ན་ཁོང་གི་སྲིང་མོ་པེ་ཏས་ཀྱང“ཨ་ཇོའི་ཆོས་ཁ་ལ་བཟའ་རྒྱུ་ཡང་མེད། ལུས་ལ་གྱོན་རྒྱུ་ཡང་མེད་པས་ཁྲེལ་ངོ་ཚ་ནས་བུད་པ་འདིས་མི་འོང་བར་འདུག་ཁོང་གཞན་གྱི་ཆོས་པ་བླ་མ་བ་རི་ལོ་ཙཱ་པ་བྱ་བ། འོག་ན་ཁྲི་བརྩིགས། སྟེང་ན་གདུགས་ཕུབ་པའི་བར་དུ། སྐུ་དར་ཟབ་ཀྱི་སྦུབས་ན་ཞལ་ཇ་ཆང་གི་ངང་ལ་འགྲོ་བ། གྲྭ་བུ་སློབ་རྣམས་ཀྱིས་དུང་ཁ་སྦྱོར་དུ་བུས་པས་མི་མང་བོ་འདུས་ནས། འབུལ་བ་བསམ་གྱིས་མི་ཁྱབ་པ་འོང་བས། འཁོར་དང་ཉེ་ཚན་ལ་ཕན་པ། མི་ལ་ངོམ་པར་ཆོག་པའི་ཆོས་པ་བཟང་པོ་རང་ཞིག་འདུག དེའི་ཕྱག་ཕྱི་ལ་ཨེ་འཁྲིད་ལྟོས་དང༌། ཁྲིད་ན་གྲྭ་པ་ཞན་ཤས་ཤིག་ཐོབ་རུང་སྐྱིད་པོ་འོང་བ་འདུག་གིས། དེ་མིན་ན་ཨ་ཇོའི་ཆོས་འདི་དང༌། ངའི་འཁོས་ཀ་འདིས་འོ་ཅག་མིང་སྲིང་གི་ཚེ་མི་ཕྱིད་པར་འདུག”ཅེས་ཁོང་ལ་ལེ་བདའ་བྱས་པ་དེས་འཇིག་རྟེན་པ་རྣམས་ཀྱི་མི་ཚེའི་དམིགས་ཡུལ་ནི་རང་སྐྱིད་པ་དང༌། འཁོར་དང་ཉེ་ཚན་ལ་ཕན་པ། མི་ལ་ངོམ་ཆོག་པ་ཞིག་བྱེད་རྒྱུ་དེ་ཡིན། དེ་ཡང༌། རྩོམ་རིག་གི་མཐར་ཐུག་དམིགས་ཡུལ་ནི་མི་ལ་སློབ་གསོ་གཏོང་རྒྱུ་དེ་ཡིན་པས། དེ་ལྟ་བུའི་མི་ཚེའི་ལྟ་ཚུལ་ལ་དགག་པ་རྒྱག་རྒྱུ་ལས་དར་སྤེལ་བྱ་ཡུལ་མིན་ཞིང༌། གནའ་རྩོམ་ལས་དེ་དག་འབུར་ཐོན་གྱིས་མཚོན་མེད། ངག་རྩོམ་རྣམས་ནི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་ཉིང་བཅུད་ཡིན་པས། མང་ཚོགས་རྣམས་ཀྱི་སེམས་ཀྱི་དྲན་ཚུལ་ཁོ་ན་སྟེ་རང་ཉིད་སྐྱིད་པ་དང༌། གཉེན་ཉེ་དུ་ལ་ཕན་པ་སྒྲུབ་པའི་རྨང་གཞིའི་སྟེང༌། ཡར་དཀོན་མཆོག་ལ་མཆོད་པ་དང༌། མར་ངན་སློང་ལ་སྦྱིན་པ་གཏོང་རྒྱུ་དེ་ཡིན། དེང་རབས་རྩོམ་རིག་ལས་མངོན་པའི་མི་ཚེའི་ལྟ་བ་གཙོ་བོ་ནི་འཚོ་གནས་ཀྱི་ཆེད་དུ་འབད་རྩོལ་བྱེད་དགོས་པ་དེ་ཡིན་ཅིང༌། ལ་ལ་ཞིག་གིས་མི་སྒེར་གྱི་འཚོ་གནས་ཀྱི་ཆེད་དུ་གཞན་མགོ་སྐོར་བ་སོགས་བྱེད་ཅིང༌། ལ་ལ་ཞིག་གིས་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རང་ཉིད་བློས་གཏོང་བར་བྱེད། དེས་ན་བོད་གངས་ཅན་ནི་གནའ་ནས་བཟུང“ཕོ་བྱུང་ཚད་འཕགས་པའི་དགེ་བསྙེན་དང༌། མོ་བྱུང་ཚད་ཆོས་ཀྱི་ལྷ་མོར་གྱུར་པས། བྱིས་པ་ལོ་གསུམ་གྱི་དུས་ནས་ཨ་མ་དང་མ་ཎི་མཉམ་དུ་ཟློས་པའི་བསྟན་པ་ལ་མ་ཞུགས་པའི་གང་ཟག་མེད་ལ། དཀོན་མཆོག་ལ་མི་དད་པའི་གྲུབ་མཐའ་མེད”.ཅེས་པ་ནི་སྒྲོ་འདོགས་ཤིག་ག་ལ་ཡིན། དེ་བས་མ་བརྟགས་གྱ་ཚོམ་དུ་གནའ་རབས་རྩོམ་རིག་ནི་འཚོ་བ་དངོས་དང་མི་མཐུན་ཞེ་ན་གནས་ལུགས་དང་འགལ་ཡོད་མོད། འོན་ཀྱང༌། བསམ་བློ་དེ་དག་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་རྡོ་རེད་ཅེས་སྨྲ་བ་ནི་དོན་དང་མཐུན་ཏེ། ཆོས་དང་འཇིག་རྟེན་གཉིས་ཚ་གྲང་ལྟར་འགལ་བས། ཆོས་འཇིག་རྟེན་གཉིས་ཀ་འཁྱོངས་པ་ཞིག་གཏན་ནས་མི་སྲིད། དེས་ན་བོད་མི་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་དང༌། མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ། མཛེས་དཔྱོད་ཀྱི་ལྟ་ཚུལ་སོགས་མི་འདྲ་བའི་དབང་གིས་མཐའ་གཅིག་ཏུ་སྲོལ་རྒྱུན་གྱི་ལྟ་བ་དང་བསྟུན་དགོས་པའི་ངེས་པ་མེད་ལ། མཐའ་གཅིག་ཏུ་དེང་རབས་ཀྱི་ལྟ་བ་དང་བསྟུན་དགོས་པའི་ངེས་པ་དེ་བས་ཀྱང་མེད་གལ་ཏེ་ལྟ་བ་གཅིག་ལས་དོན་དུ་གཉེར་མི་ཆོག་ན། ཀློག་པ་པོ་རྣམས་ཀྱི་རེ་བ་སྐོང་མི་ཐུབ་ལ། “མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཅེས་པའང་ཁ་སྟོང་ནང་གི་ཚིག་སྟོང་དུ་མི་འགྱུར་བ་ག་ལ་སྲིད། དེང་རབས་རྩོམ་རིག་གི་མི་རིགས་སམ། རྒྱལ་ཁབ་བམ། མིའི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་བྱ་དགོས་པའི་འདོད་ཚུལ་དེ་བླང་བྱ་ཡིན་ལ། གནའ་རབས་རྩོམ་རིག་གི་མར་གྱུར་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བསྒོམ་དགོས་པའི་ལྟ་བ་དེའང་དར་སྤེལ་བྱ་འོས། དེར་མ་ཟད་ད་ལྟའི་འགྲན་རྩོད་ཀྱི་སྤྱི་ཚོགས་སུ་མི་མང་ཆེ་བའི་འདོད་བློ་ནི་འཚོ་གནས་ཡིན་ཅིང༌། འཚོ་གནས་ནི་འཇིག་རྟེན་པ་ཞིག་ལ་མཚོན་ན་ཆེས་ཐོག་མའི་ཆ་རྐྱེན་ཡིན་པ་དང༌། ཆ་རྐྱེན་འདི་མེད་ན་མི་རིགས་དང་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབ་མི་ནུས། ཡིན་ནའང༌། འཚོ་གནས་ཀྱི་ཆེད་དུ་མ་མཐའ་ཡང་མི་ཆོས་ཀུན་སྤྱོད་དང་རྒྱབ་འགལ་བྱ་མི་རུང་བར་མ་ཟད། རང་དབང་དང་འགྲིག་མཐུན། ཡ་རབས་སྤྱོད་བཟང་གི་ཕྱོགས་ལ་སློབ་གསོ་གཏོང་བ་ནི་དེང་རབས་རྩོམ་རིག་གི་འོས་འགན་ཡིན་པ་ལས། གནའ་བོའི་གོམས་སྲོལ་ཐམས་ཅད་ལ་དགག་པ་རྒྱག་པ་ནི་མིས་འཕྱ་ཁྱིས་སྨོད་ཀྱི་གནས་ཡིན་ནོ།།