[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་གཙོ་བོར་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་གྱི་འཕེལ་རྒྱས་ལོ་རྒྱུས་གླེང་བ་དང་། དེ་ཡང་དུས་རིམ་གསུམ་དུ་བཀར་ཏེ། དུས་རིམ་སོ་སོར་བོད་ཡིག་ཆ་འཕྲིན་ལས་རྩལ་བཀོལ་སྤྱོད་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་འཐོབ་ཡོད་ཚུལ་དང་། དེ་བཞིན་དུས་རབས་གསར་པའི་ནང་བོད་ཡིག་ཆ་འཕྲིན་སྒྲིས་གཅོད་ལས་རྩལ་སྔར་བས་གནད་སྨིན་འཐུས་ཚང་ཡོང་ཆེད། ད་དུང་དཀའ་གནད་མང་པོ་ཞིག་སྒྲོལ་དགོས་ཚུལ་དང་། དེ་ལུགས་ཀྱི་མ་འོངས་པའི་འགན་འཁྲིའི་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོད་ཡིག་ཆ་འཕྲིན། ལག་རྩལ། གྲུབ་འབྲས། འགན་འཁྲི།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]TP391.1[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)03-001-09
བོད་ཡིག་ནི་གནའ་བོའི་ཡི་གེ་ཞིག་ཡིན་ཞིང་། བོད་ཡིག་གིས་བྲིས་པའི་གླེགས་བམ་ནི་རི་བོའི་གཏོས་དང་མཉམ། བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་བང་མཛོད་ཁྲོད་དུ་འོད་སྟོང་རབ་ཏུ་འབར་བའི་རིན་པོ་ཆེ་ཞིག་དང་མཚུངས། སློབ་དཔོན་ཐོན་མིས་བོད་ཡིག་གསར་གཏོད་མཛད་པ་ནས་ད་བར་བོད་ཡིག་ལ་བཀས་བཅད་ཆེན་པོ་ཐེངས་གསུམ་མཛད་པས། བོད་ཡིག་འདི་ཉིད་འབྲི་ཟོར་ཇེ་བདེ་ཇེ་ཡང་དང་། འཐུས་སྒོ་ཇེ་ཚང་དུ་སོང་ལ། ཚད་ལྡན་ཅན་དང་ཚགས་དམ་ཅན་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཇོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། དེ་དང་ཆབས་ཅིག་དབྱིན་ཐིར་དྲ་རྒྱས་མཚོན་པའི་ཆ་འཕྲིན་ལག་རྩལ་ལ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། རང་རྒྱལ་གྱིས་ཆ་འཕྲིན་གྱི་མཐོ་རླབས་དེ་འདྲར་བརྟེན་ནས་རང་མི་རིགས་ཀྱི་ཆ་འཕྲིན་ལག་རྩལ་གྱི་ལམ་བུ་ཞིག་གསར་དུ་བཏོད་པས། སྐབས་དེ་ཤེད་དུ་བོད་རིགས་ཚུད་པའི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་རྣམས་ཀྱིས་ཀྱང་ཆ་འཕྲིན་ལག་རྩལ་གྱི་ལམ་བུའི་ཐོག་ཏུ་གོམ་པ་སྤོ་འགོ་བརྩམས་པ་རེད། བོད་ཡིག་ཆ་འཕྲིན་ལག་རྩལ་གྱིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་བཅས་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་དང་འཐོན་བཞིན་ཡོད། འདིར་གཙོ་བོ་བོད་རང་སྐྱོང་ལྗོངས་སུ་བོད་ཡིག་ཆ་འཕྲིན་ལག་རྩལ་ཇི་ལྟར་འཕེལ་རྒྱས་དང་དེར་འཐོབ་པའི་གྲུབ་འབྲས་སྐོར་ཅུང་ཟད་བརྗོད་ན་འདི་ལྟར།
དང་པོ། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རིམ།
བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རིམ་ལ་ཕྱིར་མིག་བལྟས་ན། དེ་ནི་ཆ་འཕྲིན་ལག་རྩལ་ལ་ཉམས་ཞིབ་དང་སློབ་སྦྱོང་གཙོ་བོར་བྱེད་པའི་འགོ་འཛུགས་པའི་དུས་དང་། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་ཐོག་མའི་དུས། བོད་ཡིག་ཆ་འཕྲིན་ལག་རྩལ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་དུས་བཅས་དུས་རིམ་གསུམ་བརྒྱུད་ཡོད།
གཅིག ཉམས་ཞིབ་དང་སློབ་སྦྱོང་གཙོ་བོར་བྱེད་པའི་འགོ་འཛུགས་པའི་དུས།
བོད་ཡིག་ཆ་འཕྲིན་ལག་རྩལ་ཞེས་པ་ནི། གློག་རྡུལ་རྩིས་འཁོར་བཀོལ་ནས་བོད་ཡིག་གི་སྒྲ་དང་གཟུགས། དོན་སོགས་སྐད་ཡིག་གི་ཆ་འཕྲིན་ལ་ལས་སྣོན་དང་དབྱེ་ཞིབ་བྱས་པ་ལ་ཟེར་བ་དང་། འདིའི་ནང་དུ་ཡི་གེ་དང་མིང་། ཚིག བརྗོད་པ་སོགས་རྩིས་འཁོར་དུ་ནང་འདྲེན་དང་། དེ་ལས་ཕྱིར་ལེན་བྱས་ནས་བོད་ཡིག་ངོས་འཛིན་དང་བརྗེ་སྒྱུར། འཚོལ་བཤེར། དབྱེ་ཞིབ། རྒྱུས་ལོན་བྱེད་པ་སོགས་ཀྱི་ནང་དོན་འདུས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་མཇུག་ཏུ་བོད་ལྗོངས་སློབ་ཆེན་གྱིས་རང་ལྗོངས་སུ་ཆེས་ཐོག་མའི་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་མཉེན་ཆས་ཏེ། TCEཞེས་པ་བོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་སྒྲིག་གཅོད་མ་ལག་ཅིག་ཞིབ་འཇུག་གསར་སྤེལ་བྱས་པས། བོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་དུས་མཉམ་དུ་སྒྲིག་གཅོད་བྱ་རྒྱུ་བྱུང་བ་དང་སྦྲགས། ལག་རྩལ་དེ་ཉིད་བོད་ཡིག་གི་གཞུང་ཡིག་བཀོལ་སྤྱོད་དང་སློབ་དེབ་སྒྲིག་རྩོམ། ཡིག་རྙིང་ཞིབ་འཇུག་བསྡུ་སྒྲིག་བཅས་ཀྱི་ཁྱབ་ཁོངས་སུ་ཅུང་རྒྱ་ཆེར་བཀོལ་ཐུབ་པ་བྱུང་། དེ་མིན་རྒྱལ་ནང་དུའང་སྔ་ཕྱིར་བོད་ཡིག་སྐུལ་འོད་གཟུགས་ཕབ་མ་ལག་(激光照排系统)སོགས་རིམ་པ་མི་འདྲ་བའི་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་མ་ལག་གང་མང་ཞིག་གསར་སྤེལ་བྱས་ཡོད། འོན་ཀྱང་སྐབས་དེར་ད་དུང་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་ལྡན་གྱི་ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་གཅིག་གྱུར་གྱི་བོད་ཡིག་ཨང་སྒྲིག་ཡིག་ཚོགས་ཤིག་མེད་པས། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་མ་ལག་གི་ཁྲོད་དུ་རྒྱ་ཡིག་གི་ཨང་སྒྲིག་ལ་བརྟེན་པའམ་ཡང་ན་རང་བཟོས་བོད་ཡིག་ཨང་སྒྲིག་བཀོལ་རྐྱེན། མ་ལག་ཕན་ཚུན་དབར་ཆ་འཕྲིན་བརྗེ་རེས་དང་མཉམ་སྤྱོད་བྱ་ཐུབ་པ་བྱུང་མེད། གནས་ཚུལ་དེ་འདྲའི་འོག སྤྱི་ལོ་༡༩༩༤ལོ་ནས་བཟུང་རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་བོད་ལྗོངས་སློབ་ཆེན། བོད་རང་སྐྱོང་ལྗོངས་ལག་རྩལ་ལྟ་སྐུལ་ཅུད་སོགས་སློབ་ཆེན་དང་ཞིབ་འཇུག་ཚན་པ་ཁག་གིས་ཐུན་མོང་ཐོག་ནས་ISO/IEC 10646《ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་བོད་ཡིག་ཨང་སྒྲིག་ཡིག་ཚོགས་》ཞེས་པ་རྒྱལ་སྤྱིའི་ཚད་ལྡན་གྱི་འཆར་གཞི་ཞིག་ཞིབ་འཇུག་གཏན་འབེབས་བྱས་པ་མ་ཟད། སྔ་ཕྱི་ཐེངས་དྲུག་ཙམ་ ISO/IEC JTC1/SC2/WG2ཕྱོགས་ལ་དངོས་གཞིའི་གྲོས་གཞིར་འབུལ་སྒྲོན་ཞུས་ཡོད།① སྤྱི་ལོ་༡༩༩༧ལོའི་ཟླ་བདུན་པར། རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་འཛུགས་(ISO)ནས་རང་རྒྱལ་གྱིས་འབུལ་སྒྲོན་ཞུས་པའི་བོད་ཡིག་ཨང་སྒྲིག་རྒྱལ་སྤྱིའི་ཚད་ལྡན་གྱི་འཆར་གཞི་དེ་ཉིད་ISO/IEC 10646བོད་ཡིག་ཨང་སྒྲིག་རྒྱལ་སྤྱིའི་ཚད་ལྡན་དུ་གྱུར་བར་དངོས་སུ་ཁྱབ་བསྒྲགས་བྱས། ② སྤྱི་ལོ་༡༩༩༧ལོའི་ཟླ་བ་དགུ་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ལག་རྩལ་ལྟ་སྐུལ་ཅུད་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཚད་གཞི་GB16959–1997《ཆ་འཕྲིན་ལག་རྩལ་ལས་ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་བོད་ཡིག་ཨང་སྒྲིག་ཡིག་ཚོགས་ཏེ་རྩ་བའི་ཚོགས་》ཞེས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ་༡༩༩༨ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱ་འགོ་ཚུགས་པས། བོད་ཡིག་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཁྲོད་ནས་ཆེས་ཐོག་མར་ISO/IEC 10646ཚད་ལྡན་ཨང་སྒྲིག་གི་མ་ལག་གྲུབ་ཆའི་ཁོངས་སུ་ཚུད་པའི་ཡི་གེར་གྱུར།③ དེས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་དེ་དེང་རབས་ཅན་དང་འཛམ་གླིང་ལ་དངོས་སུ་ཁ་ཕྱོགས་པ་མཚོན་གྱི་ཡོད།
གཉིས། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་ཐོག་མའི་དུས།
སྤྱི་ལོ་༡༩༩༨ལོར། རང་ལྗོངས་ཀྱིས་ཐེངས་དང་པོར་རྒྱལ་ཁབ་ཚན་རྩལ་པུའུ་ཡི་“863”ལས་གཞི་སྟེ། གློག་རྡུལ་རྩིས་འཁོར་ཁྲོད་ཀྱི་བོད་ཡིག་གི་བཀོལ་སྤྱོད་རྒྱུད་ཁོངས་ཞིབ་འཇུག་གསར་སྤེལ་བྱེད་འགོ་བརྩམས། སྤྱི་ལོ་༢༠༠༤ལོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་《བོད་ཡིག་གི་མཉེན་ཆས་གསར་སྤེལ་དང་ཁྱབ་གདལ་གཏོང་བའི་ལས་གཞི་མཉམ་གཉེར་གྱི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་རེད། སྤྱི་ལོ་༢༠༠༥ལོར། རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་བོད་ཡིག་མཉེན་ཆས་གསར་སྤེལ་གྱི་ཆེད་དམིགས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་བཏང་སྟེ། བོད་ཡིག་གི་བཀོལ་སྤྱོད་རྒྱུད་ཁོངས་དང་། བོད་ཡིག་ནང་འདྲེན་བྱེད་ཐབས། བོད་ཡིག་གི་གཞུང་ལས་མཉེན་ཆས། བོད་ཡིག་གི་དྲ་བཤེར་མཉེན་ཆས། བོད་ཡིག་གི་དྲ་ངོས་གསར་བཟོའི་ཡོ་བྱད། བོད་ཡིག་གི་དཔེ་དེབ་དང་གཞུང་ཡིག་གློག་རྡུལ་དཔར་སྐྲུན་མ་ལག་སོགས། བོད་ཡིག་གི་རྨང་གཞིའི་མཉེན་ཆས་གསར་སྤེལ་བྱས་ཡོད། སྐབས་དེའི་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་གྱི་ལས་འགན་ནི་ནང་ས་དང་བོད་རང་སྐྱོང་ལྗོངས་ཀྱི་རྐང་འཛིན་ཁེ་ལས་དང་བྱ་གཞག་ཚན་པས་གཙོ་གཉེར་ལེགས་གྲུབ་བྱས་ཡོད།
སྤྱི་ལོ་༢༠༠༥ལོའི་ཟླ་བ་བཅུ་གཅིག་པར། ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སིའི་རེ་སྐུལ་ལྟར། བོད་ལྗོངས་སློབ་ཆེན་དང་ཧྲན་ཀྲན་རུའི་ཧུད་ཚན་རྩལ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་བོད་ཡིག་ཁོ་ན་ཡིན་པའི་གྲངས་འཛིན་སྒུལ་སྐྱོད་ཁ་པར་དང་རླངས་འཁོར་ཁ་པར་གསར་སྤེལ་བྱས་པ་མ་ཟད། དེ་ཉིད་ཐོན་ལས་ཅན་དུ་བསྒྱུར་བ་རེད།④ དེ་ནི་འཛམ་གླིང་ཐོག་ཆེས་ཐོག་མར་བྱུང་བ་ཞིག་ཡིན། དེ་རྗེས་བོད་ལྗོངས་སློབ་ཆེན་གྱིས་ད་དུང་སྔ་ཕྱིར་Symbianདང་། Windows Moboleདང་An-droidསོགས་རིག་ནུས་ཅན་གྱི་སྒུལ་སྐྱོད་ཁ་པར་གྱི་བཀོལ་སྤྱོད་མ་ལག་ཁྲོད་དུ་བོད་ཡིག་ནང་འཇུག་བྱེད་ཐབས་⑤དང་འཛམ་གླིང་ཐོག་ཆེས་ཐོག་མར་ཡིན་པའི་བོད་ཡིག་Androidབཀོལ་སྤྱོད་མ་ལག་གསར་སྤེལ་བྱས་པ་རེད། སྤྱི་ལོ་༢༠༠༨ལོའི་ཟླ་བ་བཅུ་གཅིག་པར། བོད་ལྗོངས་བློ་བཟང་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་ཐོག་མ་དེ་གསར་སྤེལ་གྱིས་ཁྲོམ་རར་འགྲེམ་འཚོང་བྱས།⑥
སྤྱི་ལོ་༢༠༠༧ལོའི་ཟླ་བ་བཅུ་པར། རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། “བོད་ཡིག་ཆ་འཕྲིན་ལག་རྩལ་སློབ་གསོ་པུའུ་ཡི་ལས་གྲྭ་ཞིབ་འཇུག་ལྟེ་གནས་”ཞེས་པ་དངོས་སུ་དབུ་བརྙེས་པ་དང་། སྤྱི་ལོ་༢༠༡༠ལོར། བོད་རང་སྐྱོང་ལྗོངས་སྒྲིག་གཞི་ཇུས་འགོད་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་སྤྲད་པ་བརྒྱུད། བོད་ལྗོངས་སློབ་ཆེན་དུ་“བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་”ཞེས་པའི་ཚན་པ་བཙུགས། ལོ་དེའི་ཟླ་བ་ལྔ་པར། བོད་ལྗོངས་སློབ་ཆེན་གྱི་“བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་”ཚོགས་པ་དེ་རྒྱལ་ཁབ་སློབ་གསོ་པུའུ་ཡི་“གྲང་ཅང་མཁས་པ་དང་གསར་གཏོད་ཚོགས་པ་གོང་འཕེལ་གཏོང་བའི་འཆར་གཞི་”ཡི་གསར་གཏོད་ཚོགས་པའི་གྲས་སུ་ཚུད་ཡོད།
གསུམ། བོད་ཡིག་ཆ་འཕྲིན་ལག་རྩལ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་དུས།
ད་ལྟའི་དུས་སྐབས་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན་ཞིང་། དེའི་མཚོན་རྟགས་ལྟ་བུ་ནི་བོད་ཡིག་སྐད་བརྡ་སྒྲིག་གཅོད་ཀྱི་ལག་རྩལ་གསར་སྤེལ་གྱི་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དེ་ཡིན། དེ་ཡང་རང་ལྗོངས་ཀྱི་འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་དང་ཚན་རྩལ་མི་སྣས་བོད་ཡིག་སྐད་བརྡ་སྒྲིག་གཅོད་ཀྱི་ཁྱབ་ཁོངས་སུ་བོད་ཡིག་མིང་གི་རྣམ་དབྱེ་དང་ངོ་བོའི་རྟགས། དེ་བཞིན་བོད་ཡིག་གི་ཡིག་མཛོད། རྒྱ་བོད་ཡིག་རིགས་ཕན་ཚུན་ཡིག་སྒྱུར་བྱེད་ཐབས། སྣ་མང་ཡིག་རིགས་ཀྱི་འཆོ།ལ་བཤེར་མ་ལག བོད་ཡིག་ཡིག་ཚང་གྲངས་འཛིན་ཅན་དུ་འགྱུར་བའི་ལག་རྩལ་སོགས་ཀྱི་ཐད་ཞིབ་འཇུག་གསར་སྤེན་གྱི་ལས་ཀ་རྒྱ་ཆེ་གཏིང་ཟབ་ཏུ་སྤེལ་ཡོད།
སྤྱི་ལོ་༢༠༡༢ལོར། བོད་ལྗོངས་སློབ་ཆེན་གྱིས་འཛམ་གླིང་ཐོག་ཆེས་ཐོག་མ་ཡིན་པའི་“བོད་ཡིག་དཔེ་དེབ་དང་དུས་དེབ་ཀྱི་གཞི་གྲངས་བང་མཛོད། ཐོན་ཁུངས་དོ་དམ་དང་འཚོལ་བཤེར་སྟེགས་བུ་”ཞེས་པ་ཞིབ་འཇུག་གསར་སྤེལ་བྱས་པས། དེས་དེང་རབས་ཀྱི་བོད་ཡིག་དཔེ་དེབ་གྲངས་བཞི་སྟོང་ལྷག་དང་རྒྱལ་ནང་གི་བོད་ཡིག་དུས་དེབ་ཁག་བཞི་བཅུ་ལྷག དེ་མིན་བོད་ཡིག་ནས་བྲིས་པའི་སློབ་གནས་དཔྱད་རྩོམ་གྲངས་གཉིས་སྟོང་ལྷག་བཅས་གྲངས་འཛིན་ཅན་དུ་མངོན་འགྱུར་བྱུང་ནས་འཚོལ་བཤེར་ཐུབ་པ་བྱུང་ཡོད། ད་དུང་“ཀྲུང་གོའི་བོད་ཡིག་ཡིག་ཚང་ཐོན་ཁུངས་དྲ་བ་”(ཀྲུང་གོའི་བོད་ལྗོངས་ཤེས་རིག་དྲ་བ་)ཞེས་པ་བཙུགས་ནས་གཙོ་བོར་རྒྱལ་ནང་གི་འབྲེལ་ཡོད་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས། ཞིབ་འཇུག་མི་སྣ་བཅས་ལ་གློག་རྡུལ་ཡིག་ཚང་གི་མཁོ་འདོན་ཞབས་ཞུ་བསྒྲུབས་ཡོད། སྤྱི་ལོ་༢༠༡༣ལོར། རྒྱལ་ཁབ་ཚན་རྩལ་པུའུ་ཡི་ཆོག་མཆན་ཐོབ་པ་ལྟར། རང་ལྗོངས་སུ་“བོད་ཡིག་ཆ་འཕྲིན་ལག་རྩལ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དཔེ་སྟོན་རྟེན་གཞི་”ཞེས་པ་བཙུགས་པ་དང་། སྤྱི་ལོ་༢༠༡༥ལོའི་ཟླ་བ་བཅུ་གཉིས་པར། བོད་ལྗོངས་སློབ་ཆེན་གྱིས་“ཉི་འོད་བོད་རྒྱ་ཡིག་རིགས་ཕན་ཚུན་འཕྲུལ་ཆས་ཀྱི་ཡིག་སྒྱུར་མ་ལག་”ཅེས་པ་དང་“ཉི་འོད་སྣ་མང་ཡིག་རིགས་འཚོལ་བཤེར་མ་ལག་”ཅེས་པ་གཉིས་གསར་སྤེལ་བྱས་པ་མ་ཟད། “ཉི་འོད་བོད་རྒྱ་ཡིག་རིགས་ཕན་ཚུན་འཕྲུལ་ཆས་ཀྱི་ཡིག་སྒྱུར་མ་ལག་”ཅེས་པས་དྲ་ཚིགས་དང་། iOSདངAndroidཡི་APPསོགས་བརྒྱུད་ནས་སྤྱི་ཚོགས་ཐོག་ཏུ་རིན་མེད་ཞབས་ཞུ་བསྒྲུབས་ཡོད། དེའི་བཀོལ་སྤྱོད་བྱེད་མཁན་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད་པས། དེ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ཆེས་ཆེ་བའི་འཕྲུལ་ཆས་ལ་བརྟེན་ནས་བོད་རྒྱ་ཡིག་རིགས་ཕན་ཚུན་ཡིག་སྒྱུར་བྱེད་པའི་མ་ལག་ཅིག་ཏུ་གྱུར་ཡོད།
སྤྱི་ལོ་༢༠༡༧ལོའི་ཟླ་བ་ལྔ་པར། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་གསར་དུ་བཏོད་པའི་“བོད་ལྗོངས་བོད་སྐད་ཡིག་དྲ་རྒྱ་”ཡི་དཔར་གཞི་གསར་མ་དངོས་སུ་ཤར་གཏོང་ཐུབ་པ་དང་། དེ་ནི་རྒྱལ་ཁབ་སྐད་ཡིག་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་གནང་བའི་མི་རིགས་སྐད་ཡིག་སྐོར་གྱི་དྲ་རྒྱ་ཨང་དང་པོ་དེ་ཡིན་ལ། དེའི་ནང་དོན་རྣམས་རྩིས་འཁོར་དང་ཁ་པར་གཉིས་ཐོག་ནས་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད།⑦
སྤྱི་ལོ་༢༠༡༧ལོའི་ཟླ་བ་བཅུ་གཉིས་པར། བོད་ལྗོངས་སློབ་ཆེན་གྱི་སྣེ་ཁྲིད་འོག ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་ཁག་ཏུ་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་གཙོ་གནད་ཆེད་བཙུགས་ལས་གཞི་ཐོག་མར་སྟེ། “བོད་ཡིག་ཡིག་ཚང་ཐོན་ཁུངས་གྲངས་འཛིན་ཅན་གྱི་ལག་རྩལ་ཕྱོགས་བསྒྲིགས་དང་བཀོལ་སྤྱོད་དཔེ་སྟོན་”ཞེས་པའི་ལས་ཀ་སྒྲུབ་འགོ་བརྩམས་ཤིང་། ལས་གཞི་འདིས་བོད་ཡིག་གི་ཡིག་ཚང་ཕྱོགས་བསྒྲིགས་དང་སྔོག་འདོན། དེང་རབས་ཀྱི་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་བོད་ཡིག་གི་ཡིག་ཚང་གྲངས་འཛིན་ཅན་དུ་འགྱུར་བར་བྱ་རྒྱུ། སྣ་མང་ཡིག་གཟུགས་རང་འགུལ་གྱིས་བཤེར་འབེབས་དང་ངོས་འཛིན་ཐུབ་པ་བྱ་རྒྱུ་བཅས། བོད་ཡིག་ཡིག་ཚང་གྲངས་འཛིན་ཅན་དུ་འགྱུར་བའི་ལམ་བུའི་ཐོག་ཕྲད་པའི་དཀའ་གནད་ཀྱི་ལག་རྩལ་གསར་སྤེལ་བྱ་རྒྱུ་དམིགས་ཚད་དུ་བཟུང་ཡོད། དེས་རང་རྒྱལ་གྱི་རིག་གནས་ཚན་རིག་ཞབས་ཞུའི་ལས་རིགས་ཁག་གི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་དང་གཏོང་བཞིན་མཆིས། ལོ་དེར་ད་དུང་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིན་གྱིས་“བོད་ཡིག་ཆ་འཕྲིན་ལག་རྩལ་མིས་བཟོས་རིག་ནུས་གཙོ་གནད་ཚོད་ལྟ་ཁང་”ཞེས་པ་དངོས་སུ་བཙུགས།
དུས་སྐབས་དེར་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་བྱ་གཞག་ལའང་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དཔེར་ན། རང་ལྗོངས་ཀྱི་འབྲེལ་ཡོད་ཞིབ་འཇུག་མི་སྣས་བོད་ཡིག་སྦྱོར་ཀློག་གི་དཔེ་དབྱིབས་སྐད་བརྡ་དང་རང་འགུལ་འཕྲུལ་ཆས། མིང་ཆི།ག་གི་དབྱེ་བ་དང་ངོ་བོའི་རྟགས་སོགས་ལ་དབྱེ་ཞིབ་ཞིབ་འཇུག་བྱས་ཏེ། རྒྱ་ཡིག་དང་དབྱིན་ཡིག་དཔར་མ་གཉིས་ཀྱི་ལམ་ནས་བོད་ཀྱི་རྩིས་འཁོར་སྐད་བརྡ་རིག་པའི་སྐོར་གྱི་རིག་གཞུང་བརྩམས་དེབ་དང་པོ་《བོད་ཡིག་སྦྱོར་ཀློག་གི་དཔེ་དབྱིབས་སྐད་བརྡ་དང་རང་འགུལ་འཕྲུལ་ཆས་ཀྱི་ཞིབ་འཇུག་དང་བཀོལ་སྤྱོད་》⑧ཅེས་པ་དཔར་དུ་བསྐྲུན་པ་མ་ཟད། རྩིས་འཁོར་གྱིས་བོད་ཡིག་སྦྱོར་ཀློག་སྐོར་ལ་ཞིབ་བཤེར་དང་འཕྲུལ་ཆས་ཀྱིས་ཡི་གེའི་གོ་རིམ་སྒྲིག་པ། རང་འགུལ་གྱིས་ཞུ་དག་གཏོང་བ། རིག་ནུས་ལ་བརྟེན་ནས་ཡི་གེ་ནང་འཇུག་བྱེད་པ་སོགས་ཀྱི་ལག་རྩལ་དཀའ་གནད་རིགས་ཐག་གཅོད་ཡོང་བར་རིགས་པའི་གཞུང་ལུགས་དང་ཐབས་ལམ་གསར་གཏོད་བྱས་ཡོད་པ་ལྟ་བུ་ཡིན་ལ། དུས་སྐབས་དེར་ད་དུང་བོད་ཡིག་སྐད་གདངས་ཞིབ་འཇུག་གི་ཐད་ལའང་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད།⑨
གཉིས་པ། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་ལ་ཐོབ་པའི་གྲུབ་འབྲས།
བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་དཔལ་འབྱོར་དང་ཚན་རྩལ་བྱ་འཕུར་བ་ལྟར་གྱི་གོང་འཕེལ་སོང་བ་དང་བསྟུན། རང་ལྗོངས་ཀྱི་ཚན་རྩལ་ལས་དོན་མི་སྣས་ཀྲུང་དབྱང་དང་ལྗོངས་སྲིད་གཞུང་གི་ཚད་མཐོའི་དོ་ཁུར་དང་རྒྱབ་སྐྱོར་འོག ཧུར་བརྩོན་ཆེན་པོས་འབྲེལ་ཡོད་ལས་དོན་ཁག་གཉེར་བར་བརྟེན། བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་གྱི་ཚད་གཞི་གཏན་འབེབས་དང་། རྒྱུན་སྤྱོད་མ་ལག་གསར་སྤེལ། འགྲོ་བ་མིའི་སྐད་བརྡའི་སྒྲིག་གཅོད། རིག་གནས་ཐོན་ཁུངས་གྲངས་འཛིན་ཅན་དུ་འགྱུར་བ། རྨང་གཞིའི་གཞུད་ལུགས་ཀྱི་ཞིབ་འཇུག་སོགས་ཀྱི་ལས་ཀའི་ཁྲོད་སྔ་ན་མེད་པའི་གྲུབ་འབྲས་ཐོབ་ཡོད། གྲུབ་འབྲས་དེ་དག་གིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྟོང་ཆ་གང་མང་བསྐོང་ཡོད་ལ། གྲུབ་འབྲས་འགའ་ཞིག་ནི་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། 《ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་བོད་ཡིག་ཨང་སྒྲིག་ཡིག་ཚོགས་》རྒྱལ་སྤྱིའི་ཚད་ལྡན་དང་GB16959-1997ཞེས་པ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། དེ་བཞིན་བོད་ཡིག་གི་མཉེན་ཆས་སྣ་ཚོགས་གསར་སྤེལ་དང་ཁྱབ་གདལ། བོད་ཡིག་འཕྲིན་གཏོང་ལག་རྩལ་ཉིན་རེ་བཞིན་འཐུས་ཚང་དང་ཁྱབ་གདལ་སོང་བར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། དེས་མ་ཟད་བོད་ལྗོངས་སུ་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་གྱི་ཆེད་ལས་མི་སྣ་སྐྱེད་སྲིང་དང་སྦྱོད་བརྡར་ཤུགས་ཆེ་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་བོད་ཡིག་དེང་རབས་ཅན་དུ་ཁ་ཕྱོགས་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།
སྤྱི་ལོ་༢༠༡༡ལོའི་ཟླ་བ་བདུན་པའི་ཚེས་བཅོ་བརྒྱད་ཉིན། སྐབས་དེའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སྐུ་གཞོན། ཀྲུང་དབྱང་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་མཆོག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་སྐབས་དང་བསྟུན་ཏེ་བོད་ལྗོངས་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་། ཁོང་སྐུ་ངོ་མས་བོད་རྒྱ་དབྱིན་གསུམ་གྱི་རིག་ནུས་སྐད་ཆ་འཁྲིད་ཆས་མ་ལག་བཀོལ་སྤྱོད་གནང་རྗེས།“ཞིབ་འཇུག་གི་འབྲས་བུ་འདི་ལྟ་བུ་ནི་ཧ་ཅང་བཟང་”ཞེས་བསྔགས་བརྗོད་མཛད་པ་དང་སྦྲགས།⑩ ཚན་རྩལ་ཞིབ་འཇུག་མི་སྣས་སྔར་བཞིན་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་རྩེ་གཅིག་ཏུ་གཞོལ་དགོས་པའི་ཐུགས་རེ་ནན་པོ་བཏོན་གནང་ཡོད།
སྤྱི་ལོ་༢༠༠༨ལོར། བོད་ལྗོངས་སློབ་ཆེན་གྱི་“བོད་ཡིག་ཆ་འཕྲིན་སྒྲིག་གཅོད་བེད་སྤྱོད་ཀྱི་ལག་རྩལ་ཞིབ་འཇུག་”ཅེས་པའི་གྲུབ་འབྲས་ལ་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། སྤྱི་ལོ་༢༠༡༠ལོར། བོད་ལྗོངས་སློབ་ཆེན་གྱི་GB16959-1997《ཆ་འཕྲིན་ལག་རྩལ་ལས་ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་བོད་ཡིག་ཨང་སྒྲིག་ཡིག་ཚོགས་ཏེ་རྩ་བའི་ཚོགས་》ཀྱི་བོད་ཡིག་ཨང་སྒྲིག་ཚད་གཞིའི་གྲུབ་འབྲས་ལ་ཀྲུང་གོའི་ཚད་ལྡན་གསར་གཏོད་ལེགས་སྐྱེས་ཞེས་པའི་བྱ་དགའ་རིམ་པ་དང་པོ་ཐོབ་པ། སྤྱི་ལོ་༢༠༡༢ལོར། བོད་ལྗོངས་སློབ་ཆེན་གྱི་“བོད་ཡིག་མཉེན་ཆས་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་”ཅེས་པའི་ཞིབ་འཇུག་གྲུབ་འབྲས་ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བ་དགའ་རིམ་པ་གཉིས་པ་ཐོབ་པ། སྤྱི་ལོ་༢༠༡༣ལོར། བོད་ལྗོངས་སློབ་ཆེན་གྱི་“བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འགག་རྩའི་ལག་རྩལ་དང་ཕྱོགས་བསྡུས་བཀོལ་སྤྱོད་སྟེགས་བུའི་ཞིབ་འཇུག་”གི་གྲུབ་འབྲས་ལ་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་ཐོབ་པ། སྤྱི་ལོ་༢༠༡༦ལོར། བོད་ལྗོངས་སློབ་ཆེན་གྱི་“བོད་ཡིག་དཔེ་དེབ་དང་དུས་དེབ་ཀྱི་གཞི་གྲངས་བང་མཛོད། ཐོན་ཁུངས་དོ་དམ་དང་འཚོལ་བཤེར་སྟེགས་བུའི་ཞིབ་འཇུག་”གི་གྲུབ་འབྲས་ལ་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ། སྤྱི་ལོ་༢༠༡༧ལོར། བོད་ལྗོངས་སློབ་ཆེན་གྱི་“བོད་ཡིག་སྐད་བརྡ་སྒྲིག་གཅོད་ཀྱི་འགག་གནད་ལག་རྩལ་གྱི་ཞིབ་འཇུག་དང་བེད་སྤྱོད་”ཅེས་པའི་ཞིབ་འཇུག་གྲུབ་འབྲས་ལ་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད།
གསུམ་པ། དུས་རབས་གསར་པའི་འགན་འཁྲི།
གཅིག རྨང་གཞིའི་གཞུང་ལུགས་ལ་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་བྱ་དགོས།
རྨང་གཞིའི་གཞུང་ལུགས་ལ་ཞིབ་འཇུག་བྱ་རྒྱུ་ནི་སྐད་དང་ཡི་གེ་གང་འདྲ་ཞིག་ཡིན་རུང་ཆ་འཕྲིན་ཅན་དུ་འགྱུར་བའི་རྩ་བའི་ལས་ཀ་ཡིན་པས། བོད་ཡིག་ཆ་འཕྲིན་ཡང་དེ་ལས་མ་འདས། རྨང་གཞིའི་གཞུང་ལུགས་སྲ་ཞིང་བརྟན་པ་ཞིག་ཡོད་ན། ད་གཟོད་བོད་ཡིག་ཆ་འཕྲིན་ལག་རྩལ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་ཐུབ་པ་མ་ཟད། གནད་སྨིན་འཐུས་ཚང་ཡོང་ཐུབ། དེ་ལས་ལྡོག་སྟེ་རྨང་གཞིའི་གཞུང་ལུགས་ཀྱི་རྒྱབ་རྟེན་མེད་ཚེ། བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་དགོས་ཞེས་པ་ཡང་ཁ་སྟོངས་ནང་གི་ལྕེ་སྟོངས་སམ། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་ཆུ་ཚད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན། མིག་སྔར་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་ཁྱབ་ཁོངས་སུ་མི་རིགས་གཞན་གྱི་སྔོན་ཐོན་ལག་རྩལ་ཐད་ཀར་བཀོལ་རྒྱུར་མཐོང་ཆེན་དང་། བོད་རང་གི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་འབྲེལ་ནས་ཞིབ་འཇུག་གི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུར་མཐོང་ཆུང་བྱེད་པའི་སྣང་ཚུལ་ཞིག་རང་དགར་གནས་ཡོད། གལ་ཏེ་བོད་ཡིག་ཆ་འཕྲིན་ལག་རྩལ་མུ་ནས་མུ་མཐུད་དེ་འཕེལ་རྒྱས་གཏོང་དགོས་ན། ང་ཚོས་ངེས་པར་དུ་སྔོན་ཐོན་མི་རིགས་ཀྱི་ཆ་འཕྲིན་ལག་རྩལ་སློབ་སྦྱོང་བྱས་ནས་དེའི་ལེགས་པའི་ཆ་དང་མཐུན་པའི་ཆ་རྣམས་བསྡུ་ལེན་བྱེད་པ་དང་སྦྲགས། དེ་བས་རང་མི་རིགས་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་སྐད་ཆའི་སྦྱོར་བ་ལ་གཞིགས་ཏེ་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་ལག་རྩལ་གསར་གཏོད་བྱ་དགོས་པ་ཡིན།
གཉིས། བརྡ་སྤྲོད་ཀྱི་ཡང་སྙིང་རྟོགས་ཐུབ་པ་བྱ་དགོས།
བོད་ཡིག་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་། བོད་ཀྱི་བརྡ་སྤྲོད་རིག་པ་ནི་གཏན་ཚིགས་ཀྱིས་ཕྱུག་ཅིང་། ཆོས་ཉིད་དང་ལྡན་པ། གཏན་སྲོལ་ཤུགས་ཆེ་བ་ཞིག་ཡིན་ལ།⑾ ལྷག་པར་དུ་བོད་ཀྱི་སུམ་རྟགས་དག་གསུམ་གྱི་རྩ་བའི་གཞུང་ལུགས་ནི་གྲངས་རིག་གི་སྤྱི་འགྲོས་ལྟ་བུ་ཞིག་ཡིན་པས། ཁྱད་ཆོས་དེ་དག་ནི་ཏག་ཏག་དེང་རབས་ཆ་འཕྲིན་ལག་རྩལ་གྱི་དགོས་པ་དང་ཡོངས་སུ་མཐུན་པ་ཞིག་ཏུ་གྱུར་ཡོད། དེ་ལྟར་ལགས་ཀྱང་། མིག་སྔར་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་བྱ་ཡུལ་ཏེ། བོད་ཡིག་བརྡ་སྤྲོད་ཀྱིས་སྲོག་ཤིང་བྱས་པའི་ཤེས་བྱའི་མ་ལག་སྔོག་འདོན་དབྱེ་ཞིབ་བྱེད་པའི་སྟོབས་ཤུགས་ཧ་ཅང་ཉམས་ཞན་པོ་ཡིན། དེའི་ཕྱིར་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་སྔར་བས་འཐུས་སྒོ་ཇེ་ཚང་དང་། སྔར་བས་འཕེལ་རྒྱས་ཆེ་བ་ཡོང་ཆེད། ང་ཚོས་བོད་ཀྱི་བརྡ་སྤྲོད་ཀྱི་ཡང་སྙིང་རྟོགས་ཐུབ་པ་བྱས་ཏེ། གནའ་བོའི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ཟུང་དུ་འབྲེལ་ཐུབ་པ་བྱེད་དགོས།
གསུམ། སྐད་དང་ཡི་གེའི་ཐོན་ཁུངས་ཀྱི་མནའ་འབྲེལ་ཚོགས་སྤྱི་ཞིག་འཛུགས་དགོས།
བོད་ཀྱི་སྐད་དང་ཡི་གེའི་ཐོན་ཁུངས་སྔོག་འདོན་གསར་སྤེལ་བྱེད་པ་ནི་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་གྱི་རྨང་གཞིའི་ལས་ཀ་ཞིག་ཡིན་ལ། ལྷག་པར་དུ་རིག་ནུས་ཆ་འཕྲིན་གྱི་དུས་སྐབས་སུ་ཐོན་ཁུངས་ནི་དེ་བས་གལ་ཆེ་མངོན་གསལ་ཆེ་བ་ཡོད། མིག་སྔར་བོད་ཀྱི་སྐད་དང་ཡི་གེའི་ཐོན་ཁུངས་ཀྱི་ངོས་ནས་བཤད་ན། སྔོག་འདོན་གསར་སྤེལ་བྱེད་རྒྱུ་མ་འདང་བའི་ཆ་དང་ཁ་འཐོར་གྱི་ཆ། སྒེར་སྤྱོད་ཀྱི་ཆ་སོགས་གནད་དོན་མང་པོ་ཞིག་ལྷག་མཆིས་པ་དང་། ཐོན་ཁུངས་མང་པོ་ཞིག་ནི་བཀོལ་མི་ཐུབ་པའམ་བཀོལ་རིན་མེད་པར་མཐོང་བའི་གནས་སུ་ལྷུངས་ཡོད་པ་མ་ཟད། སྤུས་ལེགས་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་སྒྲིག་གཞི་ཞིག་མེད་པས། བཀོལ་ཆོག་པའི་ཐོན་ཁུངས་མང་པོ་ཞིག་ནི་མཉམ་སྤྱོད་དང་ཁྱབ་གདལ་ཐུབ་མེད་པར་ལུས་ཡོད།
དེས་ན་རྒྱའི་སྐད་ཡིག་གི་ཐོན་ཁུངས་འཛུགས་སྐྲུན་ལས་ཀ་དང་མཉམ་སྤྱོད་ཀྱི་ཐད་ནས་གླེང་ན། མིག་སྔར་ཆིན་ཧྭ་སློབ་ཆེན་གྱིས་གཙོ་བྱས་པའི་སློབ་གྲྭ་ཆེ་ཁག་དང་འབྲེལ་ཡོད་སློབ་གསོའི་ཚན་པ་བདུན་ཅུ་ལྷག་གིས་རྒྱའི་སྐད་དང་ཡི་གེའི་གྲངས་གཞིའི་མནའ་འབྲེལ་ཚོགས་སྤྱི་ཞིག་བཙུགས་ཡོད་ཅིང་། དེའི་ཐོན་ཁུངས་ཀྱི་ཁྲོད་དུ་སྐད་དང་ཡི་གེ་བརྒྱད་ཅུ་ལྷག་གི་སྐད་ཡིག་གཞི་གྲངས་ཡོད་པ་དང་། དེ་མིན་《མིང་ཚིག་གི་དབྱེ་བ་དང་ངོ་བོར་རྟགས་བཀོད་པའི་ཡིག་མཛོད་》《རྒྱ་དབྱིན་སྐད་གཉིས་ཡིག་མཛོད་》《རྒྱའི་བརྡ་སྤྲོད་སྡོང་འགྲེམས་ཚིག་མཛོད་》《རྒྱའི་བརྡ་སྤྲོད་ཆ་འཕྲིན་ཚིག་མཛོད་》སོགས་རྒྱའི་སྐད་ཡིག་ཞིབ་འཇུག་གི་བྱ་བར་ངེས་པར་མཁོ་བའི་ཐོན་ཁུངས་འབོར་ཆེན་ཉར་གསོག་བྱས་ཡོད་པ་རེད། ང་ཚོས་རྒྱའི་སྐད་དང་ཡི་གེའི་ཐོན་ཁུངས་ཀྱི་མནའ་འབྲེལ་ཚོགས་སྤྱིའི་དགེ་མཚན་ལྡན་པའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་རང་མི་རིགས་ཀྱི་སྐད་དང་ཡི་གེའི་ཐོན་ཁུངས་ཀྱི་མནའ་འབྲེལ་ཚོགས་སྤྱི་ཞིག་འཛུགས་ཐུབ་པ་བྱ་དགོས་ལ། དུས་མཚུངས་ཐོན་ཁུངས་འཛུགས་སྐྲུན་བྱེད་སྐབས་དེའི་ནང་དོན་རྣམས་མཉམ་སྤྱོད་དང་། གོ་རིམ་ལྡན་པ། ཆ་ཚང་བ། ཚད་དང་ལྡན་པ། དབང་གྲགས་ལྡན་པ་བཅས་ཡོང་བ་བྱ་དགོས།
བཞི། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་མཉམ་སྤྱོད་ཀྱི་སྟེགས་བུ་འཛུགས་དགོས།
མིག་སྔར་དབྱིན་ཡིག་དང་རྒྱ་ཡིག་གང་ཞིག་ཡིན་རུངཡཚང་མས་རིན་པ་མི་དགོས་པ་དང་། མཉམ་སྤྱོད་བྱེད་ཐུབ་པའི་དེང་རབས་ཅན་གྱི་ཆ་འཕྲིན་སྒྲིག་གཅོད་སྟེགས་བུ་གཏོད་ཡོད་ཅིང་། སྟེགས་བུ་དེས་ཆ་འཕྲིན་ལག་རྩལ་ཁྱབ་གདལ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་དང་འཐོན་བཞིན་ཡོད། ཡིན་ནའང་། བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བར་དེ་སྔ་མཉམ་སྤྱོད་བྱེད་ཐུབ་པའི་བོད་སྐད་ཡིག་སྒྲིག་གཅོད་ཀྱི་སྟེགས་བུ་ཞིག་མེད་པས། གསར་སྤེལ་གྱི་ལས་ཀ་མང་པོ་ཞིག་ནི་འཕེལ་མེད་རང་སོར་གནས་པའམ། བསྐྱར་ཟློས་ལས་མ་འདས། དེས་བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱུན་མཐུད་ནས་འཕེལ་རྒྱས་འགྲོ་བར་བར་ཆད་བཟོ་བཞིན་ཡོད། དེའི་ཕྱིར། བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བའི་མཉམ་སྤྱོད་སྟེགས་བུ་ཞིག་གསར་དུ་གཏོད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ལྔ། རིག་གཞུང་བགྲོ་གླེང་གི་སྟེགས་བུ་བསྐྲུན་དགོས།
རིག་གཞུང་དཔྱད་གླེང་བྱེད་པ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་འཐུས་ཚང་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་དང་དེ་འབྲེལ་གྱི་རིག་གཞུང་ཁོར་ཡུག་འཁྲུག་ཆ་དོད་པོ་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་རྐྱེན། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་རིག་གཞུང་གི་བསམ་བློ་བརྗེ་རེས་དང་ཕན་ཚུན་དབར་རྒྱ་ཆེ་གཏིང་ཟབ་ཀྱི་བགྲོ་གླེང་བྱེད་དགོས་པ་ཡིན། མིག་སྔར་རྒྱལ་ཕྱི་རྒྱལ་ནང་དུ་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་སྐོར་གྱི་རིག་གཞུང་དཔྱད་གླེང་གི་རྣམ་པ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་དེ། དཔེར་ན་རྒྱལ་ཕྱིར་མཚོན་ན། རིག་གཞུང་དཔྱད་གླེང་གི་ཚོགས་འདུ་གྲགས་ཅནACLདང་UCAI AAAI EMNLP COLINGསོགས་ལྟ་བུ་དང་། རྒྱལ་ནང་ལ་མཚོན་ན། ཀྲུང་གོ་རྩིས་འཁོར་ཚོགས་ཆེན་ཞེས་དང་། རྒྱལ་ཡོངས་རྩིས་འཁོར་སྐད་བརྡ་རིག་པའི་རིག་གཞུང་ཚོགས་འདུ་ཞེས་པ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཞེས་པ། རྒྱལ་ཡོངས་ཆ་འཕྲིན་འཚོལ་བཤེར་གྱི་རིག་གཞུང་བགྲོ་གླེང་ཞེས་པ་ལྟ་བུ་སོགས་དུ་མ་ཡོད། དེ་དག་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གསར་སྤེལ་གྱི་བྱ་བར་གཞོལ་བཞིན་པའི་མི་སྣ་རྣམས་ཀྱི་མིག་སྔའི་རིག་གཞུང་བགྲོ་གླེང་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ང་ཚོས་འབད་པ་ཅི་ལྕོགས་ཀྱིས་རིག་གཞུང་བགྲོ་གླེང་གི་ཚོགས་འདུ་དེ་དག་ནང་ཞུགས་ནས་ཕན་ཚུན་དབར་བསམ་བློ་བརྗེ་རེས་དང་སློབ་སྦྱོད་བྱེད་ཐུབ་ན། དགེ་མཚན་དཔག་ཏུ་མེད་པ་ཡོད། ཕྱོགས་མཚུངས་རང་ལྗོངས་སུའང་དེ་འདྲའི་རིག་གཞུང་བགྲོ་གླེང་གི་ཁོར་ཡུག་ཅིག་བསྐྲུན་པ་དང་སྦྲགས། འབྲེལ་ཡོད་མཁས་དབང་གདན་འདྲེན་ཞུས་ནས་རིག་གཞུང་འཆད་ཁྲིད་བྱེད་ཐུབ་ན། རིགས་པའི་གཞུད་ལུགས་གསར་པ་དང་ཐབས་ལམ་གསར་པ་ཤེས་རྟོགས་བྱ་རྒྱུར་ཕན་རླབས་ཆེ་བ་མ་ཟད། རང་ལྗོངས་ཀྱི་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་གྱི་ཞིབ་འཇུག་བྱ་བ་སྔར་བས་རྒྱ་ཆེ་གཏིང་ཟབ་ཀྱིས་སྤེལ་ཐུབ་པར་དགེ་མཚན་ཆེན་པོ་ཡོད།
མཇུག་གི་གཏམ།
བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་གྲུབ་འབྲས་ཀྱང་གང་ལེགས་འཐོབ་སྟེ། མིག་སྔར་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཁྱབ་ཁོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་ལ། སྤྲིན་ཕུང་བཞིན་བོད་ཀྱི་རིག་གནས་ཀྱི་ནམ་མཁའ་ན་སྐྱོད་བཞིན་པ་དང་། ཆར་ཆུ་བཞིན་མི་དམངས་ཀྱི་འཚོ་བའི་སྐོམ་གདུང་སེལ་བཞིན་ཡོད་པ། ཉི་འོད་བཞིན་སྤྱི་ཆོ།གས་ཁྱོན་ཡོངས་ལ་འོད་སྣང་སྦྱིན་བཞིན་ཡོད། དེ་ལྟར་ནའང་། བོད་ཡིག་ཆ་འཕྲིན་ཅན་ནི་རྩིས་འཁོར་རིག་པ་དང་། བརྡ་སྤྲོད་རིག་པ། གྲངས་རིག་པ་སོགས་རིག་ཚན་མང་པོ་དང་འབྲེལ་བ་ཡོད་པའི་སྣ་མང་ཕྱོགས་བསྡུས་ཅན་གྱི་རིག་ཚན་ཞིག་ཡིན་པས། ཞིབ་འཇུག་གི་ཁྱབ་ཁོངས་མང་པོ་ད་དུང་སྔོག་འདོན་བ་ཐུབ་མེད་པ་དང་། ཞིབ་འཇུག་གི་ལས་ཀ་མང་པོ་ད་དུང་བསྒྲུབ་རྒྱུར་ལུས་ཡོད་པ། ལག་རྩལ་གྱི་དཀའ་གནད་མང་པོ་ད་དུང་ཐག་གཅོད་ཐུབ་མེད་པ་སོགས། བོད་ཡིག་ཆ་འཕྲིན་ཅན་གྱི་ལས་འགན་ནི་ལྗི་ལ་དཀའ་ཚེགས་ཆེ་བ་དང་གཟི་བརྗིད་ཅན་ཞིག་ཡིན། དེར་བརྟེན། ང་ཚོས་ལག་གདང་དཔུང་གཤིབ་ཀྱིས་བོད་ཡིག་ཆ་འཕྲིན་ཅན་གྱི་བྱ་བར་སྔར་བས་བརྩོན་པ་བཀྱེད་དགོས་སོ། །
ལུང་འདྲེན་དཔྱད་ཡིག
①ཁྲི་ཤར་བསོད་ནམས་ཚེ་རིང་། 《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབས་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོར་དཔར་དུ་བཏབ།
②尼玛扎西、毛永刚、于洪志等:《信息技术信息交换用藏文编码字符集基本集:GB169599 用藏文编》中国标准出版社,中国国家标准汇编239,1997 .
③གདུགས་དཀར་ཚེ་རིང་དང་ཡུའུ་ཧྲི་ཝུན། 《བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་གྱི་ཞིབ་འཇུག་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་》ཀྲུང་གོའི་བོད་རིག་པའི་དུས་དེབ། ༢༠༠༣ལོའི་དུས་དེབ་བཞི་པ། དེབ་ངོས་༩༧ནས་༡༠༧བར།
④尼玛扎西、李志蜀、群诺等:《一种在移动电话上实现藏文处理的方法》载于《四川大学学报》(程科学版) ,2009,41(01),162 -167 页。
⑤尼玛扎西、李志蜀、拥措、群诺、普顿:《实现计算机藏文快速输入的关键问题研究》载于《电子科技大学学报》,2009,38(01) ,102 -107 页。
⑥高定国:《藏文信息处理研究进展》载于《广西科学院学报》,2018,34(01),1 -11页。
⑦西藏自治区藏语文工作委员会办公室:西藏藏语言文字网开通,[ EB/OL],西藏藏语言文字网: http://www. Zyw.xizang.gov.cn/。
⑧尼玛扎西:《藏文拼写形式语言及其自动机研究和应用》科学出版社,2016.12。
⑨སྤེན་པ་རྒྱ་མཚོ 《བོད་ཡིག་སྒྲ་གདངས་ཀྱི་གཞི་གདངས་གྲུབ་ཆ་དབྱེ་ཞིབ་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོར་དཔར་དུ་བཏབ།
⑩西藏自治区人民政府:“习近平赴西藏大学新校区亲切看望各族师生员” [ EB/OL]。中国政府网:(2011-07 -18),http://www.gov.cn/ldgd/2011-07/18/content-1908845.htm.
⑾ལྕགས་ཐར་རྒྱལ། 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོར་དཔར་དུ་བཏབ།