དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་ཡུལ་སྐད་དབྱེ་སྟངས་ཐད་ཀྱི་ལྟ་ཚུལ་ལ་དཔྱད་པ།

སྤེལ་དུས 2020-03-25 ཡོང་ཁུངས། རྩེར་སྙེག རྩོམ་པ་པོ། ཕུན་ཚོགས་བཀྲ་ཤིས།
    དུས་ཡུན་རིང་བོའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་ཀྱི་ཡོ་བྱད་དུ་བཀོལ་བ་ནི་བོད་མིའི་ཁ་སྐད་ཡིན་ལ། དེའི་སྒྲ་གདངས་ཀྱི་རྨང་གཞི་དང་མིང་བརྡའི་གྲུབ་ཚུལ། བརྡ་སྤྲོད་ཀྱི་གོམས་ལུགས་བཅས་ལ་གཞི་བཅོལ་ཏེ་སྒྲ་མཚོན་གྱི་ཡི་གེ་བྱུང་བ་ནི་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་རེད་དེ། ཡི་གེ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཡིན་པ་ཇི་བཞིན་བོད་མིས་སྐད་ཆ་སྤྱོད་ཞོར་དུ་སྐད་ཆ་དེ་རང་གོ་སླ་ཆེད་དང་ཉར་ཚགས་བྱེད་ཆེད་དུ་སྐད་ཆའི་བཀོལ་སྤྱོད་དང་འབྲེལ་ཏེ་སྐད་ཆའི་དོད་ཚབ་ཏུ་རི་མོའམ་ཡི་གེ་འབྲི་བའི་སྲོལ་ཐོག་མར་བྱུང་། བོད་ཀྱི་ཡི་གེ་དེ་ཡང་ཐོག་མར་བརྩམས་བཟོ་མཛད་དུས་བོད་མི་མང་པོས་ཐུན་མོང་དུ་གོ་བརྡ་སྤྲོད་ཐུབ་པའི་བོད་པའི་སྐད་ཆའི་རྨང་གཞིའི་སྟེང་བཅོས་བསྒྲིག་བྱས་པ་ཞིག་ཡིན་པས་ན། ཡི་གེའི་ཁྱད་ཆོས་ནི་ཡུལ་གྱིས་བསྐལ་བའི་རྒྱང་ཐག་རིང་བོར་གོ་བརྡ་སྤྲོད་བདེ་བ་དང་། དུས་ཀྱིས་བསྐལ་བའི་ལོ་ཟླ་རིང་མོར་ཉར་ཚགས་བྱེད་ཐུབ་པ་ཡིན། ཡི་གེ་བྱུང་བ་དེས་བོད་མིས་སྐད་ཆ་བཀོལ་བ་ལ་ཕན་ནུས་ཆེན་པོ་བྱུང་སྟེ་མིའི་བསམ་གཞིག་གི་ནུས་པ་གོང་འཕེལ་དུ་འགྲོ་བ་མཚོན་ཞིང་དེ་ཉར་ཚགས་བྱེད་པར་ཡང་ནུས་པ་གལ་ཆེན་ཐོན་པས། བོད་ཡིག་ལ"གངས་ཅན་སྐྱེ་འགྲོའི་རྨོངས་མུན་སེལ་བའི་ཉི་མ། ཤེས་བྱའི་མཛོད་བརྒྱ་ཕྱེ་བའི་ལྡེ་མིག མཁས་པའི་བ་གམ་འཇུག་པའི་ཐེམ་སྐས། ཡོན་ཏན་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པའི་བོད་ཡིག་འདི་ཉིད"①ཅེས་བསྔགས་པ་བརྗོད་ཅིང་ངེས་པ་དོན་གྱིས་ཀྱང་སྐབས་དེའི་བོད་སྤྱི་ཚོགས་ཀྱི་ཆོས་སྲིད་གོང་འཕེལ་དང་། དམངས་ཡོངས་ཀྱི་ཤེས་རྟོགས་ཀྱི་ནུས་པ་ཚད་མཐོན་པོར་སླེབས་པར་མཚོན་པ་ནི་ཨེན་ཁི་སིས་སྤྱི་ཚོགས་འཕེལ་རྒྱས་སུ་སོང་ནས་ཤེས་རིག་ལྡན་པའི་དུས་རབས་ངེས་ཅན་ཞིག་ལ་སླེབས་པ་ན་ད་གཟོད་ཡི་གེ་བྱུང་ཞེས་གསུངས་པ་ལྟར་ལགས་སོ། །དེ་ལྟར་བོད་ཀྱི་ཡི་གེ་བྱུང་རྗེས་ནས་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་འདིར་སྐད་དང་ཡི་གེ་ལ་འགྱུར་བ་ཆེར་བྱུང་མེད་དེ། ད་ལྟ་ཡང་བཙན་པོ་དུས་སྐབས་ཀྱི་རྡོ་རིང་དང་གནའ་བོའི་ཡིག་རྙིང་སོགས་ལ་བལྟས་ཚེ་ཀློག་ཐུབ་པ་དང་དོན་རགས་རིམ་ཙམ་རེའང་གོ་ཐུབ་ཅེས་པ་ལས་རྟོགས་ནུས་ཤིང་། གཞན་ཡང་དེང་རབས་བོད་སྐད་ཀྱི་ཡུལ་སྐད་སོ་སོའི་ཁྲོད་གནས་པའི་དཔེ་དོན་ཁྱད་པར་བ་མང་ཤོས་གནའ་རབས་བོད་སྐད་ལས་བྱུང་བར་སྒྲུབ་ཐུབ་པས་གནའ་དེང་གི་བོད་སྐད་ནི་ཕན་ཚུན་ལྟོས་ཟླའི་འབྲེལ་བ་མངོན་གསལ་ཆགས་ཡོད་པ་ཤེས་ཐུབ་མོད། འོན་ཀྱང་ཡུལ་ཕྱོགས་ཀྱི་གྱེས་འགྱེད་དང་དུས་ཡུན་གྱི་འགོར་འགྱངས་ལས་སྐད་བརྡ་གང་ཞིག་ཡིན་རུང་འགྱུར་ལྡོག་མང་དུ་བྱུང་མཐར་ཡུལ་སྐད་དང་ལུང་སྐད་ཁག་མང་པོར་གྱེས་པ་ནི་གདོན་མི་ཟ་བ་ཇི་བཞིན། བོད་ཀྱི་སྐད་བརྡ་དེའང་སྐད་བརྡ་སྤྱིའི་འཕེལ་ཕྱོགས་ལྟར་ནང་ཁུལ་གྱི་ཡུལ་སྐད་དགར་ཚུལ་ལ་ཕྱི་རྒྱལ་ནང་གི་སྐད་བརྡ་སྨྲ་བ་ཚོས་དབྱེ་བ་གཉིས་དང་། གསུམ། བཞི། ལྔ། དྲུག་སོགས་སུ་བཀར་ཏེ་ལྟ་བ་མི་མཐུན་པ་མང་པོ་བྱུང་ཡོད་པ་ལྟར་རེད། དེ་བས་བོད་ཀྱི་ཡུལ་སྐད་གྱེས་འགྱེད་ཀྱི་ཞིབ་འཇུག་ཐད་ལ་སྐད་བརྡ་སྨྲ་བ་ཚོས་འཕྲད་གཞུང་གཉིས་ཀྱི་ངོས་ཐད་ནས་ཡུལ་སྐད་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཡོད་པ་མང་མོད། འོན་ཀྱང་དེ་ནི་ཡུལ་སྐད་སོ་སོའི་སྤྱིའི་ཁྱད་ཆོས་ལ་དམིགས་པ་མ་གཏོགས་བོད་པའི་སྲོལ་རྒྱུན་ཡུལ་སྐད་དགར་སྟངས་དང་། ཡུལ་སྐད་ནང་ཁུལ་གྱི་ལུང་སྐད་བྱེ་བྲག་པ་དག་གི་ཁྱད་ཆོས་ལ་ཞིབ་འཇུག་བྱས་པ་ཉུང་རྐྱེན། འདིར་བོད་རང་གི་སྲོལ་རྒྱུན་གྱི་ཡུལ་སྐད་དབྱེ་སྟངས་སོགས་ལ་གཞི་བཅོལ་ཏེ་མདོ་དབུས་ཁམས་གསུམ་ལྟར་ཡུལ་སྐད་ཆེན་པོ་གསུམ་དུ་ཁས་འཆེས་ཤིང་། དེ་ལའང་ཐོག་མར་ཡུལ་སྐད་བྱུང་ཚུལ་དང་། དེ་ནས་ཡུལ་སྐད་དབྱེ་སྟངས་ཐད་ཀྱི་མི་མཐུན་པའི་ལྟ་བ་དག་གོང་བསྒྲིགས་བྱས་ཏེ་དོན་དངོས་སུ་གཞན་པའི་ཡུལ་སྐད་བྱེ་བྲག་པ་རྣམས་ནི་འདི་དག་ལས་འཕྲོས་པའི་བོད་སྐད་ཀྱི་ཡན་ལག་གམ་འགྱུར་གཟུགས་དང་། ཡང་ན་གཉེན་ཚན་གྱི་ཡུལ་སྐད་ཡིན་པར་བརྗོད་འདོད་དེ།
    དང་པོ། བོད་ཀྱི་ཡུལ་སྐད་བྱུང་ཚུལ་བརྗོད་པ།
    སྤྱིར་ཡུལ་སྐད་ཅེས་པའི་ཐ་སྙད་འདི་ལ་རྒྱལ་ཁབ་དང་མི་རིགས་སོ་སོར་གོ་བ་ལེན་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་མོད། འོན་ཀྱང་ང་ཚོས་སྤྱི་ལྡོག་ནས་གོ་བ་སླ་མོར་བླངས་ན། ཡུལ་སྐད་ཅེས་པ་ནི་སྐད་བརྡ་ཞིག་གི་ཡན་ལག་གྱེས་སྟངས་མི་འདྲ་བ་དང་གཟུགས་འགྱུར་མི་འདྲ་བ་ལ་གོ དེས་ན་མི་རིགས་ཤིག་གི་སྐད་བརྡའི་ཡན་ལག་གམ་གཟུགས་འགྱུར་ལས་བྱུང་བའི་ཡུལ་སྐད་ཁག་སོ་སོར་གཉེན་ཚན་ཡུལ་སྐད་ཅེས་ཀྱང་བརྗོད་ཆོག་སྟེ། དེ་ལ་ཐུན་མོང་གི་ལོ་རྒྱུས་བྱུང་བ་དང་། ཐུན་མོང་གི་མིང་བརྡ་དང་བརྡ་སྤྲོད་ཀྱི་སྒྲིག་གཞི་བཅས་ཡོད་པ་མ་ཟད། སྒྲ་གདངས་ཀྱི་ཐད་ནས་ཀྱང་ཕན་ཚུན་ལྟོས་ཟླའི་འབྲེལ་བ་ངེས་ཅན་གྲུབ་ཡོད་པས་ཡིན། ཡུལ་སྐད་ནི་སྐད་བརྡ་དང་བལྟོས་བཅོས་ཀྱིས་བརྗོད་པ་ཡིན་ལ། དེ་གཉིས་ཀྱི་འབྲེལ་བ་སྤྱི་བྱེ་བྲག་ལྟར་མངོན་ཡོད་དེ། སྐད་བརྡ་སྤྱི་དང་ཡུལ་སྐད་བྱེ་བྲག་ཏུ་ངོས་འཛིན་དགོས་པའི་ཕྱིར། ཡང་སྐད་བརྡ་དང་སྐད་ཆའི་འབྲེལ་བའང་སྤྱི་བྱེ་བྲག་ལྟར་ཡོད་པས་ང་ཚོས་ཡུལ་སྐད་དེ་སྐད་ཆའམ་ཁ་སྐད་དུ་གོ་བ་བླངས་ཀྱང་འགྲིག་སྙམ། དེ་བས་ཡུལ་སྐད་གང་རུང་ཞིག་དང་། ཐ་ན་བཀོལ་མཁན་གྱི་མི་གྲངས་ཆེས་ཉུང་བའི་ས་ཕྱོགས་ཡུལ་སྐད(རྨྱེ》》ཀྛཽ)ཅིག་ལའང་ནང་ཁུལ་གྱི་སྒྲིག་གཞི་ཆ་ཚང་ཡོད་ལ། སྐད་བརྡའི་གྲུབ་ཆ་འཛོམས་པོ་འབྲེལ་འདྲིས་བྱེད་ནུས་ཀྱི་ཆ་རྐྱེན་ཡོད་ཚད་ཀྱང་རང་ཤུགས་ཀྱིས་འཛོམས་ཡོད།
    ཡུལ་སྐད་རིག་པ་ནི་ཡུལ་སྐད་ལ་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ལ་གོ་ཞིང་། འདི་ལའང་བྱེ་བྲག་ཞིབ་འཇུག་བྱེད་པའི་དམིགས་ཡུལ་དང་། ཟུར་ཚད་མི་འདྲ་བ་དང་། བརྟག་ཐབས་མི་འདྲ་བའི་ཆ་ནས་ནང་གསེས་སུ་ཡུལ་སྐད་ཞིབ་འབྲི་རིག་པ(དྲཱཾཀྪི》ཀྛཽཀྤོ)དང་། ཡུལ་སྐད་ལོ་རྒྱུས་རིག་པ(ཀྵྱཡྭེ》ཀྛཽཀྤོ)། ཡུལ་སྐད་ས་ཁམས་རིག་པ(རྨྱེྈྐ》ཀྛཽཀྤོ)བཅས་སུ་དགར་ཆོག་ལ། སྐད་བརྡའི་ཚོགས་གསུམ་གའི་ངེས་སྲོལ་ཇི་ལྟ་བ་རྣམས་ཇི་བཞིན་ཞིབ་འབྲི་བགྱི་བ་ནི་ཡུལ་སྐད་ས་ཁམས་རིག་པའི་རྨང་གཞི་དང་། སྐད་བརྡའི་ལོ་རྒྱུས་ཀྱི་བྱུང་བ་གསེད་བཀྲོལ་བགྱི་བའང་ཡུལ་སྐད་ས་རྒྱུས་རིག་པའི་དམིགས་ཡུལ་དུ་མངོན་པས་ཡུལ་སྐད་རིག་པ་དེ་གཙོ་བོ་ཡུལ་སྐད་ས་ཁམས་རིག་པ་ངོས་འཛིན་བཞིན་ཡོད། དེ་བས་ཡུལ་སྐད་རིག་པ་ལྟར་ན་ཡུལ་སྐད་དེ་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་དང་། རང་བྱུང་ས་བབ་སོགས་ཀྱི་ཕྱི་རྐྱེན་དང་། སྐད་བརྡ་ནང་ཁུལ་གྱི་འགལ་འདུ་སོགས་ནང་རྐྱེན་གཉིས་ཀྱིས་གྲུབ་པར་འདོད་ཕྱིར་ཡུལ་སྐད་ལའང་ས་བབ་ཀྱི་ཡུལ་སྐད(རྨྱེཧྣི》ཀྛཽ)དང་སྤྱི་ཚོགས་ཀྱི་ལོགས་སྐད(ཌྭཤཱཾ》ཀྛཽ)ཅེས་རིགས་ཆེ་ཁག་གཉིས་སུ་དགར་ཡོད་ལ། སྤྱི་ཚོགས་ཀྱི་ལོགས་སྐད་དེ་ལའང་མི་སྒེར་གྱི་ལོགས་སྐད(བཾལེཾ》ཀྛཽ)དང་། གནས་བབས་ཡག་པའི་ལོགས་སྐད(གྺུཝྭོ》ཀྛཽ)། ཐོད་བརྒལ་རང་བཞིན་གྱི་ལོགས་སྐད(ཊྭཊཀྣུ》ཀྛཽ)བཅས་རིགས་དབྱེ་མང་དུ་དགར་ཡོད། དེས་ན་བོད་ཀྱི་ཡུལ་སྐད་བྱུང་ཚུལ་དེའང་སྐད་བརྡ་སྤྱིའི་ཡུལ་སྐད་གྱེས་ཚུལ་ལྟར་ཕྱི་ནང་གི་རྐྱེན་དབང་དེ་དག་ཡིན་པ་གདོན་མི་ཟ་སྟེ། གདོད་མའི་དུས་སུ་ཕ་སྤྲེའུ་དང་མ་བྲག་སྲིན་ནས་བརྒྱུད་པའི་སེ་རྨུ་ལྡོང་སྟོང་གི་རིགས་རུས་ཆེ་ཁག་བཞི་བྱུང་ལ། དེའི་རྗེས་སུ་དབྲ་འབྲུ་བསྣན་པས་རུས་ཚད་དྲུག་བྱུང་བ་རྣམས་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་རུས་རྒྱུད་ཚོ་བའི་གྱེས་ཚུལ་མི་འདྲ་བ་ཡིན། ཡང་དེ་ནས་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ཙམ་ལ་སླེབས་དུས་བོད་ཡུལ་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་སམ་བཞི་བཅུ་ཡོད་པར་གྲགས་ཤིང་། དེ་ཚོ་ཕན་ཚུན་འཐབ་ཅིང་འཁྲུག་པ་ལས་མཐར་འོ་ལྡེ་སྤུ་རྒྱལ་ལམ་གཉའ་ཁྲི་བཙན་པོས་ཆབ་འོག་ཏུ་བཅུག་པ་དང་། དེ་ནས་རྒྱལ་རབས་སོ་གཅིག་ལྷག་འདས་པའི་སྲོང་བཙན་གྱིས་ཆེན་པོ་བོད་ཀྱི་རྒྱལ་ཁམས་གོང་བུ་གཅིག་ཏུ་བསྡུས་ཤིང་བློན་ཆེན་ཐོན་མིས་བོད་ཡིག་གི་སྲོལ་བཏོད་པ་སོགས་ལས་བོད་པའི་སྐད་བརྡ་ལའང་འགྱེད་འདུམ་གྱི་འགྱུར་ལྡོག་མང་དུ་བྱུང་ཞིང་། ཡང་སྲོང་བཙན་ཡབ་སྲས་ནས་བརྒྱུད་པའི་བཙན་པོ་རིམ་བྱོན་གྱིས་དམག་དཔུང་གི་ཟིལ་ཤུགས་ལ་བརྟེན་ནས་ཆབ་སྲིད་ཀྱི་མངའ་ཁོངས་ཆེས་ཆེར་བསྐྱེད་པས། དམག་སྡེ་མང་པོ་ཕྱོགས་མཚམས་ཀུན་ཏུ་གཏན་སྡོད་བྱེད་དགོས་བྱུང་རྐྱེན་འགྲོ་འོང་གི་འབྲེལ་འདྲིས་རང་ཤུགས་ཀྱིས་ཇེ་ལྷོད་དུ་ཕྱིན་པ་དང་། དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་། སྤྱི་ཚོགས་ཀྱི་ལམ་ལུགས་དང་གནས་སྟངས་མི་འདྲ་བ། འཚོ་སྡོད་ཀྱི་ས་རྒྱ་ཆེ་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཡུལ་དུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་རང་རེའི་ཐུན་མོང་གི་སྐད་བརྡ་འདི་ལའང་ཡུལ་སྐད་དུ་མའི་གྱེས་སྟངས་བྱུང་བ་གོར་མ་ཆག དེ་མཚུངས་སུ་བོད་ཀྱི་ཡུལ་སྐད་གྱེས་ཚུལ་དང་ཡུལ་སྐད་འཕེལ་རིམ་གྱི་ཁྱད་ཆོས་ལ་དམིགས་ནས་རང་རེའི་སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་སྐད་དང་ཡི་གེའི་འཕེལ་རིམ་དང་བསྟུན་པའི་བཀས་བཅད་དང་། སྐད་གསར་བཅད་དུ་མར་མཛད་པ་མ་ཟད། ཡུལ་སྐད་ཀྱི་གནད་དོན་ལ་དོ་སྣང་དང་མཐོང་ཆེན་མཛད་མྱོང་སྟེ། 《དག་ཡིག་ལི་ཤའི་གུར་ཁང་》དུ"མྱེད། མྱིན་སོགས་ཡ་བཏགས་པ་དང་། རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན"②ཞེས་པ་དང་། རྗེ་ས་པན་གྱིས《དཔལ་ལྡན་ས་སྐྱའི་གསུང་རབས》ཞེས་པར"ཡུལ་གྱི་དབང་གིས་སྐད་ཀྱི་ཁྱད་པར་དེ་ཇི་ལྟར་ཞེ་ན། དབུས་པ་རྣམས་སྐད་གདངས་ལིར་(ལྡིར)ཞིང་འགྱུར་བ་ངང་བ་དང་བུང་བུའི་སྐད་འདྲ་བ་ཤས་ཆེ་ལ།གཙང་པ་རྣམས་ཀྱི་སྐད་གདངས་གསལ་ཞིང་འཚེར་བ་ཁྱིམ་བྱའམ་རྟ་སྐད་འདྲ་བ་ཤས་ཆེ་བ་ཡིན་ཞིང་། དེ་བཞིན་དུ་བཙིར་ཞིང་འདུར་(བདུད་པ)བསྟོད་མངའ་རིས་པ་དང་། ཁམས་པ་རྣམས་ཀྱི་སྦོམ་ཞིང་མི་ཁུགས་པས་བརྗིད་ཅིང་གྱོང་བ་བོང་བུའི་སྐད་འདྲ་བ་འབྱུང་ལ། དེ་ལྟ་བུའི་སྐད་དེ་དག་རྣམས་ལ་ཡང་། སོ་སོར་ཕྱེས་ན། གཙང་ལ་སྟོད་ལ་སྨད་སོགས་དང་། མངའ་རིས་སྐོར་གསུམ། ཁམས་པ་ལ་མདོ་སྟོད་ཀྱི་སྐད་སོགས་མང་།"③ཞེས་པ་དང་། གཞན་ཡང་སི་ཏུ་པཎཆེན་གྱིས《སུ་ཏུའི་འགྲེལ་ཆེན》དུ་"ཁམས་ཕྱོགས་ཀྱི་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་གྱིས་གྲུབ་པ་སོགས་ཀྱིས་ཀྱང་མཚོན་ནུས།"④ཞེས་པ་སོགས་ལས་གནའ་དུས་སུའང་བོད་པའི་སྤྱི་ཚོགས་ཀྱི་གྱེས་སྟངས་ལས་བྱུང་བའི་ཐོན་དངོས་ཏེ་ཡུལ་སྐད་ལ་དང་དོད་བྱས་ཡོད་པ་ཤེས་སླའོ། །དེ་ལྟར་ཡུལ་དུས་ཀྱི་རྐྱེན་དབང་སྣ་ཚོགས་ལས་བོད་པའི་ཐུན་མོང་གི་སྐད་བརྡ་འདི་ཡང་ཡུལ་སྐད་དུ་མར་གྱེས་མོད། འོན་ཀྱང་བོད་ཀྱི་ཡུལ་སྐད་ལ་རིགས་དབྱེ་ཇི་འདྲའི་མང་པོར་བཀར་ཡང་དེ་དག་གནའ་བོའི་བོད་སྐད་ནས་འཕེལ་འགྱུར་བྱུང་བའི་འབྲས་རྟགས་སུ་མངོན་ཡོད་དེ། དེ་དག་ལ་ཐུན་མོང་གི་བརྡ་ཡོད་ལ། ཐུན་མོང་གི་མིང་བརྡ་སྤྲོད་སྒྲིག་གཞིའམ་ཚིག་གི་སྦྱོར་ལུགས་ཀྱང་ཡོད་པ་མ་ཟད། དེ་དག་གི་སྒྲ་གདངས་མ་ལག་ལའང་ཐུན་མོང་གི་ལོ་རྒྱུས་ཀྱི་དུས་རིམ་ལྡན་ཞིང་། ཕན་ཚུན་བར་ལྟོས་ཟླའི་འབྲེལ་བ་དང་ངེས་སྲོལ་ངེས་ཅན་ལྡན་པའི་གཉེན་ཚན་གྱི་ཡུལ་སྐད་ཡིན་པའང་ཀུན་གྱིས་ཁས་འཆེས་པ་ལྟར་རོ། །
    གཉིས་པ། བོད་ཀྱི་ཡུལ་སྐད་དབྱེ་སྟངས་བརྗོད་པ།
    རྒྱལ་ཁབ་ཕྱི་ནང་གི་སྐད་བརྡ་སྨྲ་བ་ཚོས་ལག་སོན་གྱི་རྒྱུ་ཆའི་མང་ཉུང་མི་འདྲ་བ་དང་། ཡུལ་སྐད་གཞུང་ལུགས་ཀྱི་ཤེས་ཚད་མི་འདྲ་བ། བོད་ཀྱི་སྲོལ་རྒྱུན་སྐད་བརྡའི་ལྟ་ཚུལ་ལ་བཟུང་བའི་རྣམ་འགྱུར་མི་འདྲ་བ་སོགས་ཀྱིས་ཡུལ་སྐད་དབྱེ་ཚུལ་ཐད་ལའང་ལྟ་བ་མི་མཐུན་པ་མང་པོ་བྱུང་མྱོང་སྟེ། "དུས་རབས་གོང་མའི་ལོ་རབས30པར་སྐད་བརྡ་སྨྲ་བ་རོ་རིས་ཆུས་ཀྱིས་བོད་ཀྱི་ཡུལ་སྐད་ཁག་ལྔ་ལ་བཀར་ཡོད་དེ། ༡ནུབ་ཁུལ་གྱི་ཡུལ་སྐད།(སྦལ་ཏིའི་སྐད། ཕུ་རིག ལ་དྭགས་སྐད།) ༢དབུས་ཁུལ་གྱི་ཡུལ་སྐད། (དབུས་ཁུལ་གྱི་སྐད།) ༣ལྷོ་ཁུལ་གྱི་ཡུལ་སྐད།(ཐོ་མོ་དང་ཚམ་པེ། ཧི་མ་ལ་ཡའི་ཡུལ་སྐད་ཁག) ༤ཤར་ཁུལ་དང་ཤར་ལྷོའི་ཁུལ་གྱི་ཡུལ་སྐད།(ཁམས་སྐད་དང་ཆབ་མདོ་སྐད། སྡེ་དགེ་སྐད། ཨ་མདོ་སྐད། རྫ་རོང་སྐད། འབའ་ཐང་སྐད། ལི་ཐང་སྐད།) ༥གནའ་བོའི་འབྲོག་ཁུལ་གྱི་ཡུལ་སྐད་(ཨ་མདོའི་སྐད། ཉག་རོང་སྐད། མགོ་ལོག་སྐད། ཧོར་སྐད།)བཅས་སོ། །
    ཡང་ལོ་རབས50བར་ཝུ་རེས༡ནུབ་ཁུལ་གྱི་ཡུལ་སྐད། (སྦལ་ཏིའི་སྐད། ཕུ་རིག མུས།) ༢དབུས་ཁུལ་གྱི་ཡུལ་སྐད།(ལེགས་རོང་། ཁ་ཀ་ཐི། ཤར་པའི་སྐད། དབུས་གཙང་གི་སྐད།) ༣ལྷོ་ཁུལ་གྱི་ཡུལ་སྐད(རྟ་རོང་ཁ། ལོག་གེ) ༤ཤར་ཁུལ་གྱི་ཡུལ་སྐད(ཙོ་ཀུའུ། ཏ་ཅེན་ལུའུ། ཨན་ཧྲོན་ཀྭན།)བཅས་ཡུལ་སྐད་ཁག་བཞི་ལ་བགོས་ཤིང་། ལོ་རབས60པར་སླར་ཡང་ཁོང་གིས་ཡུལ་སྐད་ཁག་ལྔ་རུ་བགོས་ཡོད་དེ། ༡གནའ་བོའི་ནུབ་ཁུལ་གྱི་ཡུལ་སྐད། ༢བར་བརྒལ་ནུབ་ཁུལ་གྱི་ཡུལ་སྐད།(ལ་དྭགས་སྐད། མུས།) ༣དབུས་ཁུལ་གྱི་ཡུལ་སྐད།(ལ་ཧོའུ་ཨར། ཀ་ཡ་ཐུ། དབུས་གཙང་སྐད། ཏན་ཡུན་ཁ། ལོག་གེ) ༤ཤར་ལྷོའི་ཁུལ་གྱི་ཡུལ་སྐད། (ཙོ་ཀུའུ། ཏ་ཅེན་ལུའུ། སྡེ་དགེའི་སྐད།) ༥ བྱང་ཤར་ཁུལ་གྱི་ཡུལ་སྐད(ཨན་ཧྲོན་ཀྭན། ཁམས། རེབ་གོང་། མཚོ་སྔོན་སྐད།)བཅས་སུ་འདོད། དེ་ནས་ལོ་རབས60-80བར་ཤ་ཧྥེར་གྱིས་ཡུལ་སྐད་ཁག་བཞི་རུ་བགོས་ཡོད་དེ། ༡ནུབ་ཁུལ་གྱི་ཡུལ་སྐད།(སྦལ་ཏིའི་སྐད། ཕུ་རིག ལ་དྭགས་སྐད། ལ་ཧོའུ་ཨར།)༢དབུས་ཁུལ་གྱི་ཡུལ་སྐད། (ལྷོ་ཁ། ཤར་པའི་སྐད། ཁ་ཀ་ཐི། དཀར་དཔལ། སི་པེ་ཐེ། ཉེ་ཡམ། འབྲང་སྟོད། དགེ་བཟང་། དབུས་ཏེ་ལྷ་སའི་སྐད། འབྲས་ལྗོངས། འབའ་ཐང་། ཅོ་ནེ། རྩེ་ཁོག ཏ་ཅེན་ལུའུ། ཨན་ཧྲོན་ཀྭན། སོ་ཐར་ཚེ་སྤོ། ཕོ་རོང་། སྡེ་ལུང་། བྲག་ནག་ཁ། བྲག་ནག་གད་སེར། ཉག་རོང་། ཨ་མདོ། ཁམས།) ༣ལྷོ་ཁུལ་གྱི་ཡུལ་སྐད།(གྲོ་མོ། འབྲས་ལྗོངས། རྟ་རོང་ཁ།) ༤ཤར་ཁུལ་གྱི་ཡུལ་སྐད་(སྟག་ཕུ་སྐད)དོ། །
    ཡང་ལོ་རབས60པར་སྨི་ལེར་གྱིས་ཡུལ་སྐད་ཁག་གཉིས་སུ་བགོས་ཡོད་དེ་དབུས་ཁུལ་དང་ནུབ་ཁུལ་ཡུལ་སྐད་དོ། ། དེ་ནས་ལོ་རབས་70བར་ཉི་ཞི་རྡ་ཐ་ཚུ་ཨོ(Nishta Tatsuo)ཡིས་ཡུལ་སྐད་ཁག་ལྔ་རུ་བགོས་ཡོད་དེ། ༡དབུས་ཁུལ་གྱི་ཡུལ་སྐད།(དབུས་དང་། ལྷ་ས། གཙང་། གཞིས་ཀ་རྩེའི་སྐད།) ༢ནུབ་ཁུལ་གྱི་ཡུལ་སྐད།(ཕུ་རིག ལ་ཧོའུ་ཨར། ལ་དྭགས་ཀྱི་སྐད།) ༣ལྷོ་ཁུལ་གྱི་ཡུལ་སྐད།(སི་པེ་ཐེ། ཁ་ཀ་ཐི། ཤར་པའི་སྐད། ཉེ་ཡམ། གྲོ་མོ། ལོག་གེ) ༤ཤར་ལྷོའི་ཁུལ་གྱི་ཡུལ་སྐད(ཆབ་མདོ། སྡེ་དགེ། འབའ་ཐང་། ཚལ་རོང་། ནག་ཆུ་ཁ། མི་ཉག ལི་ཐང་། རྟའུ། ཅོ་ནེ། བདེ་ཆེན། ཡུལ་ཤུལ་བཅས་ཀྱི་ཡུལ་སྐད།) ༥བྱང་ཤར་ཁུལ་གྱི་ཡུལ་སྐད(བླ་བྲང་དང་། མགོ་ལོག རེབ་གོང་། ཨ་རིག ཟི་ལིང་། སྐུ་འབུམ་བཅས་ཀྱི་ཡུལ་སྐད)དུ་འདོད།
    དེ་ནས་ལོ་རབས80བར་ཨ་རི་ནས་པར་དུ་བསྐྲུན་པའི་《པུ་རེ་ཏེན་ཀུན་འདུས་ཚིག་མཛོད་ཆེན་མོ》ནང་དུའང་ཡུལ་སྐད་ཁག་བཞི་རུ་དགར་ཡོད་དེ། ༡དབུས་ཁུལ་གྱི་ཡུལ་སྐད།(ལྷ་སའི་སྐད། ཁམས་སྐད། ཁ་ཀ་ཐི། ཉེ་ཡམ།) ༢ལྷོ་ཁུལ་གྱི་ཡུལ་སྐད།(སི་པེ་ཐི། ཤར་པའི་སྐད། འབྲས་ལྗོངས། ལོག་གེ) ༣བྱང་ཁུལ་གྱི་ཡུལ་སྐད།(ཨ་མདོའི་སྐད། ཅོ་ནེའི་སྐད།) ༤ནུབ་ཁུལ་གྱི་ཡུལ་སྐད(སྦལ་ཏིའི་སྐད། ཕུ་རིག ལ་དྭགས་སྐད། སྡེ་དགེའི་སྐད། ཀུའུ་རོང་། རྒྱལ་རོང་སྐད།)བཅས་སོ། ཡང་ལོ་རབས་དེའི་ནང་ལིས་ཧྥང་ཀོས(ྈྑ》ཥྀ)ཀྱིས་༡.ནུབ་ཁུལ་གྱི་ཡུལ་སྐད།(སྦལ་ཏིའི་སྐད།) ༢དབུས་ཁུལ་གྱི་ཡུལ་སྐད།(ལྷ་སའི་སྐད) ༣ཤར་ཁུལ་གྱི་ཡུལ་སྐད་(ཁམས་སྐད)བཅས་ཡུལ་སྐད་ཁག་གསུམ་དུ་དགར⑤བ་སོགས་དབྱེ་བ་མང་པོ་བྱུང་མོད། འོན་ཀྱང་དེ་རྣམས་ལ་རྒྱུ་ཆ་ཁ་ཐོར་ཡིན་པ་དང་འབྲེལ་ཡོད་གསུང་རྩོམ་དག་ལས་འཚོལ་བསྡུ་བྱས་ཡོང་བ། ལ་ཤས་ད་དུང་མ་ལག་ཅིག་ཏུ་གྲུབ་མེད་པ་དང་། འགའ་ཞིག་ཐ་ན་ས་མིང་ཡང་ནོར་སྐྱོན་བྱུང་བ་སོགས་འགལ་ཟླའི་ནོར་འཁྲུལ་མང་པོ་ཡོད་པ་རེད།
    དེ་བས་ལོ་རབས70བར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཞིབ་འཇུག་ལྟེ་གནས་གྲངས་ཉུང་མི་རིགས་སྐད་བརྡ་ཞིབ་འཇུག་ཁང་བོད་སྐད་ཚོ་ཆུང་གིས་བོད་སྐད་དེ་མདོ་དབུས་ཁམས་གསུམ་ལྟར་ཡུལ་སྐད་ཆེན་པོ་གསུམ་དུ་བགོས་ཡོད་ཅིང་། དེའི་རྗེས་ལོ་རབས90བར་ཆུ་ཨེ་ཐང(བྔྷཾཔྣོཤྲཱུ)སོགས་ཀྱིས་ཀྱང་ཡུལ་སྐད་དབྱེ་སྟངས་ཀྱི་ལྟ་བ་དེའི་སྟེང་ལུང་སྐད་དག་གི་དབྱེ་ཚུལ་མང་དུ་བཏོན་ཡོད་པ་དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཡུལ་སྐད་དགར་སྟངས་དང་མཐུན་པ་རེད། དེ་བས་གོང་དུ་བརྗོད་པ་ལྟར་དེང་རབས་སྐད་བརྡ་སྨྲ་བ་མི་ཉུང་བ་ཞིག་གིས་ཆོལ་གསུམ་བོད་མིའི་སྐད་བརྡ་ལ་དབྱེ་ཞིབ་མང་དུ་མཛད་ལ། སྒོས་སུ་རྒྱལ་ནང་གི་སྐད་བརྡ་མཁས་ཅན་སྐུ་ཞབས་ཆུ་ཨེ་ཐང་དང་། ཏའེ་ཆིན་ཞ(སྨངིཾཕྲཻ)དང་། བོའུ་ཨན་ཆི(ཁྱཾཚཛྲཱྀཾ)། ཧུ་ཐན(ཊཱིཐྲཱུ)། སྐལ་བཟང་འགྱུར་མེད། ཅང་ཏི(ཊྲྀལླཻ)སོགས་ཀྱིས་རིམ་པར་ཡུལ་སྐད་དབྱེ་སྟངས་ལ་མི་མཐུན་པའི་ལྟ་བ་མང་དུ་བཏོན་པ་ནི་བོད་ཀྱི་ཡུལ་སྐད་ཞིབ་འཇུག་ལ་མཁོ་བའི་རྒྱུ་ཆ་འགངས་ཆེན་ཡིན་པ་བསྙོན་དུ་མེད། དེ་བས་ཁོ་བོས་ཀྱང་འདིར་དེ་དག་གི་ལྟ་བ་དང་སྲོལ་རྒྱུན་གྱི་དབྱེ་སྟངས་སོགས་ལ་གཞི་རྐང་བཙུགས་ཏེ། རྒྱལ་ནང་དུ་བོད་ཀྱི་ཡུལ་སྐད་དེ་བལྟོས་བཅོས་ཀྱིས་བོད་ལྗོངས་ལྷ་ས་དབུས་ཁུལ་དུ་བཟུང་སྟེ་བརྗོད་ན་དབུས་རྒྱུད་ཀྱི་ཡུལ་སྐད་དེ་དབུས་གཙང་སྐད་དང་། ལྷོ་ཤར་ཁུལ་གྱི་ཡུལ་སྐད་དེ་ཁམས་སྐད། བྱང་ཤར་ཁུལ་གྱི་ཡུལ་སྐད་དེ་ཨ་མདོའི་སྐད་ཅེས་ཡུལ་སྐད་ཆེན་པོ་གསུམ་དུ་དགར་ཆོག་པར་འདོད་དེ།(རིས་དབྱིབས་ཀྱིས་མཚོན་ན་དཔེ་རིས1-1ལྟར་མཚོན་ཆོག)
    ད་ལྟ་རྒྱལ་ནང་དུ་ཡོད་པའི་བོད་རིགས་ཀྱི་སྤྱིའི་མི་གྲངས་དང་ཡུལ་སྐད་དེ་དག་སྤྱོད་པའི་མི་གྲངས་ཀྱི་བསྡུར་ཚད་ལ་བལྟས་ན་ཁམས་སྐད་སྤྱོད་མཁན་གྱི་མི་གྲངས་ཆེས་མང་བ་ཡིན་ཏེ"བོད་རིགས་སྤྱིའི་མི་གྲངས་ཁྲི380(1986ལོ)ཡོད་ལ། ཁྲི340ཡས་མས་ཀྱིས་བོད་སྐད་སྤྱོད་ཅིང་། དེ་དག་གཙོ་བོ་བོད་རང་སྐྱོང་ལྗོངས་དུ་ཕལ་ཆེར་ཁྲི170དང་། དེའི་འཕྲོར་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་སོ་སོར་ཁྲི70རེ། ཀན་སུའུ་ཞིང་ཆེན་དུ་ཕལ་ཆེར་ཁྲི25དང་། ཡུན་ནན་ཞིང་ཆེན་དུ་ཕལ་ཆེར་ཁྲི1བཅས་སུ་ཁྱབ་ཡོད། དེའི་ནང་ཁམས་སྐད་སྤྱོད་མཁན་ཆེས་མང་པོ་ཡོད་དེ་ཧ་ལམ་ཁྲི150ཡོད། དེའི་འཕྲོར་དབུས་གཙང་སྐད་མི་ཁྲི100ཙམ་གྱིས་སྤྱོད། ཐ་མ་ཨ་མདོའི་སྐད་མི་ཁྲི80ཙམ་གྱིས་སྤྱོད"⑥པ་ལྟར་རོ། ། དེས་ན་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་བར་དུ་དབྱེ་མཚམས་ཇི་ལྟར་བྱུང་ཞེ་ན། དེ་ནི་གོང་དུ་བརྗོད་ཟིན་པ་ལྟར་ཕན་ཚུན་གཉེན་ཚན་ཡུལ་སྐད་ཡིན་པས་སྐད་བརྡའི་ཚོགས་གསུམ་གའི་སྟེང་ཐུན་མོང་གི་མཚུངས་ཆོས་མང་པོ་ཡོད་དེ་བརྡ་སྤྲོད་ཀྱི་ལུགས་གཅིག་མཚུངས་དང་མིང་བརྡའི་བཀོལ་སྤྱོད་ཕལ་ཆེར་འདྲ་པོ་ཡོད་(ཡིག་སྐད་ལྟར་ཐུན་མོང་གི་མཚུངས་ཆོས་ཡོད)ལ། བར་ཁྱད་ཀྱི་དབྱེ་བའང་ཅུང་ཙམ་ཡོད་དེ་སྒྲ་གདངས་ཀྱི་ལྟོས་གྲུབ་འབྲེལ་བ་དང་བར་ཁྱད་ཀྱི་དབྱེ་བ་སྟེ་གཙོ་བོ་ཡུལ་སྐད་ཕན་ཚུན་བར་ལ་སྒྲ་ལྡན་གསལ་བྱེད་དང་གསལ་བྱེད་བརྩེགས་མའི་མིང་གཞི་ཡོད་མེད་དང་། དབྱངས་རྐྱང་བའི་དབྱངས་འཇུག་དང་གསལ་བྱེད་མཐའ་ཅན་གྱི་དབྱངས་མཇུག སྒྲའི་ང་རོའི་དབྱེ་བ་ཡོད་མེད་སོགས་ཀྱི་བར་ཁྱད་ཡོད(ཁ་སྐད་ལྟར་བར་ཁྱད་ཀྱི་དབྱེ་མཚམས་ཡོད)པས་ཡིན། སྒྲ་གདངས་ཀྱི་ཐད་འདི་ནས་ཡུལ་སྐད་ཕན་ཚུན་བར་ལ་དབྱེ་མཚམས་གསལ་བོ་ཡོད་པའང་གཙོ་བོ་བརྩེགས་འདོགས་འཕུལ་རྟེན་སོགས་ཀྱི་སྒྲ་ཟུར་ཉམས་མིན་གྱི་ཐད(སྒྲ་ལྡན་གསལ་བྱེད་དང་གསལ་བྱེད་འདུས་མའི་མིང་གཞི་ཡོད་མེད། དབྱངས་རྐྱང་བའི་དབྱངས་འཇུག་དང་གསལ་བྱེད་མཐའ་ཅན་གྱི་དབྱངས་མཇུག་ཡོད་མེད)ནས་སྒྲའི་ང་རོའི་དབྱེ་བ་བྱུང་ཡོད་དེ། དབུས་གཙང་སྐད་དང་ཁམས་སྐད་ལྟ་བུ་ལ་དེ་དག་གི་སྒྲ་ཟུར་ཡང་བར་བྱས་པས་སྒྲའི་ང་རོ་འཕར་སྣོན་བྱུང་བ་མ་ཟད། སྒྲའི་ང་རོས་དོན་གྱི་དབྱེ་བ་འབྱེད་ཐུབ་པའི་ནུས་པའང་ལྡན་པར་གྱུར་ཡོད། ཡང་ཨ་མདོའི་ཡུལ་སྐད་ལྟ་བུ་ལ་དེ་དག་གི་སྒྲ་ཟུར་སྔར་བཞིན་སྲུང་འཛིན་བྱས་ཡོད་རྐྱེན་སྒྲའི་ང་རོ་འཕར་སྣོན་བྱུང་ཐུབ་མེད་ལ། དོན་གྱི་དབྱེ་འབྱེད་ཀྱང་བརྩེགས་འདོགས་འཕུལ་རྟེན་སྒྲ་ཟུར་གྱིས་ཕྱེས་དགོས་སོ། ། དེ་བས་བོད་ཀྱི་ཡུལ་སྐད་སོ་སོར་བར་ཁྱད་ཅུང་ཙམ་ཡོད་ཅིང་བརྡ་འཕྲོད་ཚད་མི་འདྲ་ནའང་དེ་དག་ནི་གནའ་བོའི་གཅིག་གྱུར་གྱི་བོད་བཙན་པོའི་དུས་སྐབས་ཀྱི་སྐད་བརྡའི་ཡན་ལག་སོ་སོ་ཡིན་པ་ཡུལ་སྐད་སོ་སོའི་ཁྲོད་ཀྱི་མིང་ཁུངས་གཅིག་པའི་ཐ་སྙད་ཀྱི་བསྡུར་ཚད་ཀྱིས་ཀྱང་ཤེས་ཐུབ་སྟེ"ཡུལ་སྐད་གསུམ་པོའི་མིང་བརྡའི་བར་ཁྱད་བསྡོམས་ཏེ་བཤད་ན། དབུས་གཙང་དང་། ཁམས། ཨ་མདོའི་ཡུལ་སྐད་བཅས་ཀྱི་མིང་བརྡའི་ནང་མིང་ཁུངས་མི་གཅིག་པ་ཧ་ལམ་30%ཡས་མས་ཡོད་ལ་དབུས་གཙང་དང་ཁམས་ཀྱི་ཡུལ་སྐད་བར་མིང་ཁུངས་མི་གཅིག་པ་ཧ་ལམ20%ཡོད།"⑦ཅེས་པར་གཞིགས་ན། བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་པོའི་མིང་བརྡའི་བར་མིང་ཁུངས་གཅིག་པ70%ཡན་ཟིན་པ་ཤེས་ཐུབ་ལ། དེའང་སྐུ་ཞབས་སུང་ཧོང་ཁད(ཕྲཱནཱིམྦ)ཀྱིས"རྒྱུན་སྤྱོད་ཐ་སྙད1000ནས1500བསྡུར་བ་ལས་མིང་ཁུངས་གཅིག་པ50%ཡན་ཟིན་ན་སྐད་བརྡ་གཅིག་ལ་གཏོགས་པའི་ཡུལ་སྐད་ཡིན"⑧ཞེས་པའི་ལྟ་བའི་བརྟེན་གཞི་གལ་ཆེན་ཞིག་ཡིན་པ་ཤེས་སླའོ། །
    མདོར་ན་བོད་ཀྱི་ཡུལ་སྐད་ཞིབ་འཇུག་གི་ཐད་ལ་སྐད་བརྡ་སྨྲ་བ་ཚོས་ཡུལ་སྐད་རིག་པའི་གཞུང་ལུགས་དང་ཞིབ་འཇུག་གི་རྒྱུ་ཆ་འདྲ་མིན་ཟུང་འབྲེལ་སྒོས་ཡུལ་སྐད་ཀྱི་དབྱེ་སྟངས་ལ་རིགས་དབྱེ་གཉིས་དང་། གསུམ། བཞི། ལྔ། དྲུག་སོགས་མི་མཐུན་པའི་ལྟ་ཚུལ་གང་མང་བཏོན་ཡོད་མོད། འོན་ཀྱང་བོད་རང་གི་སྲོལ་རྒྱུན་གྱི་ཡུལ་སྐད་དབྱེ་སྟངས་དང་སྤྱི་ཚོགས་ཚན་རིག་གླིང་གི་ཡུལ་སྐད་དབྱེ་སྟངས་སོགས་ལ་གཞི་བཅོལ་བྱས་ཏེ་ཁོ་བོས་ཀྱང་འདིར་མདོ་དབུས་ཁམས་གསུམ་ལྟར་ཡུལ་སྐད་ཆེན་པོ་གསུམ་དུ་ཁས་འཆེས་པ་ལའང་ནོངས་ཆ་ཆེར་མ་མཆིས་པར་སྙམ་ལ། གཞན་པའི་ཡུལ་སྐད་རྣམས་ནི་འདི་དག་ལས་འཕྲོས་པའི་བོད་སྐད་ཀྱི་ཡན་ལག་གམ་འགྱུར་གཟུགས་དང་། ཡང་ན་གཉེན་ཚན་གྱི་ཡུལ་སྐད་ཡིན་པར་འདོད་དོ།། གཞན་ཡང་སྐད་རྒྱུད་ལ་སྐད་ཚོགས་དང་། སྐད་ཚོགས་ལ་སྐད་སྡེ། སྐད་སྡེ་ལའང་སྐད་བརྡ་ཞེས་སྤྱི་དང་བྱེ་བྲག་གི་དབྱེ་བ་མང་དུ་དགར་ཆོག་པ་བཞིན་རང་རེའི་བོད་སྐད་ནི་དེང་རབས་ཡུལ་སྐད་རིག་པའི་ལྟ་ཚུལ་ལྟར་ན་བོད་འབར་སྐད་ཚོགས་ཀྱི་བོད་སྐད་སྡེར་གཏོགས་པར་འདོད་ལ། ཁྱབ་ཡུལ་ལྟར་ན་ཧི་མ་ལ་ཡའི་ཉེ་འགྲམ་གྱི་ཡུལ་གྲུ་མང་པོར་ཁྱབ་ཡོད་དེ་ད་ལྟའི་རྒྱལ་ནང་གི་ཞིང་ལྗོངས་ལྔ་ལ་ཁེབས་པའི་ཆོལ་གསུམ་བོད་ཁམས་ཀྱི་ཡུལ་གྲུ་ཡོངས་དང་། གཞན་འབྲུག་ཡུལ་དང་། འབྲས་ལྗོངས། བལ་བོ། རྒྱ་གར། ཕ་ཀི་སི་ཐན། འབར་མ་སོགས་རྒྱལ་ཁབ་ཁག་མང་པོར་ཁྱབ་ཡོད་པར་འདོད་པ་སོགས་ནི་རྒྱལ་ནང་གི་ཡུལ་སྐད་ཁྱབ་ཕྱོགས་ལས་བརྒལ་བའི་བོད་ཀྱི་ཡུལ་སྐད་གྱེས་གཟུགས་ཡིན་པའང་ཤེས་དགོས་པའི་གནད་དམ་པ་ཡིན་ནོ། །