དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ་གླེང་བ་》ཞེས་པ་དང་འབྲེལ་བའི་གཏམ།

-དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས་མཆོག་ལ་བཅར་འདྲི་ཞུས་པ།

སྤེལ་དུས 2020-02-04 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། གདུགས་དཀར་ཚེ་རིང་།
[ནང་དོན་གནད་བསྡུས།]འདིར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས་མཆོག་ལ་ཁོང་གིས་བསྒྲིགས་གནང་བའི་《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ》ཞེས་པའི་སྐོར་ལ་བཅར་འདྲི་ཞུས་ནས། མངོན་བརྗོད་ཀྱི་བྱུང་འཕེལ་དང་བཀོལ་སྟངས། ཁྱད་ཆོས། དགོས་པ་བཅས་དང་འབྲེལ་ཏེ་མངོན་བརྗོད་ཤེས་པའི་ཕན་ཡོན་སོགས་ཀྱི་སྐོར་གླེང་ཡོད།
[བརྡ་ཆད་གཙོ་བོ།] མངོན་བརྗོད། ཚིག་སྦྱོར། སྙན་ཆ། བརྗོད་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]H214[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)02-131 -05   
        དེ་ཡང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས་མཆོག་གི་ལོ་རྒྱུས་ཅུང་ཞིབ་ཙམ་ཞིག་ཁོ་བོས་༢༠༡༧ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་བཞི་པའི་ཐོག་བཀོད་ཟིན་པས་འདིར་བསྐྱར་གླེང་མི་བྱ་ཞིང་། གཤམ་ལ་ཁོ་བོས་དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས་མཆོག་གིས་མཛད་པའི་《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ་》ཞེས་པའི་སྐོར་དང་འབྲེལ་བའི་གནད་དོན་འགའ་ཞིག་ཐད་ཁོང་ལ་བཅའ་འདྲི་ཞུས་ཡོད་པ་འདི་ལྟ་སྟེ།   
        བཅར་འདྲི་བ། དགེ་རྒན་དཔའ་རིས་སངས་རྒྱས་ལགས། སྐུ་བདེ་མོ། དེ་རིང་ང་ཁྱེད་ཀྱི་སྐུ་མདུན་དུ་བཅར་ནས་མངོན་བརྗོད་སྐོར་གྱི་དྲི་བ་འགའ་ཡོད། ཐོག་མར་ཁྱེད་ཀྱིས་《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ་》ཟེར་བའི་དེབ་འདི་བསྒྲིགས་གནང་བའི་ཀུན་སློང་ཅི་ཡིན་གསུང་རོགས་གནང་།  
        དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས། ཨོ་རེད། ཁྱོད་བདེ་མོ། ངས་ཐོག་མར་《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ་》བསྒྲིགས་པའི་ཀུན་སློང་ནི། ང་ཆོའི་ནུབ་བྱང་མི་རིགས་སློབ་གླིང་འདི་“རིག་གནས་གསར་བརྗེ་ཆེན་པོ་”ཡི་རྗེས་སུ་སླར་ཚུགས་པའི་སྐབས་བོད་ཀྱི་དངོས་གཞིའི་སློབ་མ་རྣམས་ལ་རྟོགས་བརྗོད་དང་སྙན་ངག་སོགས་འཁྲིད་ཀྱིན་ཡོད། སྐབས་དེའི་སློབ་མ་རྣམས་ནི་དེང་སང་དང་བསྡུར་ན་བོད་ཡིག་གི་ཆུ་ཚད་བཟང་། འོན་ཀྱང་དུས་སྐབས་དེའི་བསླབ་དེབ་ཀྱི་ནང་དུ་མངོན་བརྗོད་མང་བས་སློབ་མ་རྣམས་ལྟ་ཅི། དགེ་རྒན་རྣམས་ཀྱིས་ཀྱང་གོ་དཀའ། དེ་བས་དགེ་རྒན་མང་པོ་ཞིག་ནམ་རྒྱུན་ཁོ་བོའི་སར་ཡོང་ནས་མངོན་བརྗོད་ཀྱི་སྐོར་ལ་དྲི་བ་མང་དུ་སྐུལ། ངས་ཀྱང་རང་ཉིད་ཀྱི་ཤེས་ཚོད་ལྟར་ཁོ་ཚོར་ལན་བཏབ་པ་ཡིན། མངོན་བརྗོད་ལ་ལ་ཞིག་ང་རང་ཉིད་ཀྱིས་ཀྱང་ནང་དོན་མི་གོ   
        དེའི་འཕྲོར་ང་ཆོའི་བོད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་མང་པོ་མཉམ་དུ་འཚོགས་ནས་སློབ་ཁྲིད་ཀྱི་སྐབས་སུ་མངོན་བརྗོད་ཀྱི་ཕྱོགས་ནས་དཀའ་ཁག་ཆེ་ཚུལ་བགྲོ་གླེང་བྱས་མཐར། ཚང་མས་མངོན་བརྗོད་སྐོར་གྱི་དེབ་ཅིག་བསྒྲིག་པར་འཐད། དེ་ནས་བཟུང་དགེ་རྒན་ཚང་མས་མངོན་བརྗོད་སྐོར་གྱི་དཔེ་ཆ་བཙལ་ཏེ་ཀ་མད་ལྟར་བྱང་བུར་བྲིས་ནས་གོ་རིམ་བསྒྲིགས་པས་མངོན་བརྗོད་མང་པོ་རྙེད། རྗེས་སུ་དེ་དག་གི་འགྲེལ་པ་འབྲི་དུས་དགེ་རྒན་རྣམས་ང་ལ་རེ་བ་ཧ་ཅང་ཆེ་བས། ངས་ལས་འགན་དེ་དང་དུ་བླངས་ནས་ལོ་ངོ་དུ་མར་འགྲེལ་པ་བྲིས་པ་ཡིན། སྐབས་དེར་ཤིན་ཏུ་གོ་དཀའ་བ་དག་རང་རེའི་སློབ་གྲྭའི་སློབ་དཔོན་ཚེ་ཏན་ཞབས་དྲུང་མཆོག་ལ་བཀའ་འདྲི་ཞུས་པས་ཁུངས་ཡང་དག་པ་མང་པོ་རྙེད། ལོ་འགའི་རྗེས་སུ་ཕལ་ཆེར་འགྲུབ་ལ་ཉེ་དུས་མ་དཔེ་ཡང་བསྐྱར་ཁོང་ལ་ཕུལ་ནས་དག་བཅོས་མཛད། རྗེས་ནས་མ་དཔེ་ལེན་དུ་འགྲོ་དུས་ཁོང་གིས་ང་ལ། “ཧོ་ཝུན་ཞོན་(贺文宣)དང་ཁྱོད་གཉིས་ཧ་ཅང་འདྲ། ཧོ་ཝུན་ཞོན་གྱིས་ཀྱང་ཉིན་འགའི་སྔོན་ལ་ཆོས་ཀྱི་རྣམ་གྲངས་འདི་འདྲ་མཐུག་པོ་ཞིག་ཁྱེར་ནས་ཡོང་། ཁྱོད་ཚོས་དེབ་སྲབ་མོ་དང་གོ་བདེ་ཞིག་བྲིས་དང་སློབ་མ་རྣམས་ལ་ཕན་ཐོགས་ཆེ།  འདི་འདྲ་མཐུག་པོ་བྲིས་ནས་དུས་ཚོད་འཕྲོ་བརླག་མ་གཏོང་”གསུངས།   
        བཅར་འདྲི་བ། འོ་ན་ཅིའི་ཕྱིར་དེབ་འདི་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་གཞི་ནས་དཔར་སྐྲུན་ཐུབ་པ་བྱུང་བ་ཡིན་ལགས།   
        དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས། གོང་ནས་བཤད་ཟིན་པ་ལྟར། སྐབས་དེར་ངེད་ནི་དཔེ་ཁྲིད་དང་སློབ་ཁྲིད་དོ་དམ། ད་དུང་གྲངས་ཉུང་མི་རིགས་སྡེ་ཁག་ཅེས་པའི་ང་ཚོའི་སྡེ་ཁག་གི་ཀྲུའུ་རེན་གྱི་འགན་ཁུར་ནས་བོད་དང་སོག་པོའི་དགེ་སློབ་ཚང་མར་ལྟ་སྐྱོང་བྱེད་དགོས་པས། ལས་འགན་ཧ་ཅང་ལྕི། དེ་བས་དུས་སྐབས་དེར་དཔེ་ཆ་དཔར་མ་ཐུབ་ཀྱང་མི་འགྱང་བར་དཔར་རྒྱུའི་ནང་དོན་ཁག་སློབ་ཁྲིད་བྱས་པས་ཕན་ཅུང་ཙམ་ཐོགས་སོང་། ཡིན་ཡང་མུ་མཐུད་ནས་དཔེ་ཁྲིད་གྲ་སྒྲིག་དང་བསླབ་དེབ་རྩོམ་སྒྲིག་གི་ལས་ཀའི་ཞོར་དུ་ཁོམ་པ་ཡོད་སྐབས་མངོན་བརྗོད་བསྒྲིགས་ཏེ་མ་བསྐྱུར། སྤྱི་ལོ་༡༩༩༦ལོར་ང་ལས་ཟུར་དུ་བུད་པ་དང་བསྟུན་སྔོན་ཆད་ཀྱི་དགེ་གྲོགས་སྐོར་ཞིག་གིས་ཡང་བསྐྱར་རེ་བ་དང་སྐུལ་མ་བྱས་པས། མུ་མཐུད་ནས་དེབ་འདིའི་འཕྲོས་རྣམས་བསྒྲིགས་པ་ཡིན། སྐབས་དེར་ང་སླར་ཡང་གདན་དྲངས་པ་ལྟར་ཞིབ་འཇུག་འཛིན་གྲྭར་དཔེ་ཁྲིད་བྱེད་དགོས་པས་ཡང་བྲེལ་བ་ཧ་ཅང་ཆེ།  ཡིན་ཡང་བློ་གཅིག་སེམས་གཅིག་གིས་སྔོན་དུས་ཀྱི་རིག་བྱེད་ཀྱི་དཔེ་ཆ་དང་སྐར་རྩིས་ཀྱི་གཞུང་མང་པོར་བལྟས་པས། མངོན་བརྗོད་ཀྱི་ཁུངས་སྐོར་ཞིག་གསར་དུ་རྙེད་པ་མ་ཟད། ད་དུང་སྨན་གཞུང་《ཤེལ་གོང་ཤེལ་ཕྲེང་》སོགས་ཀྱི་ནང་ནས་ཀྱང་མངོན་བརྗོད་མང་པོ་རྙེད།   
        མངོན་བརྗོད་ལ་ལ་ནི་ལོ་གསུམ་གྱི་རིང་ལ་འགྲེལ་མ་ཐུབ་པ་ཡང་ཡོད། དཔེ་ཆའི་ནང་ནས་མ་རྙེད་པ་ཁག་ཆེད་དུ་བླ་བྲང་བཀྲ་ཤིས་འཁྱིལ་ལ་སོང་ནས་སྔོན་ཆད་ཀྱི་རང་རེའི་སློབ་གྲྭའི་དགེ་བཤེས་དཀོན་མཆོག་ཚེ་བརྟན་དང་ལྷན་དུ་དགེ་བའི་བཤེས་གཉེན་དག་ལ་བཀའ་འདྲི་ཞུས་པ་ཡིན། ལོ་ངོ་མང་པོར་མངོན་བརྗོད་སྒྲིག་པའི་ནང་ནས་དཀའ་ངལ་ཆེས་ཆེ་བ་ཞིག་འཕྲད་པ་ནི་ཐུགས་རྗེ་ཆེན་པོ་ལ་བུ་མོ་དགྱེས་ཟེར་བ་འདི་ཡིན། མངོན་བརྗོད་འདི་མ་ཤེས་པར་ལོ་མང་པོ་འགོར། ཐོག་མར་ངས་མངོན་བརྗོད་འདི་ཁ་བཙོག་ཅིག་དང་འབྲེལ་བ་ཡོད་པར་བསམས། ཡིན་ཡང་དེ་འདྲ་ཞིག་མ་རྙེད། རྗེས་ནས་སྒྲོལ་མའི་རྣམ་ཐར་ཞིག་ལས་འཕགས་པ་ཐུགས་རྗེ་ཆེན་པོས་བོད་མི་རིགས་ལེགས་པའི་ལམ་ལ་བསྐུལ་བ་ལས་བོད་སྔ་མ་རྣམས་ལ་ཕན་ཀྱང་ཕྱི་མ་རྣམས་ལ་མ་ཕན་སྟབས་ཐུགས་ཤིན་ཏུ་སྐྱོ་ནས་སྤྱན་ཆབ་གཉིས་ཕྱུང་། སྤྱན་ཆབ་དེ་གཉིས་དེ་མ་ཐག་གཅིག་ནི་སྒྲོལ་མར་སྤྲུལ་བ་དང་ཅིག་ཤོས་ནི་རྣམ་རྒྱལ་མར་སྤྲུལ། སྤྲུལ་པ་དེ་གཉིས་ཀྱིས་འཕགས་པ་ཐུགས་རྗེ་ཆེན་པོར་རོགས་དན་མཛད་ནས་བོད་གངས་ཅན་གྱི་མི་རྣམས་ལེགས་པའི་ལམ་དུ་དྲངས་པས་ཐུགས་རྗེ་ཆེན་པོ་བུ་མོ་དེ་གཉིས་ལ་ཤིན་ཏུ་དགྱེས་པས། བུ་མོ་དགྱེས་ཞེས་གྲགས་པ་ཡིན་པ་རྟོགས་བྱུང་།   
        བཅར་འདྲི་བ། མངོན་བརྗོད་ཤེས་ནས་བྲིས་པ་དང་མ་ཤེས་པར་བྲིས་པའི་རྩོམ་དབར་ཁྱད་པར་གང་ཡོད་དམ།   དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས། དེ་ཧ་ཅང་མངོན་གསལ་རེད། མངོན་བརྗོད་ཤེས་ནས་བྲིས་པ་ནི་ཚིག་གི་སྡེབ་ལེགས་ཞིང་རྣ་བར་སྙན་པ། ཉན་སྤྲོ་བ། སྐྱོར་བདེ་བ། དོན་མཚར་བ་སོགས་ཀྱི་ཁྱད་ཆོས་མང་། མངོན་བརྗོད་མ་ཤེས་པར་བྲིས་ན་ནི་དེ་ལས་ལྡོག ང་ཚོརང་ཉིད་ལ་དཔེ་བླངས་ནས་བཤད་ནའང་དེ་འདྲ་རང་རེད། སྔོན་བྱོན་གྱི་མཁས་པས་མཛད་པའི་བསྟོད་པ་སོགས་མངོན་བརྗོད་དང་ཚིག་རྒྱན་མང་པོ་བཀོལ་ཡོད་པ་རྣམས་བཀླག་པའི་ཚེན་མཚམས་མ་བཞག་པར་བསྟུད་མར་ཀློག་འདོད་བྱུང་བ་ནི་གཙོ་བོ་སྙན་ཆ་དང་དོན་ཕྱུག་པས་ཡིན། དེང་སང་སྐོར་ཞིག་གིས་བརྡ་སྤྲོད་དང་སྙན་ངག་མངོན་བརྗོད་སོགས་མ་སྦྱངས་བར་གང་བྱུང་དུ་རྩོམ་འབྲི་བཞིན་པ་ལ་ལྟོས་དང་། དེ་དག་ནི་གཅིག་དོན་མི་གསལ། གཉིས་སྡེབ་མི་ལེགས། གསུམ་སྙན་ཆ་མེད།     
        བཅར་འདྲི་བ། བོད་དམངས་བྱིངས་ཀྱི་ཕལ་སྐད་ནང་དུ་མངོན་བརྗོད་ཡོད་དམ་མེད།   
        དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས། དེང་སང་མི་ལ་ལས་མངོན་བརྗོད་ནི་ལེགས་སྦྱར་ལས་བོད་ལ་དྲངས་པ་ཤ་སྟག་རེད་ཟེར། དེ་ལ་ང་རང་མི་འཐད། ལེགས་སྦྱར་གྱི་མངོན་བརྗོད་བོད་ལ་མ་དྲངས་སྔོན་ང་ཚོ་བོད་ཀྱི་དམངས་བྱིངས་ཀྱི་ཕལ་སྐད་ནང་དུ་མངོན་བརྗོད་མང་པོ་མེད་མོད། འོན་ཀྱང་ཉུང་ཤས་ཡོད་དེ། དཔེར་ན། སྔོན་ཆད་ཀྱི་འབྲོག་པ་གནའ་མི་དག་གིས་གླ་རྩི་ལ་རི་དྭགས་ལྟེ་བ་དང་རྟ་ལ་མགྱོགས་པ། སྤྱང་ཀི་ལ་གཡོ་སྲུང་། ལྦ་ལ་གཡོ་སྒྱུ་ཅན། ལུག་ལ་འབའ་འབའ། ར་མ་ལ་ཚེ་ཚེ། ཕག་ལ་ལོ་ལོ་ཅོ། རླུང་ལ་སྐྱི་བསེར། ནམ་མཁའ་ལ་སྔོ་བསངས་མ་ཟེར་བ་སོགས་ལྟ་བུ་ཡིན།   
        བཅར་འདྲི་བ། མངོན་བརྗོད་ཤེས་ན་ཕན་པ་ཅི་ཞིག་ཡོད་པའི་སྐོར་གསུང་རོགས།   
        དགེ་རྒན་ཆེ་མོ་བ་དཔའ་རིས་སངས་རྒྱས། དྲི་བ་འདི་ཧ་ཅང་ལེགས་པོ་རེད། ངས་《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ་》ཞེས་པའི་དེབ་ཀྱི་མགོར་གསལ་པོ་ཞིག་བྲིས་ཡོད། འོན་ཀྱང་དེ་རིང་མདོར་བསྡུས་ཤིག་བཤད་ན། སྤྱིར་རིག་གནས་གང་ཡིན་རུང་ཐོག་མར་དེའི་ཕན་ཡོན་ཤེས་ན་རིག་གནས་དེ་སློབ་འདོད་སྐྱེ། དེ་བཞིན་མངོན་བརྗོད་ཀྱི་ཕན་ཡོན་ཤེས་ན་མངོན་བརྗོད་དོན་གཉེར་དང་སློབ་འདོད་སྐྱེ་ཐུབ། རང་རེ་བོད་ལ་མངོན་བརྗོད་ཤིན་ཏུ་མང་། དཔེར་ན། སོས་ཀའི་སྤང་ལྗོངས་ལ་མེ་ཏོག་སྣ་བརྒྱས་བརྒྱན་པ་ལྟ་བུ་འདུག དེང་གི་གཞོན་ནུ་རྣམས་ཀྱིས་མངོན་བརྗོད་ལེགས་པར་སྦྱངས་ན་ཤེས་རབ་སྐྱེད་པ་དང་དཔེ་རྙིང་ཀློག་བདེ་བ། རྩོམ་དུ་འཇུག་མཁས་པ། མིང་གསར་པ་འདོགས་ཤེས་པ་སོགས་ཀྱི་ཕན་ཡོན་མང་། དེ་རིང་འདིར་དོན་ཚན་ལྔ་བཤད་རྒྱུ་ལས། དང་པོ། མངོན་བརྗོད་ཤེས་ན་བློ་སྒོ་འབྱེད་པའི་ལྡེ་མིག་ཁོང་དུ་ཆུད་པ་ཡིན། དེ་ནི་མངོན་བརྗོད་མང་པོ་ཞིག་ལོ་རྒྱུས་དང་གཏམ་རྒྱུད་ཀྱི་རང་བཞིན་ལྡན་པའི་ཞུན་ཐིགས་དང་ཤེས་རབ་ཀྱི་མེ་སྟག་ཡིན་པས་སོ། དེ་རྣམས་ཀྱི་གནས་ལུགས་ལེགས་པར་རྟོགས་ན། བློ་ཁ་འབྱེད་པ་དང་རིག་པ་གསར་པ་རྙེད་པར་འགྱུར་ལ། དཔེར་བརྗོད་ཅིག་བཞག་ན་འདི་ལྟ་སྟེ། རྒྱ་མཚོ་ལ་དུད་འགྲོ་བྱིངས་ཞེས་པ་ལྟ་བུ། འདིའི་བྱིངས་ནི་རྩ་བ་སྟེ། དུད་འགྲོའི་ཐོག་མའི་འབྱུང་གཞིའམ་འབྱུང་ཁུངས་ནི་རྒྱ་མཚོ་ཡིན། དེ་ནས་རིམ་གྱིས་སྐམ་མཚོ་གཉིས་ལ་གནས་པ་དང་། སྐམ་ས་ལ་གནས་པའི་སེམས་ཅན་གྱི་བྱུང་རབས་བསྟན་པ་ཡིན་པ་དང་། ཡང་མི་ལ་ཡིད་ལས་སྐྱེས་ཞེས་པའི་མི་ནི་ཐོག་མ་རི་དྭགས་དང་འདྲ་ཡང་། ཡིད་ཀྱི་ཤེས་པ་རྣམ་པར་ཕྱེ་ནས་སེམས་ཅན་ཀུན་ལས་མཆོག་ཏུ་གྱུར་ཏེ། སྨྲ་ཤེས་ཤིང་དོན་གོ་བ། ལོངས་སྤྱོད་སྐྲུན་ནུས་པའི་ལོ་རྒྱུས་བསྟན། དེ་བཞིན་སྡིག་པ་ར་ཙ་ལ་སྣུམ་གྱིས་ཉམས་པར་བྱེད་པས་སྣུམ་ཉམས་ཟེར་བ་དང་།  དུ་བས་བདུགས་ན་འཆི་བར་འགྱུར་བས། དུ་བས་འཆི་ཞེས་གྲགས། གཉིས་པ། མངོན་བརྗོད་ལ་ཤེས་བྱ་བློར་འཛིན་བདེ་བའི་ཁྱད་ཆོས་ལྡན་པ། དངོས་མིང་ནི་མིང་ཅན་སྟོན་བྱེད་ཡིན་མོད། མིང་ཅན་གང་དང་འབྲེལ་བའི་དོན་གཞན་སྟོན་རྒྱུ་མེད། མངོན་བརྗོད་ནི་མིང་ཅན་གྱི་རང་བཞིན་ནམ། ཁྱད་ཆོས་སམ། སྤྱོད་པའམ། ཕན་ཡོན་ནམ། གནོད་འཚེ་ལ་སོགས་པ་མཚོན་ནུས་པ་ཞིག་ཡིན་པས། མངོན་བརྗོད་བསྟེན་ན་ཤེས་པར་བྱ་བ་གང་ཅི་བློ་ལ་འཛིན་བདེ་བ་གཟུངས་ཀྱི་སྟོབས་ལྟ་བུར་གྱུར་པ་མ་ཟད། ལེགས་ཉེས་བླང་དོར་མི་རྨོངས་པ་དང་ལག་ལེན་བཅས་ལ་ཕན་ཐོགས་ཆེ། དཔེར་ན། དོམ་མཁྲིས་ལ་རྩ་ཁ་སྡོམ་པའི་ནུས་པ་དང་ལྡན་པས་རྩ་སྡོམ་ཤུགས་ཆེན་ཟེར། མིང་འདིའི་བྱེད་ལས་ཤེས་པ་དང་གཤག་བཅོས་སུ་དོམ་མཁྲིས་བཀོལ་ན་ཕན་ཐོགས་ཆེ། ད་དུང་ཡང་སྤྱང་ཀི་ལ་གཡོ་སྲུང་ཟེར་དོན་ནི། ར་ལུག་སོགས་སྤྱང་ཚང་གི་ཁར་སོང་ན་མི་འཛིན་ཏེ། བཟུང་ན་མིས་ཤེས་ནས་རང་གི་ཕྲུ་གུ་ལ་གནོད་པར་དོགས་ཏེ་གཡོ་ཐབས་ཀྱིས་སྲུང་བར་བྱེད་པས་ཡིན། དབར་རྩྭ་དགུན་འབུ་ལ་རྩྭ་ད་བྱིད་ཅེས་པ་འདི་ཡང་སྨན་དུ་སྲོག་ཆགས་ད་བྱིད་ཀྱི་ནུས་པ་དང་ལྡན་པས་ཡིན། རོ་ཙ་དང་མཁལ་མའི་ནད་སོགས་གསོ་བའི་སྨན་ཆེན་ཡིན། གསུམ་པ། དོན་ཁྱད་པར་ཅན་སྟོན་པའི་ནུས་པ་ལྡན་པ། མངོན་བརྗོད་ཀྱང་རྗེས་གྲུབ་ཀྱི་མིང་ཡིན། དངོས་མིང་མིན་གྱི་བཏགས་མིང་ཡིན། བཏགས་མིང་འདི་རིགས་མིང་གི་རྣམ་གྲངས་ཡིན་པས་མེད་ན་མི་ཆོག་པ་མིན་ཡངཡཡོད་ན་དོན་གྱི་ངོ་བོ་ཙམ་སྟོན་པའི་ཤུལ་དུ་ཉམས་མཚོན་པར་ཚིག་རྒྱན་གྱི་ནུས་པ་དང་། རོ་བྲོ་བར་དོན་གཞན་འདྲེན་པའི་ནུས་པ་དང་། བརྗོད་བདེ་བར་སྒྲ་མང་ཉུང་ཇི་ཙམ་འཇུག་པར་དབང་འབྱོར་བའི་ནུས་པ་དང་། ཟློས་སྐྱོན་སེལ་བར་རྣམ་གྲངས་བརྗེ་བའི་ནུས་པ་བཅས་ཅི་རིགས་འབྱུང་བ་ཡིན། དཔེར་ན། ནམ་མཁའ་ལ་ཀུན་གསལ་བུ་མོ་ཞེ་ན། གནམ་དྭངས་པའི་ཁྱད་ཆོས་མཚོན་པ་མ་ཟད། གཟུགས་ཅན་གྱི་རྒྱན་ཡང་ལྡན། ཁྱི་ལ་ཁྱིམ་སྲུང་ནོར་བུ་ཞེ་ན། དགའ་བའི་ཉམས་དང་ལྡན་པ་མ་ཟད། རབ་བཏགས་ཀྱི་རྒྱན་ཡང་ལྡན་པ་ལྟ་བུའོ། བཞི་པ། ཚིག་མཛེས་པར་བྱེད་པའི་ནུས་པ་ལྡན་པ། མངོན་བརྗོད་ལ་རྣམ་གྲངས་མང་བ་དང་ངོ་མཚར་ཆེ་བ། གོ་རྒྱུ་མང་བ། བསྲིང་བསྐུམ་བདེ་བ། མིང་གཅིག་དོན་མང་། དོན་གཅིག་མིང་མང་ལ་འཇུག་པའི་ཁྱད་ཆོས་ལྡན་པས། ཚིག་ཕྲེང་སྤེལ་བར་མང་ཉུང་རན་ཚོད་དང་། བརྗོད་བྱ་ཇི་བཞིན་འཇུག་པ་ལ་མཁས་ན། བརྗོད་བདེ་ལ་ངག་སྙན་པ། དོན་གསལ་ཞིང་བཅུད་ཆེ་བ་རྩལ་དུ་ཐོན་པ། ནམ་མཁའ་དཔེར་མཚོན་ན། གནམ་ངོ་དྭངས་ཤིང་སྤྲིན་མེད་པ་ལ་ཀུན་གསལ་ཞེས་དང་། ཆར་པ་བབས་ཤུལ་གྱི་ནམ་མཁའ་གཡའ་དག་པའམ། མཚན་མོར་གནམ་ངོ་གཡུ་མདངས་བ་ལ་སྔོ་བསངས་ཞེས་པ་དང་། དགོང་མོ་གནམ་ཐང་ཡག་ཡིན་པ་ལ་རྒྱུ་སྐར་ལམ་ཞེས་དང་། གནམ་གྲུར་བསྡད་ནས་ནམ་མཁར་འཕུར་ཅིང་བག་ཡངས་པ་ལ་ལྷ་ལམ་མམ་བྱ་ལམ་ཞེས་དང་། ནམ་མཁར་སྤྲིན་འཁྲིགས་པ་ལ་སྤྲིན་ལམ་མམ་ཆུ་མཐོངས་ཞེས་པ་ལྟར་སྦྱར་ན། གནས་སྐབས་དེའི་ནམ་མཁའ་ཇི་འདྲ་ཡིན་པ་མངོན་བརྗོད་རང་ལས་གསལ་བར་སྣང་བས། གསལ་འདེབས་བྱ་བའི་དགོས་པ་མེད་ལ། ཚིག་ཀྱང་བརྗིད་པ་ཉིད་དུ་གྲུབ་བོ། ལྔ་པ། གང་མིང་གསར་དུ་འདོགས་པར་དཔེ་འདྲེན་པའི་ནུས་པ་ལྡན་པ། དེང་སང་ཚན་རིག་ལག་རྩལ་གྱི་འཕེལ་སྟོབས་ཆེ་བས། ལས་རིགས་སྣ་ཚོགས་སུ་དངོས་པོ་གསར་པ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་ཡོད། བུ་སྐྱེས་པ་ལ་མིང་ཞེས་པ་ལྟར། དེ་རྣམས་ལ་མིང་རེ་མ་བཏགས་ན་འབོད་རྒྱུ་མི་ཆུད། མིང་བཏགས་པ་མ་འོས་ན་བརྗོད་པ་མི་བདེ། གཞན་གྱིས་གོ་དཀའ། མིང་གདགས་པར་དཔེ་བལྟ་ས་བཟང་པོ་ཞིག་ནི་མངོན་བརྗོད་ཡིན། དཔེར་ན། རྟེན་འབྲེལ་གྱི་སྒོ་ནས། ཉི་མ་ལ་པད་མའི་གཉེན་ཞེས་པ། དཔེ་ཡི་སྒོ་ནས། སྒྲོན་མེ་ལ་ཁྱིམ་གྱི་ནོར་བུ་ཞེས་པ། དེ་བཞིན། ནུས་པའི་སྒོ་ནས། རླངས་འཁོར་གྱི་ཁ་སྒྱུར་བྱེད་ལ་ཁ་སྐྱོག་ཅེས་པ་དང་། དམོད་པའི་སྒོ་ནས། འབྲོག་པས་སྤྱང་ཀི་ལ་ཁ་དམ་ཞེས་བཏགས་པ་ལྟ་བུ་སོགས་སོ། །